༸གོང་ས་མཆོག་གིས་དོན་གནས་ ༡༥ ཐོག་བཀའ་གནང་འདུག

༸གོང་ས་མཆོག་གིས་མོན་རྟ་དབང་དུ་གསར་འགོད་ལྷན་ཚོགས་བསྐྱངས་པའི་སྟེང་རྒྱལ་སྤྱིའི་འབྲེལ་ལམ་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་ཁོང་གི་མ་འོངས་པའི་ཡང་སྲིད་སྐོར་སོགས་གསུངས་ཡོད་འདུག

དེ་རིང་རྒྱ་གར་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལོ་ངོ་བཅུ་གྲངས་རྗེས་ལ་ཨ་རུ་ནཱ་ཅལ་མོན་རྟ་དབང་དུ་སླར་ཡང་གཟིགས་སྐོར་གནང་ཡོད་པ་དང་། མོན་རྟ་དབང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་ཉེ་པོ་གནང་ཡུལ་ཞིག་ཡིན་ཞིང་། ཁོང་ཐོག་མ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་སྐབས་རྟ་དབང་བརྒྱུད་དེ་ཕེབས་ཡོད་པ། དེ་བཞིན། ༸གོང་ས་མཆོག་ས་གང་དུ་ཕེབས་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཐེངས་འདིར་༸གོང་ས་མཆོག་རྟ་དབང་ལ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་མ་ཐག་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཚུལ་སོགས་བཀོད་འདུག

དེ་རིང་༸གོང་ས་མཆོག་གིས་རྟ་དབང་དུ་གསར་འགོད་ལྷན་ཚོགས་བསྐྱངས་པའི་ཐོག རྒྱལ་སྤྱིའི་འབྲེལ་ལམ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན། ཁོང་གི་མ་འོངས་པའི་ཡང་སྲིད་སོགས་ཀྱི་ཐོག་བཀའ་གནང་ཡོད་འདུག༸གོང་ས་མཆོག་གིས་རྒྱ་གར་སྲིད་བློན་མཱོ་དྷི་མཆོག་གིས་ཞིང་པའི་འཚོ་བ་ཡར་རྒྱས་ཡོང་ཐུབ་ཐོག་ཐུགས་འཁུར་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་། གསར་འགོད་པ་ཞིག་གིས་མ་འོངས་པར་༸རིན་པོ་ཆེ་མཆོག་གི་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་མིན་དྲིས་པའི་ལན་དུ། ཞལ་ཤོབ་དང་སྦྲགས་གལ་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ཕེབས་ན་ཧ་ཅང་ཡིད་དུ་འོང་པ་ཞིག་ཕེབས་ངེས་རེད་ཅེས་གསུངས་ཡོད་འདུག

རྒྱ་གར་གྱི་གསར་འགྱུར་དེའི་ནང་དེ་རིང་༸གོང་ས་མཆོག་གི་གསར་འགོད་ལྷན་ཚོགས་ཐོག་དོན་མཚན་ ༡༥ ཐོག་བཀའ་གནང་ཡོད་པ་འདིར་བསྡུ་སྒྲིག་བྱས་ཡོད།

༡༽  བོད།
“ང་རང་བོད་པ་ཞིག་རེད། འོན་ཀྱང་། ངས་ཆབ་སྲིད་འགན་དབང་ཡོངས་རྫོགས་ཕྱི་ལོ་ ༢༠༡༡ ལོར་མཚམས་འཇོག་བྱས་ཚར་བ་རེད། ངས་འགན་འཁུར་བཞིན་པ་དེ་སྤྱིར་འཛམ་གླིང་དང་། ཡང་སྒོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་ཤུགས་རྒྱག་གི་ཡོད། རྒྱ་ནག་གི་ཚན་རིག་པ་ཚོས་བོད་མཐོ་སྒང་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་རེད་ཟེར་གྱི་ཡོད། དེར་བརྟེན། བོད་ནི་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་ཁོང་ཚོས་ཀྱང་ཤེས་རྟོགས་བྱུང་ཡོད་པ་རེད།”

༢༽  རྒྱ་གར།
“རྒྱ་གར་ནི་ཆོས་ལུགས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཡག་ཤོས་ཤིག་རེད། རྒྱ་གར་ནི་དམངས་གཙོའི་རྒྱལ་ཁབ་ཡིན་པ་དང་མགོ་རྙོག་ཅིག་ཡིན་ཡང་། དེ་ནི་ལོ་ངོ་བརྒྱ་ཕྲག་སོང་ཟིན་པའི་རྒྱལ་ཁབ་ཅིག་ཡིན་ལ། ད་དུང་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད།”

