ཀཱཥ་མཱིར་གྱི་ནང་འཁྲུག་ཁྲོད་བོད་པ་ཁ་ཆེ་བ་ཚོར་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

ཀཱཥ་མཱིར་ནང་ཁ་ཆེ་གྱེན་ལོག་པ་ཚོས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་ཏེ་མི་མང་པོར་ཤི་རྨས་དང་། སློབ་གྲྭ་དང་ལས་ཁུངས་ཁག་ཅིག་སྒོ་རྒྱག་དགོས་ཁེལ་བ་སོགས་ལ་བརྟེན། ད་ཆར་རྒྱ་གར་གཞུང་གིས་ས་གནས་དེ་གའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

ཁ་སང་བྷི་བྷི་སི་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་རྒྱ་གར་བྱང་ཤར་ཇ་མུ་ཀཱཥ་མཱིར་ནང་ཟིང་འཁྲུག་ཆེན་པོ་བྱུང་བར་བརྟེན་ཏེ། ཟླ་བ་གཅིག་རིང་སྤྱི་ཚོགས་དྲ་ལམ་ཁག་ཅིག་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག དེའི་ཁོངས་དེང་སྐབས་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་ངོ་དེབ་དང་། ཊུ་ཡི་ཊེར་(Twitter)དང་ཝས་སབ་ཨེབ་(WhatsApp)སོགས་ཀྱི་མིང་ཡང་འཁོད་ཡོད་འདུག ཉིན་ཤས་སྔོན་ཡུ་ཊུབ(Youtube)དང་སི་ཀེབ་(Skype)། ཊི་ལི་གྷ་རཱམ་(Telegram)། ཨཱིས་ནཱེབ་ཅཌ་(Snapchat)། རེ་ཌིཊ་(Reddit)སོགས་སྒོ་བརྒྱབ་ཡོད་འདུག

རྒྱ་གར་གཞུང་གིས་དེའི་སྐོར་ལ་ “གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་སྤྱི་ཚོགས་དྲ་ལམ་ཁག་བེད་སྤྱོད་ལོག་པར་བཏང་སྟེ། ལུང་པའི་བདེ་འཇགས་ཕུང་དཀྲུག་བྱེད་ཀྱིན་ཡོད་སྟབས། གནས་སྐབས་རིང་སྤྱི་ཚོགས་དྲ་ལམ་དེ་དག་བཀག་སྡོམ་བྱ་རྒྱུ་རེད།” ཅེས་བརྗོད་འདུག ཀཱཥ་མཱིར་ནང་རྒྱ་གར་གཞུང་གི་དམག་མི་དང་ཁ་ཆེ་ངོ་རྒོལ་བའི་བར་ཟིང་འཁྲུག་བྱུང་བཞིན་པའི་པར་དང་བརྙན་ཐུང་སྣ་ཚོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་གདལ་ཕྱིན་ཏེ། ཟིང་ཆ་སྔར་ལས་ཆེ་རུ་ཕྱིན་ཡོད་པ་དང་། ད་བར་དོན་རྐྱེན་དེའི་ཁྲོད་ཉུང་མཐར་མི་ ༩ ཡི་སྲོག་ཤོར་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༧ པར་རྒྱ་གར་གྱི་ཉེན་རྟོག་པས་ཀཱཥ་མིར་གྱི་དྲག་སྤྱོད་པ་གྲགས་ཆེན་བྷུར་ཧཱན་ཝ་ནཱི་(Burhan Wani)ཟེར་བ་དེ་བསད་པ་ནས་བཟུང་ཡུལ་དེའི་གཞུང་དམངས་བར་ཟིང་ཆ་བྱུང་ཡོད་པ་དང་། བར་ལམ་ཏོག་ཙམ་ཞི་འཇགས་ཆགས་ཡོད་ཀྱང་། ཉེ་ལམ་ཀཱཥ་མཱིར་གཞུང་ལ་མགོ་ཁྲིད་ཀྱི་ས་མིག་སྟོང་པ་ཞིག་ཡོད་པ་དེ་ཁ་སྐོང་བྱེད་པར་འོས་ལྡུག་རྒྱུར་ཉེ་བ་དང་བསྟུན་ཏེ་རྙོག་གྲའི་མེ་རོ་སླར་ཡང་འབར་མགོ་ཚུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཀཱཥ་མཱིར་གྱི་གྲོང་འཁྱེར་སཱི་རཱི་ཎ་གྷར་(Srinagar)ལ་ངོ་ལོག་ཚོགས་པས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ངོ་རྒོལ་བ་དང་གཞུང་དམག་གཉིས་བར་རྙོག་ཟིང་བྱུང་སྟེ་མི་  ༨ ཚེ་སྲོག་ཤོར་ཡོད་པ་དང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག དེའི་རྗེས་སློབ་མ་བརྒྱ་ཕྲག་གཞུང་ལམ་དུ་ཐོན་ཏེ་རྒྱ་གར་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། ཉེན་རྟོག་པར་རྡོ་ཡང་གཞུས་ཡོད་འདུག

