ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས།

དྷ་རམ་ས་ལར་ཚོགས་པ་གཉིས་ཀྱིས་སྔ་རྗེས་སུ་བསྒྲགས་གཏམ་སྤེལ་ཏེ་ཉེ་ལམ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དབྱིན་ཇི་བ་ཞིག་གྲོངས་པར་མྱ་ངན་རྩོམ་ཡིག་སྤེལ་བ་དེ་༧གོང་ས་མཆོག་ལ་ཟུར་ཟ་ཡིན་པར་ངོས་འཛིན་ཐོག་ངོ་རྒོལ་གསལ་བསྒྲགས་སྤེལ་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་རྩ་དོན་གླིང་སྐད་འཕྲིན་ཚོགས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ལམ་དྷ་སར་གནས་སྡོད་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་༼ ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། ༽ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་༧གོང་ས་མཆོག་ལ་ཟུར་ཟ་བྱས་པར་ངོ་རྒོལ་ཡོད་སྐོར་བརྗོད་སོང་།

རྩ་དོན་གླིང་སྐད་འཕྲིན་ཚོགས་པའི་དབུས་གཙང་སྐུ་ཚབ་སྤྱི་ཟུར་བུ་ཡོན་ཏན་རྒྱ་མཚོ་ལགས་དང་། མདོ་སྨད་སྐུ་ཚབ་རྔ་པ་ཚེ་ཕྲུག་ལགས། མདོ་སྟོད་སྐུ་ཚབ་འཕྲིན་ལས་བྱམས་པ་ལགས་གསུམ་གྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་ལྟར་ན། ཉེ་ལམ་རྩ་དོན་གླིང་སྐད་འཕྲིན་ཚོགས་པས་སྣེ་འཁྲིད་འོག བོད་ཆོལ་ཁ་གསུམ་གྱི་མི་མང་ ༢༢༢༡ ཙམ་གྱིས་ཀླུ་མཁར་བྱམས་ལ་ངོ་རྒོལ་མཚན་རྟགས་བཀོད་ཡོད་པ་དང་། བསྒྲགས་གཏམ་དང་ས་ཡིག་གི་ངོ་བཤུས་སོགས་དགའ་ལྡན་ཕོ་བྲང་དང་བཀའ་ཤག བོད་མི་མང་སྤྱི་འཐུས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཕུལ་ཡོད་འདུག

ཁོང་ཚོའི་བསྒྲགས་གཏམ་ནང་། ད་ལོའི་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་གིས་ལྷ་དང་བླ་མའི་ལུང་བསྟན་དང་རྨི་ལྟས་སོགས་ལ་གཞིགས་ན་ཁོང་ཉིད་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་རྟགས་མཚན་བྱུང་ཡང་། དོན་དངོས་དེ་ལྟར་བཞུགས་མིན་བཤད་དཀའ་ཡང་ལོ་ ༡༠༠ ལ་བཞུགས་ཐུབ་ངེས་ཡིན་སྐོར་གསུངས་པ་དེ་བོད་མི་ཡོངས་དགའ་སྤྲོའི་ཁེངས་ཡོད་སྐབས། ཀླུ་མཁར་བྱམས་ཀྱིས་དབྱིན་ཇི་བ་ཞིག་གྲོངས་སྐབས་༼ ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། ༽ཞེས་པའི་རྩོམ་ཡིག་བྲིས་ཏེ་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་དེར་བོད་མི་ཡོངས་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་བཀོད་འདུག

