༧གོང་ས་ཏཱ་ལའི་བླ་མར་གུས་བརྩི་ཡོད།

ཁ་སང་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི་མཆོག་གིས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་མེད་པར་བློ་ཕམ་ཡོད་ཅེས་གསུངས་འདུག

ཟླ་འདིའི་ཚེས་ ༡༢ ནས་ ༡༤ བར་ཨི་ཊ་ལིའི་རྒྱལ་ས་རོམ་དུ། འཛམ་གླིང་གི་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་ལྷན་ཚོགས་ཐེངས་ ༡༤ པ་དེ་ཚོགས་ཡོད་པ་དང་དེར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་མཉམ་ཞུགས་གནང་སྟེ། ཡུན་གནས་ཐུབ་པའི་འགྲོ་བ་མིའི་འཕེལ་རྒྱས་ལ་མཁོ་བའི་དོན་དམ་གྱི་ཞི་བདེ་དང་། སའི་གོ་ལ་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྩོད་རྙོག་སེལ་རྒྱུ་དང་དམག་འཁྲུག་སྔོན་འགོག་བྱས་ཏེ་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུ། ཨ་ཧྥི་རི་ཀའི་དམག་འཁྲུག་གཙོས་རྒྱལ་སྤྱིའི་ཐོགཡུན་རིང་གནས་པའི་དམག་འཁྲུག་ཁག་གི་དཀའ་ངལ་སེལ་ཐབས་བཅས་ཀྱི་བརྗོད་གཞི་ཁག་གསུམ་གྱི་ཐོག་གསུང་བཤད་གནང་ཡོད་འདུག

ལྷན་ཚོགས་མ་ཚུགས་སྔོན་ལ་༧གོང་ས་མཆོག་ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི་ (Pope Francis) མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་ཡོད་པ་ཡེ་ཤུ་བླན་ཆེན་མཆོག་གི་གདན་ས་ཝུ་ཌེ་ཁཱན་གཞུང་ལ་ཞུས་པར། བླ་ཆེན་པོབ་མཆོག་གིས་རྒྱ་ནག་གཞུང་ལ་དོ་ཕོག་མི་འགྲོ་བའི་ཆེད་༧གོང་ས་མཆོག་དང་མཇལ་འཕྲད་གནང་མེད་སྟབས། ཁ་སང་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོག་གིས་བླ་ཆེན་པོབ་མཆོག་གི་གནང་སྟངས་དེ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན་སྟབས། ཁོང་གིས་ཐག་གཅོད་དེར་བསྐྱར་དུ་བསམ་གཞིགས་བྱེད་དགོས་སྐོར་བརྗོད་འདུག

ཌ་སེ་མོན་ཀྲུ་ཌོ་མཆོག་གིས།ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་བསྐྲུན་དགོས་པའི་བཀའ་སློབ་ལམ་སྟོན་གནང་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་དང་ཆོས་ལུགསམཐུན་སྒྲིལ་ཐོག་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་ཞིག་ཡིན་སྟབས། ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་རྒྱལ་ཁབ་གཞན་གྱི་གནོན་ཤུགས་འོག་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་ནི་སེམས་སྐྱོ་དགོས་པ་ཞིག་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་གི་འབྲེལ་ལམ་གཉིས་ལས་གང་འདེམས་མིན་ཐག་གིས་གཅོད་དཀའ་བ་ཆགས་ཀྱིན་ཡོད་པའི་སྐབས་ལ། རྒྱ་གཞུང་གིས་དཔལ་འབྱོར་གྱི་བསླུ་བྲིད་འོག་ཚུད་ཀྱི་ཡོད་པ་དེ་དྲང་བདེན་ཁ་ལ་འཁྱེར་ནས་སོ་སོའི་ཁེ་ཕན་བསྒྲུབ་པ་ཞིག་ཆགས་ཡོད།”ཅེས་གསུངས་འདུག