བདུན་ཕྲག་སྔོན་མར་ངོ་རྒོལ་བ་ཚོས་གཞུང་གི་སློབ་གྲྭ་དང་སྐོར་སྲུང་བའི་ལས་ཁུངས་མེར་བསྲེགས་བཏང་ཡོད་པ་དང་། མི་རྒྱུས་མེད་ཁག་ཅིག་གིས་མེ་མདའ་བརྒྱབ་སྟེ་ཆབ་སྲིད་པ་གསུམ་བསད་ཡོད་འདུག རྒྱ་གར་གཞུང་གིས་བརྗོད་པ་ལྟར་ན། ཀཱཥ་མཱིར་ནང་གི་ངོ་ལོག་ཁ་བྲལ་པ་དེ་དག་ལ་པཱ་ཀི་སི་ཋན་གཞུང་གིས་ལྐོག་ཏུ་ངན་སྐུལ་བྱེད་ཀྱིན་ཡོད་ཅེས་རྗོད་ཀྱི་ཡོད་ཀྱང་། པཱ་ཀི་སི་ཋན་གཞུང་གིས་རྒྱ་གར་གཞུང་གི་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད།

ཀཱཥ་མཱིར་ནང་ངོ་རྒོལ་འབྱུང་བཞིན་པ་དེའི་སྐོར་རྒྱ་གར་འཕྲུལ་ལས་རིག་པའི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་མཐར་ཕྱིན་སློབ་མ་ཎི་ཧིཊ་ཨ་ནེ་མཱིཥ་(Nishith Animesh)ཞེས་པ་ཞིག་གིས་རྩོམ་ཡིག་སྤེལ་བའི་ནང་། ཀཱཥ་མཱིར་གྱི་ངོ་རྒོལ་བའི་ཁྲོད་ངོ་རྒོལ་བྱེད་དོན་གང་ཡིན་པ་མ་ཤེས་པར་ཡམས་རྒྱུག་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་དང་། རྩ་བའི་ཆ་ནས་ཀཱཥ་མཱིར་ལ་ད་ལྟའི་བར་དུ་ཤོག་ཁག་གསུམ་ཡོད། དང་པོ། ཀཱཥ་མཱིར་རང་བཙན་འདོད་མཁན་ཚོ་ཡིན་པ་དང་། ཁོང་ཚོས་ང་ཚོར་གཞུང་གི་ལས་ཀ་དང་འཚོ་བ་ཡག་པོ་དགོས་ཀྱི་མེད་ལ། ཐ་ན་ཤེས་ཡོན་གྱི་གོ་སྐབས་མ་རེག་ཀྱང་རུང་། ང་ཚོས་འདོད་པ་ནི་རང་དབང་རང་བཙན་དེ་ཡིན། ང་ཚོར་རང་དབང་མ་ཐོབ་བར་དུ་དུས་ནམ་ཡང་ཞི་བར་གནས་ཐུབ་མེད། དཔེར་ན། བྱིས་པ་ཞིག་རྩེད་ཆས་དགོས་ཟེར་ནས་ངུ་སྐབས། གོས་བཟང་པོ་དང་ཁ་ལག་ཞིམ་པོ་སྤྲད་དེ་ངུ་བ་འགོག་ཐབས་མེད་པ་ལྟ་བུ་རེད་ཟེར་གྱི་ཡོད། གཉིས་པ། རྒྱ་གར་ལ་རྒྱབ་སྐྱོར། ཀཱཥ་མཱིར་གྱི་མི་མང་པོ་ཞིག་གིས་རྒྱ་གར་གཞུང་གི་སྟངས་འཛིན་འོག་གནས་རྒྱུར་འདོད་པ་བྱེད་བཞིན་ཡོད། འོན་ཀྱང་། ཁོང་ཚོ་མངོན་གསལ་འདོད་པོས་གཞུང་ལམ་དུ་ཐོན་ཏེ་རྒྱ་གར་གཞུང་འོག་སྡོད་འདོད་འདུག་ཟེར་ནས་སྐད་འབོད་རྒྱག་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་མེད་ཀྱང་། རྒྱ་གར་གཞུང་གིས་ཁོང་ཚོ་བློས་བཏང་ཨ་ཡོང་སྙམ་པའི་སེམས་ཁྲལ་བྱེད་ཀྱིན་ཡོད། གསུམ་པ། པཱ་ཀི་སི་ཋན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་རེད། ཁོང་ཚོས་ཀཱཥ་མཱིར་གྱི་མི་འབོར་བརྒྱ་ཆ་ ༩༠ ལྷག་ཁ་ཆེ་ཡིན་སྟབས་པཱ་ཀི་སི་ཋན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་འགྲོ་འདོད་ཀྱི་ཡོད་པ་རེད། ཁོང་ཚོས་རྒྱུན་པར་ཀཱཥ་མཱིར་ནང་ངོ་རྒོལ་སྐད་འབོད་སོགས་བྱེད་ཀྱི་ཡོད་པ་མ་ཟད། པཱ་ཀི་སི་ཋན་དང་འཇིགས་སྐུལ་དྲག་སྤྱོད་པ་སོགས་ལ་ལྐོག་འབྲེལ་བྱས་ཏེ། རྒྱུན་པར་དོན་རྐྱེན་བཟོ་བཞིན་ཡོད་ལ། པཱ་ཀི་སི་ཋན་གྱིས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གར་ནང་གི་ངོ་ལོག་པ་ཚོར་རྒྱབ་སྐྱོར་དང་ངན་སྐུལ་བྱེད་བཞིན་ཡོད།