༧གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བོད་མིའི་ངོ་བོ་དང་ཆིག་བསྒྲིལ་གྱི་འབྱུང་རྩ་ཆགས་ཡོད་ཀྱང་། ཀླུ་མཁར་བྱམས་ཀྱིས་བསམ་བཞིན་དུ་བོད་རྒྱ་ཆེའི་མི་མང་གི་སེམས་ལ་ཕོག་ཐུག་འགྲོ་བའི་བའི་བྱ་སྤྱོད་སྤེལ་ཡོད་སྟབས། ཁོ་རང་གི་རྩོམ་ཡིག་དང་ལས་འགུལ་ཅི་སྤེལ་བོད་པའི་རྩ་དོན་དང་འབྲེལ་བ་མེད་པར་རྒྱ་ནག་གཞུང་གི་བྱེད་སྟངས་ཤིག་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་དང་། བོད་གཞིས་བྱེས་མི་མང་ཡོངས་དང་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྒེར་ཁག་གིས་ཡིད་གཟབ་བྱེད་དགོས་པ་མ་ཟད། བདེ་སྲུང་ལས་ཁུངས་ཀྱིས་ཆབ་སྲིད་བཙོན་ཟུར་གྱི་མིང་ཁོངས་ནས་ཕྱིར་འདོན་གནང་དགོས་པ་དང་། དགུ་བཅུ་གསུམ་ཚོགས་པས་ཀྱང་ཚོགས་པའི་ཆེ་མཐོང་ཆེད་ཞུ་དག་གཏོང་དགོས་སྐོར་སོགས་བཀོད་འདུག

གཞན། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ པའི་སྟེང་དྷ་ས་ཡོངས་གླང་སློབ་གྲྭའི་ཚོགས་ཁང་དུ། དྷ་ས་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་ཀླུ་མཁར་བྱམས་ལ་ངོ་རྒོལ་གསལ་བཤད་ཅིག་སྤེལ་བ་དང་མཉམ་དུ་དྷ་སའི་མདོ་སྨད་མི་མང་ལ་ས་རྟགས་བསྡུ་རུབ་བྱས་སོང་། གསལ་བཤད་ནང་ཀླུ་མཁར་བྱམས་ཀྱིས་གཅིག་མིན་གཉིས་མིན་ཐེངས་མང་པོར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ནག་འགེལ་ཟུར་ཟ་དང་མཚན་སྨོད་བྱས་ཡོད་སྟབས། བོད་པའི་གནས་སྟངས་ཛ་དྲག་གཉེན་འཕྲེང་གི་སྐབས་འདིར། བཤད་སྤྱོད་དེ་རིགས་ལ་མི་མང་གིས་མ་སྐུལ་དང་བླངས་ཐོག་འགན་འཁྱེར་ཏེ། བློ་ཕམ་གྱི་རྣམ་འགྱུར་གསལ་བོར་སྟོན་དགོས་པའི་དུས་ལ་བབ་ཡོད་པ་དང་། ཀླུ་མཁར་བྱམས་ཀྱི་བཤད་སྤྱོད་དེ་རིགས་སྨྲ་བརྗོད་རང་དབང་དང་དམངས་གཙོ་ཡིན་ལུགས་བཤད་མཁན་དག་ནི་རྨོངས་འཐོམ་གྱི་དབང་དུ་སོང་བ་ཙམ་ལས། དམངས་གཙོའི་ལམ་སྲོལ་ནང་ཐོབ་ཐང་དང་འགན་འཁུར་ཟུང་དུ་འབྲེལ་དགོས་པ་ལས། སྨྲ་བརྗོད་རང་དབང་ཞེས་པ་ནི་ས་མཚམས་མེད་པ་ཞིག་མིན་སྐོར་སོགས་བཀོད་འདུག

