༧གོང་ས་མཆོག་གི་ཆབ་སྲིད་མཛད་བཟང་ལ་ཆེ་བསྟོད་ཀྱི་གཟེངས་རྟཊ་འབུལ་རྒྱུ་རེད།

རྒྱ་གར་གྱི་མཁས་དབང་དམ་པ་ཨེམ་ཨལ་སོན་ཌི་མཆོག་གི་ཕྱི་ལོ་ ༢༠༡༦ ལོའི་རྗེས་དྲན་གཟེངས་རྟགས་(ML Sondhi Prize)༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ཁུལ་དེར་ཉིན་གྲངས་ ༣ རིང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་རྒྱ་གར་གྱི་མཁས་དབང་དམ་པ་ཨེམ་ཨལ་སོན་ཌི་རྗེས་དྲན་ཐེབས་རྩ་ཁང་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ལོའི་དམ་པ་ཁོང་གི་རྗེས་དྲན་གྱི་གཟེངས་རྟགས་་(ML Sondhi Prize)༧གོང་ས་མཆོག་ལ་འབུལ་བའི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་བློན་ཆེན་ཟུར་པ་ཨེ་རན་ཤུ་རི་(Arun Shourie)མཆོག་སོགས་ཕེབས་འཆར་ཡོད་འདུག་ལ། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེ་སྙིང་རྗེ་དང་གོ་ལའི་ཡོངས་ཁྱབ་འགན་འཁུར་སྐོར་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་དང་། ཚོགས་ཞུགས་པའི་དྲི་བར་བཀའ་ལན་བཅས་གནང་རྒྱུ་ཡིན་འདུག

མཁས་དབང་དམ་པ་ཨེམ་ཨལ་སོན་ཌི་མཆོག་(Manohar Lal Sondhi)ཕྱི་ལོ་ ༢༠༠༣ ལོར་དགོངས་པ་རྫོགས་ཡོད་པ་དང་། ཁོང་ནི་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་སྐུ་ཚབ་འཐུས་མི་སོགས་གནང་མྱོང་བའི་ཤེས་ཡོན་པ་ཞིག་དང་། རྒྱ་གར་གྱི་ཆབ་སྲིད་ལོ་རྒྱུས་ཁྲོད་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་དམ་པ་ཁོང་ལ་རྗེས་དྲན་དང་ཁོང་གི་བླ་མེད་ཀྱི་མཛད་རྗེས་རྣམས་རྒྱུན་འཛིན་གོང་སྤེལ་གཏོང་སླད། རྒྱལ་སྤྱིའི་ཆབ་སྲིད་ཐད་ནས་འཛམ་གླིང་ཞི་བདེ་དང་རྩོད་རྙོག་ཞི་འཇགས་ཡོང་ཐབས་ལ་མཛད་རྗེས་ཆེན་པོ་འཇོག་མཁན་རྣམས་ལ་ཆེ་བསྟོད་དུ་རྗེས་དྲན་གཟེངས་རྟགས་དེ་འབུལ་གྱི་ཡོད་འདུག

དམ་པ་ཁོང་ནི་ཡུན་རིང་ནས་བོད་དོན་ལ་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་ཞིང་། དེ་སྔོན་ཁོང་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་རྩོམ་ཡིག་མང་པོ་བྲིས་གནང་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་འཛམ་གླིང་སྤྱི་ཡོངས་ཀྱི་དཀའ་གནད་ཅིག་ཏུ་ངོས་འཛིན་དང་། དེ་བཞིན་བོད་ནི་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་གལ་གནད་དང་པོ་དེ་ཆགས་ཡོད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༦

Leave a Reply

One thought on “༧གོང་ས་མཆོག་གི་ཆབ་སྲིད་མཛད་བཟང་ལ་ཆེ་བསྟོད་ཀྱི་གཟེངས་རྟཊ་འབུལ་རྒྱུ་རེད།