ལོ་རྒྱུས་ཡུན་རིང་ལྡན་ཞིང་མཛེས་སྡུག་ལྡན་པའི་ཀཱཥ་མཱིར་ནི་མི་ཡུལ་གྱི་དག་ཞིང་ཞེས་འབོད་སྲོལ་ཡོད། ༡༩༤༧ ལོར་དབྱིན་ཇིའི་བཙན་འོག་ནས་རྒྱ་གར་རང་བཙན་ཐོབ་སྐབས། སྔར་མེད་རྒྱ་གར་ནས་ལོགས་སུ་པཱ་ཀི་སི་ཋན་ཞེས་རྒྱལ་ཁབ་གསར་པ་ཞིག་ཆགས་སྐབས། ཀཱཥ་མཱིར་གྱི་ལུང་པ་ཡང་ཕྱེད་ཀ་རྒྱ་གར་མངའ་ཁོངས་དང་ཕྱེད་ཀ་པཱ་ཀི་སི་ཋན་མངའ་ཁོངས་སུ་བཅད་དེ་ལུང་པ་དེ་དུམ་བུ་གཉིས་ཆགས་ཡོད་པ་པ་དང་། ཀཱཥ་མཱིར་གྱི་མི་འབོར་བརྒྱ་ཆ་ ༩༠ ནི་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཡིན།

བོད་པ་ཁ་ཆེ་ཆོས་ལུགས་རྗེས་འབྲང་བ་རྣམས་ཀྱང་ཀཱཥ་མཱིར་ནང་སྐྱབས་བཅོལ་དུ་གནས་ཡོད་པ་དང་། རྒྱ་གར་དུས་བབ་ཀྱི་གནས་ཚུལ་ཞིག་ཏུ་འཁོད་པ་ལྟར་ན། ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་སྐབས། བོད་མི་བྱིངས་ལྟར་བོད་པའི་ཁ་ཆེ་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དང་། ཐོག་མར་ཁོང་ཚོས་ཀ་ལོན་སྦུག་དང་རྡོ་རྗེ་གླིང་། དེ་བཞིན། སྒང་ཐོག་སོགས་སུ་སྐབས་ཤིག་རིང་རྟེན་གཞི་བྱས་ཡོད་ཀྱང་རྗེས་སུ་ག་ལེར་ཀཱཥ་མཱིར་ས་གནས་སུ་སྤོས་ཡོད་འདུག ཀཱཥ་མཱིར་དུ་ད་ལྟ་བོད་པ་ཁ་ཆེའི་ཁྱིམ་ཚང་ ༢༥༠ ལྷག་ཡོད་པ་དང་། ཀཱཥ་མཱིར་དུ་འབྱུང་བཞིན་པའི་འཁྲུག་རྩོད་དེར་བོད་པ་ཁ་ཆེ་རྣམས་ཀྱིས་མཉམ་ཞུགས་བྱེད་ཀྱི་མེད་ཀྱང་། ཁོང་ཚོ་ཚོང་ལས་ཙག་ཙིག་ལ་བརྟེན་ཡོད་སྟབས་ཟིང་ཆ་དེས་རྐྱེན་བྱས་ཏེ་དཀའ་རྙོག་མང་པོ་ཞིག་འཕྲད་བཞིན་ཡོད་པ་མ་ཟད། ཀཱཥ་མཱིར་དུ་ཡོད་པའི་བོད་པ་ཁ་ཆེའི་སློབ་གྲྭ་དེའང་དུས་ཐོག་ཏུ་འཚོགས་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༢༨

Leave a Reply