ཁོང་ཚོས་དྷ་ས་མདོ་སྨད་མི་མང་གི་ངོས་འཛིན་དང་གསལ་བཤད་དོན་ཚན་ ༦ འཁོད་ཡོད་པ་ནི། ༡༽ བདེ་སྲུང་ལས་ཁུངས་ཀྱིས་ཀླུ་མཁར་བྱམས་ཆབ་སྲིད་བཙོན་ཟུར་དངོས་ཡིན་མིན་ཞིབ་འཇུག་ཁ་གསལ་མ་བྱུང་བར་ཨོ་སི་ཊོ་ལེ་ཡར་མི་གཏོང་རྒྱུའི་རེ་ཞུ་འབུལ་རྒྱུ། ༢༽ དྷ་སའི་མདོ་སྨད་མི་མང་གིས་ཀླུ་མཁར་བྱམས་ལ་འབྲེལ་བ་མི་བྱེད་པར་རང་ཚུགས་བརྟན་སྲུང་བྱ་རྒྱུ། ༣༽ ཀླུ་མཁར་བྱམས་ཀྱིས་དབྱིན་ཇི་བ་ཞིག་སྐུ་གྲོངས་བར་རྩོམ་ཡིག་བྲིས་པ་དེ་ནི། རྒྱ་ནག་གཞུང་དང་དོལ་ཚོགས་ཀྱི་བྱ་སྤྱོད་དང་གཅིག་པ་ཡིན་སྟབས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ། ༤༽ ཀླུ་མཁར་བྱམས་ཀྱིས་རྩོམ་རིག་སྒྱུ་རྩལ་དང་སྙན་ངག་སོགས་ལ་ཁ་གཡར་ཏེ་ཁོ་རང་གི་ནག་ཉེས་འགེབ་ཐབས་དང་མི་མང་ལ་མགོ་སྐོར་གཏོང་ཐབས་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ། ༥༽ བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དགེ་བཤེས། རྩོམ་པ་པོ་ཚོས་ཀླུ་མཁར་བྱམས་ཀྱི་བཤད་སྤྱོད་ལ་དུས་ནས་དུས་སུ་གསལ་བཤད་ཡོང་བའི་འབོད་སྐུལ། ༦༽ དྷ་ས་ས་གནས་རྒྱུན་ལས་རྣམ་པས་དངོས་ཤུགས་བརྒྱུད་གསུམ་ནས་ཀླུ་མཁར་བྱམས་ལ་འབྲེལ་བ་མི་བྱེད་རྒྱུ་སོགས་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༡༢

Leave a Reply

15 thoughts on “ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས།

  1. ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཁ་བྱང་ལ་བརྟེན་ནས་ངོ་རྒོལ་དང་ལས་འགུལ་སྤེལ་བ་ནི་ཨ་ཚོགས་ཀླུ་མཁར་བྱམས་དང་རྒྱ་ནག་གཞུང་གཉིས་དམིགས་ཡུལ་འགྲུབ་པར་རོགས་འདེགས་སུ་སོང་བ་མ་ཡིན་ནམ།

  2. །ཕྲན་གྱི་ངོས་ནས་བརྗོད་ན། སྤྱིར་བཏང་མང་གཙོར་རང་དབང་གི་སྨྲ་བརྗོད་ཡོད་ནའང་། འཛམ་གླིང་གི་རྒྱལ་ཁྲིམས་ཡིན་ནའང་སྦྲགས། མང་གཙོའི་ཁྲིམས་ལུགས་ཡིན་ནའང་གང་ཟག་སྒེར་ཞིག་གིས་སྨྲ་བརྗོད་རང་དབང་དེས་གཞན་ཞིག་ལ་ལུས་ངག་ཡིད་གསུམ་ལ་ཕོགས་སྡུག་ཕྱིན་ན་དེ་ནི་མང་གཙོའི་སྨྲ་བརྗོད་ཀྱི་རང་དབང་ཞིག་རྩ་བ་ནས་མིན། དེས་མ་ཟད་༧གོང་ས་མཆོག་ནས་བོད་ཀྱི་བསྟན་སྲིད་དང་། འགྲོ་བ་སྤྱི་ལ་ཕན་པའི་དོན་དུ་སྐུ་ཚེ་ཧྲིལ་པོ་སྐུ་ལས་གྲངས་མེད་བཀྱོན་པའི་སྐུ་དྲིན་ལ་བརྟེན་ནས་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་དང་བོད་ཞེས་པའི་ཚིག་དེ་གཉིས་འཇིག་རྟེན་ཀུབ་ལ་གྲགས་ཐུབ་ནི་༧ཁོང་གི་ཐུགས་རྗེ་བཀྲིན་ཡིན་པ་དུས་ནམ་ཡང་བརྗེད་རྒྱུ་མེད་པ་དེ་བོད་རིགས་རྒན་གཞོན་བར་གསུམ་ཡོད་དོ་ཅོག་གིས་སྙིང་ཁོངས་སུ་བཅངས་དགོས་པ་གལ་འགངས་ཤིན་ཏུ་ཆེ་བར་མངོན་། དགེ་བར་སྨོན་ནོ།