༣༽  རྒྱ་ནག
“རྒྱ་ནག་གིས་རྟག་པར་ང་རྟ་དབང་ལ་ཡོང་དུས་ཆབ་སྲིད་གནད་དོན་ཞིག་བཟོ་བཞིན་ཡོད། རྒྱ་ནག་གི་སློབ་ཕྲུག་ཅིག་གིས་ཁོ་རང་༸གོང་ས་མཆོག་ལ་ལྟ་སྟངས་གྱུར་སོང་ཟེར། རྒྱ་ནག་གཞུང་གིས་རྒྱུན་པར་བདེན་པ་མིན་པའི་གནས་ཚུལ་བསྒྲགས་ཏེ་མི་མང་མགོ་རྨོངས་སུ་འཇུག་གི་འདུག”

༤༽  རྒྱ་གར་དུ་བཙན་བྱོལ།
“ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་དུ་སྒེར་ལངས་བྱུང་ཞིང་། བོད་མི་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པ་རེད། བདུན་ཕྲག་གཅིག་རིང་ངས་ཟིང་འཁྲུག་ཞི་འཇགས་ཡོང་ཐུབ་ལ་འབད་པ་བྱས་པ་ཡིན། ངས་མི་མང་མ་གསོད་རོགས་ཞེས་ཞུས་པ་ཡིན། འོན་ཀྱང་མཐའ་མ་དེར་ང་ཚོ་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བ་རེད། ང་ཚོ་རྒྱ་གར་ས་མཚམས་ནང་མ་འཛུལ་སྔོན་ལ་རྒྱ་གར་དང་འབྲུག་ཡུལ་གཉིས་ལ་ཕོ་ཉ་མངགས་པ་ཡིན། གང་ཡིན་ཟེར་ན། སྐབས་དེར་རྒྱ་གར་གྱིས་ང་ཚོ་ཡོང་བཅུག་གི་ཡོད་མེད་ངེས་པ་མེད། མཐའ་མ་ང་ཚོ་རྟ་དབང་ལ་འབྱོར་བ་རེད།”

༥༽  ད་ཆ་ང་ནི་གུ་རུ་༼སློབ་དཔོན་༽ཡིན།
“ལོ་རྒྱུས་ལྟར་བྱས་ན། རྒྱ་གར་བ་ནི་བོད་པའི་སློབ་དཔོན་དང་བོད་པ་ནི་རྒྱ་གར་བའི་སློབ་ཕྲུག་ཡག་པོ་ཞིག་རེད། རྒྱ་གར་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཕ་ཡུལ་རེད། ང་ཚོ་ཚང་མས་༸ཁོང་གི་བཀའ་སློབ་ལམ་སྟོན་ལ་སློབ་སྦྱོང་བྱས་ཤིང་དེ་རྒྱ་སྐྱེད་བཏང་བ་རེད། དེར་བརྟེན་རྒྱ་གར་དང་བོད་པའི་འབྲེལ་བ་ནི་དམིགས་བསལ་བ་ཞིག་རེད། ད་ཆར་བསྐྱར་དུ་སློབ་དཔོན་སློབ་མར་གྱུར་ཡོད། རྒྱ་གར་ཡུལ་མི་མང་པོ་ཞིག་ངའི་སློབ་མ་རེད།”

༦༽  མོན་རྟ་དབང་ལ་སླར་ཡང་ལོག་ཕེབས་པ།
“ང་ལ་ཚོར་བ་དང་དྲན་པ་གསལ་པོ་ཡོད། ང་ས་འདིར་ཐེངས་ཁ་ཤས་ལ་བསླེབས་སོང་། ང་མི་ལ་ཐུག་འཕྲད་བྱེད་པར་དགའ་པོ་ཡོད། ང་ཨ་སམ་དུ་དམག་མི་བགྲེས་པོ་རྒན་ཡོལ་ཐོན་པ་ཞིག་ལ་འཕྲད་སོང་། ང་ལ་སེམས་ཚོར་ཧ་ཅང་ཆེན་པོ་བྱུང་སོང་། རྒྱ་ནག་གིས་རྟག་པར་ང་དང་འབྲེལ་ཡོད་ཀྱི་གནད་དོན་རྣམས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་སྐྱོན་རྗོད་བྱེད་ཀྱི་འདུག”

