ཀརྨ་པ་མཆོག་དབྱིན་ཡུལ་དུ་ཕེབས་འཆར།

དེ་རིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ནས་བཟུང་བདུན་ཕྲུག་གཅིག་རིང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

ཀརྨ་པ་མཆོག་གི་མཛད་རིམ་རགས་ཟིན་བཀོད་པ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢༠ དང་ཚེས་ ༢༡ ཉིན་གཉིས་རིང་མི་མང་ལ་བཀའ་ཆོས་གནང་རྒྱུ་ཡིན་པ་དང་། ཚེས་ ༢༡ ཉིན་གྱི་ཕྱི་དྲོར་སྦྱན་རས་གཟིགས་ཀྱི་བཀའ་དབང་སྩོལ་རྒྱུ་ཡིན་འདུག ཉིན་དང་པོའི་ས་གནས་(London Hilton Hotel 22 Park Lane London W1K 1BE)ཞེས་པ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༢ ཉིན། བོད་ཀྱི་ཞི་བདེ་ལྡུམ་རྭ་(Tibetan Peace Garden in London)ཞེས་པར་གཟིགས་སྐོར་གནང་རྒྱུ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༣ ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གྲོས་ཚོགས་ནང་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༤ ཉིན། སྔ་དྲོ་ཀམ་བྷི་རེ་ཇི་སློབ་གྲྭ་(Cambridge Veterinary School)ཞེས་པའི་ནང་སེམས་ཅན་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་ཞིག་དང་། ཉིན་རྒྱབ་ཀམ་བྷི་རེ་ཇི་གཙུག་ལག་སློབ་ཆེན་ (Cambridge University)ནང་ཁོར་ཡུག་སྐོར་གྱི་བགྲོ་གླེང་ཞིག་ལ་མཉམ་ཞུགས་གནང་རྒྱུ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༧ ཉིན། ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཆོས་ཚོགས་(BAPS Shri Swaminarayan Mandir in London)ཞེས་པར་གཟིགས་སྐོར་གནང་རྒྱུ་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༢༦ ཉིན། དབྱིན་ཡུལ་ནང་པའི་ཆོས་ཚོགས་(BCC UK, Aldershot)ཞེས་པས་གདན་ཞུ་ལྟར་ཉིན་དེའི་ཕྱི་དྲོར་ཁོང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག མཛད་རིམ་དེ་ད་ལྟ་ད་དུང་གཏན་འཁེལ་ཐུབ་མེད་སྐོར་ཡང་འཁོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༡༢

Leave a Reply