  3. དམུ་རབ་དགའ།

    ཀླུ་བྱམས་ཀྱི་རྒྱབ་ལོགས་ན་མི་སྣང་བའི་འདྲེ་མགོ་གཉིས་མ་ཁག་ཅིག་ཡོད་པ་ཤིན་ཏུ་གསལ་འདུག ཡིནའང་ཁོ་ཚོའི་བསམ་དོན་ཕྱིན་ཅི་ལོག་དེ་དུས་ནམ་ཡང་འགྲུབ་མི་སྲིད།

  4. ཀླུ་མཁར་བྱམས་མི་སྐྱོན་མེད་ཡིན་མིན་གྱི་གསལ་བཤད་དང་། རྒྱབ་སྐྱོར་མེད་ཀྱང། ཁོའི་སྐད་ཆ་གནས་ལུགས་དང་ཐག་ཉེ་བ་མང་པོ་ཡོད།
    བོད་པ་ཚང་ལྟ་བ་འདྲ་མིན་དང་ལྟ་ཚུལ་བསམ་ཚུལ་འདྲ་མིན་བརྗོད་རུང་སའི་སྤྱི་ཚོགས་ཤིག་མ་ཆགས་བར་དུ་ཡར་རྒྱས་ནམ་ཡང་འགྲོ་མི་སྲིད།

  5. བསྟན་འཛིན་དབང་འདུས་

    བོད་ཀྱི་མི་དམངས་རྣམས་དང་གཞུང་འབྲེེལ་མིན་པའི་ཚོགས་པ་ཆ་ནེ་ཆུང་ནེ་འདི་དག་གིས་དོལ་རྒྱལ་ཚོགས་པས་
    སྔ་ཕྱི་བར་གསུམ་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་མ་ཟད་རྡ་རམ་ས་ལར་གནས་ཡོད་མི་སྣ་དམར་བསད་བཏང་བ་དང་
    སྐུ་སྒེེ་ཡིག་ཚང་བརྒྱུད་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེར་སྡིགས་རའི་ཡི་གེ་སྐུར་དུས་ཁོང་ཚོ་གཉིད་ལ་
    ཤོར་བ་རེད་དམ་་་་
    ད་ལྟ་བོད་མི་ཉམ་ཆུང་ཞིག་གིས་རང་གི་ཆབ་སྲིད་དང་དངོས་ཡོད་གནས་སྟངས་འཛིན་པའི་སྐད་ཆ་འངའ་བཤད་དུས་འདི་དག་ལ་
    ཡིན་པ་མིན་པར་བཟོས་མིན་པ་ཡིན་པར་འགྲུབ་ནས་རྡ་རམ་ས་ནས་སྡད་མི་ཐུབ་པ་འདི་ལྟ་བུ་བཟོས་པ་ནི་༧གོང་ས་མཆོག་གི་མཚན་ཁ་ལ་
    འཁྱེར་ནས་རང་གི་ཐོབ་གོ་ས་དང་མིང་གྲགས་འགྲུབ་ཕྱིར་ཁོ་ན་ལས་གཞན་གང་ཡང་མ་ཡིན་
    མི་འདི་དག་བོད་ཀྱི་དམངས་གཙོའི་ལོ་རྒྱུས་ནང་གི་ལག་དམར་བ་ཤ་སྟག་རེད་་་་
    གླེན་པ་སྐྱག་གཟན་འདི་ཚོ་ནང་ལ་སྟག་དང་ཕྱི་ལ་ཞི་མི་ཟེར་བའི་དཔེ་རང་རེད་།།

  6. སྲས་སྐུ་ངོ་།

    ད་ཡིན་ན་ཞབས་འདྲེན་ཞུ་ཡི་འདུག ཆུང་ཆུང་ཞིག་ཆེན་པོ་བཟོས། ༧གོང་ས་མཆོག་ལ་མཚན་སྨད་ངོ་མ་མི་འདི་ཚོས་བཟོ་ཡི་འདུག་