༧༽  སླར་བོད་དུ་ལོག་ཕེབས་པ།
“ངའི་བསམ་པར་བོད་མི་བརྒྱ་ཆ་ ༩༠ ལྷག་གིས་ང་རང་བོད་དུ་ལོག་ན་བསམ་གྱི་ཡོད། མང་པོ་ཞིག་གིས་ང་ལ་སྒུག་བསྡད་ཡོད། དེ་བཞིན། རྒྱ་མིའི་ནང་པ་ས་ཡ་མང་པོས་ཀྱང་ང་ལ་སྒུག་བསྡད་ཡོད། རྒྱ་ནག་གཞུང་ངོས་ནས་བརྡ་གསལ་བོ་ཞིག་འབྱོར་བ་ཡིན་ན་ང་རང་བོད་ལ་ལོག་རྒྱུ་ཡིན། རྒྱ་ནག་གཞུང་ནི་ང་ཚོའི་ཁ་གཏད་དུ་ལངས་བསྡད་ཡོད་ཀྱང་། གནས་སྟངས་ཁག་པོ་ཞིག་ཆགས་བསྡད་ཡོད། ངས་བོད་རང་བཙན་རྩོད་ཀྱི་མེད།”

༨༽  ནཱ་རེན་ཌི་ར་མོ་དྷེ།
“ངས་ཁོང་ལའང་བསྔགས་བརྗོད་ཡོད། ཁོང་མི་ཧ་ཅང་ཧུར་པོ་འདུག ཁོང་སྔོན་ཆད་གྷུ་ཇུ་ར་ཊི་སྤྱི་ཁྱབ་བློན་ཆེན་ཡིན་དུས། ང་དེ་གར་ནང་པའི་བགྲོ་གླེང་ཞིག་ལ་ཕྱིན་པ་ཡིན། ཁོང་ང་ལ་ཐུག་འཕྲད་དུ་ཡོང་སྟེ་ངེད་གཉིས་བཀའ་མོལ་གནང་རྒྱུ་བྱུང་། ཁོང་གིས་ཕྱག་ལས་ཧ་ཅང་ཡག་པོ་གནང་གི་འདུག ཁོང་གིས་ཞིང་པ་རྣམས་ཡར་རྒྱས་གཏོང་བར་འབད་བརྩོན་གནང་གི་འདུག”

༩༽ བུད་མེད་ཏཱ་ལའི་བླ་མ།
“མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་བུད་མེད་ཀྱི་རྣམ་པར་ཕེབས་པའི་རེ་བ་ཡོད། འོན་ཀྱང་། བུད་མེད་ཏཱ་ལའི་བླ་མ་དེ་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡོད་ངེས་རེད།”

༡༠༽  ཁོང་གི་ཡང་སྲིད།
“ངའི་ཡང་སྲིད་ག་དུས་ཕེབས་ཀྱི་ཡོད་མེད་སུས་ཀྱང་ཤེས་ཀྱི་མེད། ང་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཤེས་པའི་རྒྱུན་ཞིག་ཡིན་མིན་མི་ཤེས། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཆོག་གི་མ་རེད། དེ་སྙིང་པོ་མེད་པའི་སྐད་ཆ་རེད། ང་ཤི་དུས་སྐབས་དེར་ཡང་སྲིད་གང་དུ་ཡོང་མིན་རྟགས་དང་མཚན་མ་ཁ་ཤས་ཡོང་གི་རེད། ང་ནི་མི་གཅིག་རེད།”

༡༡༽  ཨ་རི།
“ཨ་རི་ནི་རང་བཙན་གཙང་མའི་རྒྱལ་ཁབ་རྣམས་ཀྱི་མགོ་ཁྲིད་རེད། འོན་ཀྱང་། ཨ་རི་དང་པོ་ཡིན་དགོས་ཞེས་པའི་ཆབ་སྲིད་དེ་ལ་ང་མོས་མཐུན་མེད། ཨ་རིས་མགོ་ཁྲིད་ལྟར་བྱེད་དགོས་པ་རེད། ཨ་རི་དང་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་ལམ་ནི་གལ་ཆེན་པོ་རེད། ང་ད་ལྟའི་སྲིད་ཇུས་དེ་དག་ལ་བདེ་པོ་ཚོར་གྱི་མི་འདུག”

༡༢༽  ཆོས་ལུགས་མཐུན་སྒྲིལ།
“མི་ནི་སྤྱི་ཚོགས་ནང་གི་སྤྱིར་བཏང་གི་སེམས་ཅན་ཞིག་རེད། ང་ཚོར་ནང་སེམས་ཀྱི་ཞི་བདེ་དགོས་པ་རེད། མི་ཞིག་གིས་མི་གཞན་བསད་པ་ནི་གསར་འགྱུར་ཞིག་མ་རེད། ང་ཚོས་གསོད་རྒྱུའི་བསམ་པ་དེ་མེད་པ་བཟོ་དགོས་པ་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་དགོངས་དོན་གཅིག་ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་གོང་འཕེལ་གཏང་དགོས་པ་དེ་རེད།”