ཐེངས་འདིའི་ཞི་བདེའི་ལྷན་ཚོགས་མཇུག་བསྒྲིལ་བ་དང་བསྟུན་ཏེ་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལྟ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་དམག་ཤུགས་ངོམ་སྟེ། རྒྱལ་སྤྱིའི་ཞི་བདེར་གཏོར་རྒོལ་གཏོང་གི་ཡོད་སྟབས། མ་འོངས་པར་རྒྱལ་སྤྱིའི་སྒྲིག་འཛུགས་དང་རྒྱལ་ཁབ་ཁག་གིས་གཟབ་གཟབ་མ་བྱས་ཚེ། འཛམ་གླིང་གི་གྲང་དམག་བསྐྱར་གསོ་བྱེད་སྲིད་པ་ཞིག་ཡིན་སྟབས། འཛམ་གླིང་རྒྱལ་ཁབ་ཁག་གིས་སྤྱི་འབངས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང་། ད་ལྟ་རྒྱལ་སྤྱིའི་ཐོག་མང་ཚོགས་ཐེར་འབུམ་ ༢ ཙམ་ལ་ཉིན་གཅིག་ལ་ཨ་སྒོར་ ༢ ལས་ཐོབ་ཀྱི་མེད་སྟབས། ཁོ་ཚོའི་དཀའ་ངལ་དག་སེལ་དགོས་པ་མ་ཟད། རྒྱལ་སྤྱིའི་ཐོག་རྡུལ་ཕྲན་མཚོན་ཆ་ ༡༦༠༠༠ ཡོད་པ་དག་ཇེ་ཉུང་དུ་བཏང་ནས་འཛམ་གླིང་འདི་འདྲ་མཉམ་དང་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་ཐུབ་དགོས་པས། ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་དང་ཁེ་ལས་མཁས་ཅན་ཚོས་མཉམ་ལས་བྱས་ནས་འཛམ་གླིང་འདི་དམག་འཁྲུག་མེད་པའི་ཡུལ་གྲུ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་སོགས་བཀོད་འདུག

ཐེངས་འདིར་ཡེ་ཤུ་བླ་ཆེན་༧གོང་ས་མཆོག་ལ་ཐུག་འཕྲད་མ་གནང་བའི་ཐད། ཝུ་ཌེ་ཁཱན་གཞུང་གི་མགྲིན་ཚབ་པས་བླ་ཆེན་པོབ་མཆོག་རྒྱུ་རྐྱེན་དང་ཛ་དྲག་གནས་སྟངས་མང་པོ་ཞིག་གི་དབང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཁས་ལེན་བྱས་མེད་ཀྱང་། ཁོང་གིས་༧གོང་ས་མཆོག་ལ་ཆེ་མཐོང་དང་གུས་བརྩི་ཆེན་པོ་གནང་གི་ཡོད་པ་མ་ཟད། ད་ཐེངས་ཞི་བདེའི་ལྷན་ཚོགས་ཐོག་ཕེབས་པའི་ཞི་བདེའི་དེད་དཔོན་སུ་གང་ལའང་བླ་ཆེན་པོབ་མཆོག་གིས་མཇལ་འཕྲད་གནང་མེད་སྟབས། ཁོང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་ནི་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་ཞེད་ཞིག་མིན་པར་ད་ལྟ་སྡུག་བསྔལ་གྱིས་མནར་བའི་མི་དེ་དག་བསྐྱར་དུ་སྡུག་བསྔལ་ནང་མི་ལྷུང་བའི་ཆེད་དུ་ཐག་གཅོད་དེ་ལྟར་བྱས་པ་ཞིག་ཡིན་ཞེས་སོགས་བརྗོད་འདུག འདིའི་ཐད། དྷ་རམ་ས་ལའི་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ཨེ་མལ་བརྒྱུད་༧གོང་ས་མཆོག་གིས་བླ་ཆེན་པོབ་མཆོག་ལ་མཛད་དཀའ་བཟོ་འདོད་གནང་གི་མི་འདུག་ཅེས་བརྗོད་འདུག