  7. ཀླུ་མཁར་བྱམས་མི་ཉེས་མེད་ཉེས་ཆེན་ཞྭ་མོ་བཙན་གྱིས་གཡོག་པ་སེམས་ཕམ་ཆེ། ཁ་དཔེ་ལ་ཤི་གསོད་ཡག་ལ་སྟ་རེ་རང་རེད། བྱེད་སྟངས་འདི་ཚོ་སྐྱོ་བ་ལ།

  8. ༄༅། ཡ་ཡ། ངས་སྔོན་ནས་བཤད་ཡོད། ཀླུ་མཁར་བྱམས་ཟེར་བ་དེའི་རྒྱབ་ལ་ལྗོངས་ལ་ངེས་པར་ཞིབ་པར་དཔྱད་ནས་རྒྱལ་བའི་སྐུའི་གསང་གསུམ་གནོད་གཞི་
    ཡོང་རྒྱུར་བརྟེན་བདེ་སྲུང་ལས་ཁུངས་དང་།གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་ངེས་པར་དུ་རྒྱ་གར་ས་གནས་
    ཉེན་སྲུང་ལ་སྔ་ས་ནས་རྩིས་སྤྲད་དགོས་པ་རེད། ཁོས་དགྲ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་སྐྱེལ་དོན་། གྲོད་པ་ནང་ལ་བསྟེན་། བློ་ཕྱི་ལ་གཏད་དོན་ཅི་ཡིན།
    ༧གོང་ས་མཆོག་དང་བོད་གཞུང་ལ་ཟུར་ཟ་དང་མཚན་སྨད་ཞུ་མཁན་གསུམ་ཡོད་པ་ནི་་་རྒྱ་དམར་ཆོས་མེད་ཀླ་ཀློ་དང་
    གཅིིག་ ཆོས་ཁ་ལ་འཁྱེར་ནས་འཚོ་བ་དགྲ་ལ་བསྟན་མཁན་དོལ་ཚོགས་དང་གཉིས། བཀ་དྲིན་ལ་བསམ་བཞེས་མེད་པར་།
    དྲིན་ལན་ལོག་པར་འཇལ་མཁན། དགྲ་ཕྱི་དགྲ་མིན་པར་ནང་དགྲ་དེ་ཀླུ་མཁར་བྱམས་ཟེར་བ་དེ་རེད། ཁོ་བོད་མིའི་སྤྱི་ཚོགས་ནང་བསྡད་རྒྱུའི་ཐོབ་ཐང་མེད་པ་རེད། བོད་གཞིས་གཉིས་ཀྱི་བླ་སྲོག་ལ་མཚན་སྨད་ཞུ་དགོས་དོན་
    གང་རེད་ཁོ་པ་ཆེད་བཀུག་བྱས་ནས་གསལ་བཤད་བྱེད་དགོས་པ་རེད།

  9. ངའི་རེ་བ་ནི་ང་ཚོ་བོད་མི་ཡོད་དོ་ཅོག་གིས་༧གོང་ས་མཆོག་ཁ་ལ་འཁྱེར་ནས་གཅིག་མགོ་གཅིག་གིས་གནོན་ཐབས་མ་བྱེད་པར་མང་གཙོ་ལོངས་སུ་ཡང་དག་སྤྱོད་ཐུབ་པའི་གོ་རྟོགས་དང་བློ་སྐྱེད་མང་ཙམ་ལེན་པ་དང་ཤེས་རྟོགས་བྱེད་ན་བཟང་ཨང་།

  10. དགུ་ཚིགས་ཕོ་ཉ

    གཏན་ཚིགས་རིག་པའི་ཁྱབ་ཁོངས་ནས་བཤད་ན་༧གོང་ས་མཆོག་ལ་སུས་ངོ་རྒོལ་བྱས་ཚེ་དེ་ལ་བོད་མི་མང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེང་ངེས་ཡིན་པ་ཆོས་ཉིད་དུ་གྲུབ་ཡོད།

  11. ༧གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་བོད་མི་ས་ཡ་དྲུག་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཡིན། ཁྱེད་ཀྱི་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་ས་སྟེང་ཁྱབ་པར་ཤོག