༡༣༽  བོད་ཀྱི་རིག་གཞུང་།
“བོད་ཀྱི་སྐད་ཡིག་ཁོ་ནས་གནའ་སྔ་མོའི་ནཱ་ལེན་ཊའི་ཆོས་གཞུང་འགྲེལ་བཤད་བྱེད་ཐུབ་ཀྱི་ཡོད། གང་ཡིན་ཟེར་ན། སྐད་ཡིག་གཞན་པའི་ནང་དུ་ནཱ་ལེན་ཊའི་ཆོས་གཞུང་ཆ་ཚང་བ་ཡོད་ས་ཞིག་མེད། ཆོས་སྲོལ་དེའི་སྟེང་དུ་བོད་པས་རྟགས་བསལ་གཏོང་རྒྱུའི་སྲོལ་ཞིག་སྣོན་པ་བརྒྱབ་ཡོད་པ་རེད། ནང་པའི་རིག་གཞུང་དེ་དག་རྒྱུན་གནས་དང་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། རྒྱ་ནག་གི་ནང་པ་ཚོའང་དེ་བཞིན་ཆགས་བསྡད་ཡོད་པ་རེད།“

༡༤༽  རི་སྐྱེས་སྲོག་ཆགས་དང་ཁོར་ཡུག
“ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ནི་བོད་རེད། སེང་གེ་ཁ་འབབ་ནས་རྨ་བྱ་འབབ། རྟ་མཆོག་ཁ་འབབ་ནས་གླང་ཆེན་ཚང་མ་བོད་ནས་འབབ་ཀྱི་ཡོད། ཆུ་བོ་དེ་དག་ལ་མི་གྲངས་ས་ཡ་མང་པོས་འཚོ་བ་བརྟེན་ཡོད་སྟབས། ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་རྣམས་ལ་དམིགས་བསལ་དོ་སྣང་བྱེད་དགོས། བོད་ནང་དུ་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་མ་རེད།”

༡༥༽  དུས་རབས་གསར་པའི་སློབ་སྦྱོང་།
“ངས་དོ་ནན་ཆེན་པོས་གོང་སྤེལ་གཏོང་བཞིན་པ་ནི་མིའི་རིན་ཐང་དང་བྱམས་བརྩེ་ཡིན། སྟབས་མ་ལེགས་པ་ཞིག་ལ་དེང་རབས་ཤེས་ཡོན་དེ་དག་གིས་ཕྱིའི་དངོས་པོ་ཁོ་ནའི་སྐོར་སློབ་ཁྲིད་བྱེད་པ་ལས། མིའི་རིན་ཐང་སྐོར་སློབ་ཁྲིད་བྱེད་ཀྱི་མི་འདུག ང་ཚོས་ཆོས་ལུགས་དང་མ་འབྲེལ་བའམ་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་བའི་བཟང་སྤྱོད་ཅིག་གོང་སྤེལ་གཏོང་དགོས་ཀྱི་འདུག”

བསྐྱར་བཅོས།: ༢༠༡༧/༠༤/༠༩

Leave a Reply

One thought on “༸གོང་ས་མཆོག་གིས་དོན་གནས་ ༡༥ ཐོག་བཀའ་གནང་འདུག

  1. ཐོས་པ་དགའ།

    རྒྱ་ནག་གཞུང་གི་སྡུག་སྐད་ལ་མཚམས་ཆད་རྒྱུ་མེད། ༧གོང་ས་མཆོག་གི་མཛད་འཕྲིན་ནི་ཇེ་རྒྱས་ནས་ཇེ་རྗེས་སུ་འགྲོ་བཞིན་པ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དགའ་སྤྲོས་ཁེངས། ད་རེས་༧གོང་ས་མཆོག་གིས་གསུངས་པའི་གནད་དོན་འདི་ཚོ་ལ་རྒྱ་གཞུང་གི་ཆེས་མཐོའི་མི་སྣ་ཚོས་ཉན་ཤེས་ན་མ་འོངས་པར་བོད་རྒྱ་གཉིས་ལ་བླ་ན་མེད་པའི་ཞི་བདེ་སྤྲིན་ཐུབ་པའི་གསུང་རིན་ཐང་ཅན་རེད། འོན་ཀྱང་རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་ཀླད་པའི་ནང་འབུ་སྡུབ་པ་དང་གཅིག་མཚུངས་རེད།