ཀརྨ་པ་མཆོག་ཁེ་ན་ཌར་ཆིབས་སྒྱུར་བསྐྱང་རྒྱུ་རེད།

སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༣༡ ནས་ཕྱི་ཟླ་ ༦ ཚེས་ ༤ ཉིན་བར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ཁུལ་དུ་ཆིབས་སྒྱུར་མཛད་འཕྲན་བསྐྱང་རྒྱུ་ཡིན་འདུག

མཛད་རིམ་རགས་ཟིན་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༼   སེམས་ཀྱི་དྲན་ཤེས་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀའ་སློབ།  ༽གནང་རྒྱུ།

ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་ཆུ་ཚོད་ ༩།༣༠ ནས་ ༡༢ བར། ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་དུ་༼  ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན། ཉོན་མོང་ལམ་དུ་འཁྱེར་ཚུལ་དང་ཆོས་ལ་བརྟེན་ནས་ཞི་བདེ་ཇི་ལྟར་སྒྲུབ་ཚུལ་སྐོར་གྱི་བགྲོ་གླེང་།  ༽གནང་རྒྱུ།

ཕྱི་ཟླ་ ༦ ཚེས་ ༢ ཉིན་གྱི་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་༼  ནང་པའི་ལྟ་སྤྱོད་དང་འབྲེལ་བའི་གཞི་ལམ་འབྲས་གསུམ་གྱི་གསུང་ཆོས།  ༽གནང་རྒྱུ།

ཕྱི་ཟླ་ ༦ ཚེས་ ༣ ཉིན་གྱི་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤།༣༠ བར་༼  སྒོམ་ལ་བརྟེན་ནས་བདེ་སྐྱིད་སྒྲུབ་ཚུལ་གྱི་གསུང་ཆོས་དང་འཇམ་དཔལ་དབྱངས་ཀྱི་བཀའ་དབང་།  ༽གནང་རྒྱུ།

ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་ཆུ་ཚོད་ ༢ ནས་ ༤།༣༠ བར་གངས་ལྗོངས་ཆོས་ལྡན་གླིང་དུ་༼  སྒྲོལ་དཀར་ཚེ་དབང་དང་དཀའ་སློབ།  ༽གནང་རྒྱུ་བཅས་འཁོད་འདུག

དེ་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པས་མཛད་རིམ་ཞིབ་ཕྲ་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གངས་ལྗོངས་ཆོས་གླིང་གླིང་དུ།དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། སྒྲོལ་དཀར་ཡིད་བཞིན་འཁོར་ལའི་ཚེ་དབང་གནང་རྒྱུ་དང་། ཆུ་ཚོད་ ༡།༣༠ སྟེང་ཉིན་གུང་གསོལ་ཚིགས། ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་ཛམྦྷ་ལའི་བཀའ་དབང་། ཆུ་ཚོད་ ༣།༣༠ སྟེང་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། ཆུ་ཚོད་ ༤།༣༠ སྟེང་མི་མང་ལ་བཀའ་སློབ་གནང་རྒྱུ་བཅས་འཁོད་འདུག དེ་བཞིན། ཆོས་ཞུ་བར་ཕྱག་འཁྱེར་རིན་གོང་སྒོར་ ༧༠ ཡིན་པ་དང་། གཡང་བུམ་གཟིགས་འདོད་ཡོད་རིགས་ལ་བུམ་པ་རེར་སྒོར་ ༡༣༠ ཡིན་པ་བཅས་འཁོད་འདུག

གཞན། དཔའ་རྒྱལ་བ་ཀརྨ་པ་མཆོག་འབྱུང་འགྱུར་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ནས་བཟུང་བདུན་ཕྲུག་གཅིག་རིང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་ཉེ་ལམ་གསལ་བསྒྲགས་སྤེལ་ཡོད་པ་རེད། 

 

བསྐྱར་བཅོས།: ༢༠༡༧/༠༤/༣༠

Leave a Reply

One thought on “ཀརྨ་པ་མཆོག་ཁེ་ན་ཌར་ཆིབས་སྒྱུར་བསྐྱང་རྒྱུ་རེད།