ཀྲུའུ་པིན་ཧྲིན་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད།

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན། དེ་རིང་རྒྱ་ནག་ལྷོ་ཤར་ཞ་མིན་ (Xiamen) གྲོང་ཁྱེར་མི་མང་ཁྲིམས་ཁང་ཟེར་བས།  ཕྱི་ལོ་ ༢༠༠༠ ནས་ ༢༠༡༥ བར་ཧུའུ་པེ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གནང་མྱོང་མཁན་ཀྲུའུ་པིན་ཧྲིན་ (Zhou Benshun) གྱིས་ཁྱོན་རྒྱ་སྒོར་ཡ་ ༤༠ ལྐོག་ཟ་བྱས་ཡོད་པའི་ནག་ཉེས་འོག་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནི་ཀྲུའུ་པིན་ཧྲིན་གྱིས་ཁ་སང་འཛུགས་སྐྲུན་དང་བུན་དངུལ་གཏོང་ལེན། གོ་གནས་འཕོ་འགྱུར་བཅས་ལ་བརྟེན་ནས་ལྐོག་རྔན་བླངས་ཡོད་འདུག

ཞ་མིན་གྲོང་ཁྱེར་མི་མང་ཁྲིམས་ཁང་གིས་ཀྲུའུ་པིན་ཧྲིན་གྱིས་ཧུའུ་པེ་ཞིང་ཆེན་དང་ཧུ་ནན་ཞིང་ཆེན་གཉིས་ནང་དཔོན་རིགས་ཚོའི་གོ་གནས་འཕོ་འགྱུར་དང་ཚོང་གཉེར་མཉམ་འབྲེལ། ཞིང་ལས་དངུལ་ཁང་ཁག་གི་བུན་དངུལ་སོགས་ལྐོག་ཟ་བྱས་པ་མ་ཟད། ཁོས་ད་དུང་གཞུང་སྒེར་གཉིས་ཀྱི་དངོས་ཟོག་མང་པོ་སྒེར་སྤྱོད་བྱས་པའི་ནག་ཉེས་འོག་ན་ནིང་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་འཛིན་བཟུང་གིས་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

ཀྲུའུ་པིན་ཧྲིན་ནི་ད་ལྟ་ལོ་ ༦༦ ཡིན་ཞིང་ཁོ་སྔོན་ཆད་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་བ་ཀྲུའུ་ཡཱོང་ཁང་གི་ལས་རོགས་ཡིན་པ་དང་། ཀྲུའུ་ཡཱོང་ཁང་གི་མགོ་ཁྲིད་འོག་ཁོས་ལོ་ངོ་ ༥ རིང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་དང་འཐུས་མི་ལྷན་ཚོགས་བཅས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་མྱོང་ཡོད་པ་དང་། ༢༠༡༣ ལོར་ཧུའུ་པེ་ཞིང་ཆེན་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག

ཞ་མིན་ (Xiamen) གྲོང་ཁྱེར་མི་མང་ཁྲིམས་ཁང་གིས་ཀྲུའུ་ཡཱོང་ཁང་དང་ཀྲུའུ་པིན་ཧྲིན་གཉིས་བར་གྱི་ལྐོག་འབྲེལ་སྐོར་ཕྱི་བསྒྲགས་བྱས་མེད་ནའང་། རྒྱ་ནག་དབུས་གཞུང་གི་དཔོན་རིགས་ཚོས་ཀྲུའུ་པིན་ཧྲིན་གྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཁག་ཅིག་ཀྲུའུ་ཡཱོང་ཁང་དང་འབྲེལ་བ་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་འདུག

༢༠༡༢ ལོའི་རྒྱལ་ཡོངས་དམངས་ཆེན་སྐབས་ ༡༨ པའི་ཐོག་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་གཙང་བཤེར་ལས་འགུལ་གཏན་འབེབས་དང་ལག་བསྟར་བྱས་པ་ནས་ད་ལྟའི་བར་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ ༡༢༠ ལྷག་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་ཞིབ་བཤེར་དང་། བཀག་བསྐྱིལ་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༥

Leave a Reply