ད་རེབ་ཀྱི་ཞི་བདེའི་ལྷན་ཚོགས་འདི་ཐོག་མ། ལྷོ་ཨ་ཧྥི་རི་ཀའི་ཞི་བདེའི་དེད་དཔོན་ཞིང་གཤེགས་དམ་པ་ནེལ་སན་མན་ཌ་ལར་རྗེས་དྲན་དང་བསྟུན་ཏེ། ནེལ་སན་མན་ཌ་ལཱ་དང་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོགབཅས་ཀྱི་ཐེབས་རྩ་ཁང་གི་གོ་སྒྲིག་འོག ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་དུ། ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ དང་ ༡༤ ཉིན་བར་ཚོགས་གཏན་འཁེལ་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་སྟབས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་ཕྱིར་འཐེན་བྱས་སྟབས་ལྷན་ཚོགས་དེ་ཡང་ཕྱི་འགྱངས་བྱེད་དགོས་བྱུང་ཡོད། སྐབས་དེར་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།ད་རེབ་ལྷོ་ཨ་ཧྥི་རི་ཀའི་གླིང་ཆེན་ནང་ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད་ཞི་བདེའི་ལྷན་ཚོགས་ཐོག་མ་ཆགས་ཡོད་ཀྱང་། རང་གཞུང་གིས་ཚོང་གི་ཁེ་ཕན་ཆེད་ཁོང་གི་མཆེད་གྲོགས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནི། ནེལ་སན་མན་ཌ་ལཱ་མཆོག་ལ་འགྲམ་ལྕག་ཞུས་པ་དང་གཅིག་མཚུངས་ཆགས་ཡོད།ཅེས་སོགས་གསུངས་ཡོད། 

དུས་རབས་བདུན་པ་ནས་བཟུང་རྒྱ་ནག་དང་ཨི་ཊ་ལིའི་ཝུ་ཌེ་ཁཱན་བར་འབྲེལ་ལམ་ཡག་པོ་ཡོད་ཀྱང་། ༡༩༥༡ ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དང་ཝུ་ཅེ་ཁཱན་བར་གྱི་འབྲེལ་ལམ་མེད་པ་བཟོས་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་རིག་གནས་གསར་བརྗེའི་ཡོ་ལང་མཇུག་མ་སྒྲིལ་བར་ཡུལ་ལུང་གཉིས་བར་འབྲེལ་ལམ་མེད་པ་ཆགས་ཡོད་ཀྱང་། ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་གཉིས་པ་ (John Paul II) མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་ལམ་བཙུགས་རྗེས། བླ་ཆེན་པོབ་རིམ་བྱོན་གྱིས་རྒྱ་ནག་གཞུང་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབསལ་འབད་བརྩོན་བྱས་ཡོད་པ་མ་ཟད། ད་ལྟའི་བླ་ཆེན་པོབ་མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་ཆེད་ ༢༠༡༣ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ལ་བསྐོ་བཞག་བྱུང་སྐབས། ཐུགས་གསོའི་འཚམས་འཕྲིན་བསྐུར་ཡོད་པ་དང་། ཞི་ཅིན་ཕིན་ངོས་ནས་ཀྱང་པོབ་མཆོག་ཡེ་ཤུའི་དབུ་བླར་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས་ཡོད། འདི་ལོའི་ཟླ་ ༨ ནང་བླ་ཆེན་པོབ་མཆོག་ལྷོ་ཀོ་རི་ཡར་བསྐྱོད་སྐབས། ཁོང་གིས་དྲ་ཐོག་བརྒྱུད་རྒྱ་ནག་གི་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་བ་ས་ཡ་ ༡༠༠ ལྷག་ལ་འཚམས་འདྲི་ཞུས་ཡོད།

སྲིད་དོན་དབྱེ་ཞིབ་པ་ཚོས་ད་རེབ་པོབ་ཧྥན་སི་སི་མཆོག་གིས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་མ་གནང་བ་དེ། མ་འོངས་པར་རྒྱ་ནག་ནང་གི་ཡེ་ཤུ་བླ་ཆེན་བསྐོ་བཞག་ཐོག་ཝུ་ཌེ་ཁཱན་དང་བླ་ཆེན་པོབ་ཀྱིས་ཐེ་ཇུས་བྱེད་པའི་དབང་ཆ་ཐོབ་ཆེད་ཡིན་ཚུལ་དང་། ཡེ་ཤུའི་བླ་ཆེན་པོབ་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བ་བཟང་ཏུ་བཏང་སྟེ༢༠༣༠ ལོའི་ནང་ཚུད་དུ་རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་མཁན་ས་ཡ་ ༢༤༧ ལྷག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ཚུལ་སོགས་བརྗོད་འདུག

ལོ་རྗེས་མའི་ཞི་བདེའི་ལྷན་ཚོགས་དེ་ཨ་རིའི་ཇོར་ཇེ་ཡའི་མངའ་སྡེའི་རྒྱལ་ས་ཨ་ལཱ་སེ་ཁཱ་ནང་འཚོགས་རྒྱུའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

བསྐྱར་བཅོས།: ༢༠༡༥/༡༢/༢༨

Leave a Reply