ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨར་གཟེངས་རྟཊ་ཐོབ།

ཐའེ་ལན་ཌིའི་རྒྱལ་སྤྱིའི་ཐའེ་དྲག་རྩལ་འགྲན་བསྡུར་སྐབས་གཉིས་པའི་ཐོག་བོད་རིགས་བུད་མེད་ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨ་ལགས་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད་འདུག

ཐའེ་ལན་ཌིའི་དྲག་རྩལ་རྩེད་འགྲན་ཚོགས་པ་(GM Woody MuayThai )དང་(World Muay Thai Organization)གཉིས་ཐུན་མོང་གི་གོ་སྒྲིག་འོག རྒྱལ་སྤྱིའི་ཐའེ་དྲག་རྩལ་འགྲན་བསྡུར་སྐབས་གཉིས་པ་ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༢༢ བར་ཐའེ་ལན་ཌིའི་རྒྱལ་ས་བྷན་ཁོག་ཏུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་འགྲན་ཚོགས་ཐོག་རྒྱལ་ཁབ་ཁག་ ༥༠ ལྷག་ནས་འགྲན་བསྡུར་བ་མཉམ་ཞུགས་གནང་ཡོད་ལ། ཁ་སང་བུད་མེད་ཀྱི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་བོད་རིགས་བུད་མེད་བསྟན་འཛིན་པདྨ་ལགས་ལ་ཨང་གསུམ་པ་ཐོབ་ཏེ་ཟངས་ཀྱི་རྟགས་མ་བླངས་ཡོད་འདུག

བསྟན་འཛིན་པདྨ་ལགས་ཀྱིས་མོ་རང་གི་ངོ་དེབ་ཏུ། ཐེངས་འདིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་མོ་རང་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་དང་། མ་འོངས་པར་མུ་མཐུད་སྦྱོང་བརྡར་ཧུར་ཐག་བྱས་ཏེ་གསེར་གྱི་རྟགས་མ་ལེན་པར་འབད་བརྩོན་གནང་རྒྱུ་ཡིན་ལ། མོའི་རྩལ་འཁྲིད་དགེ་རྒན་རྣམ་པས་སྦྱོར་བརྡར་ཡག་པོ་སྤྲད་གནང་བ་དང་། གྲོགས་པོ་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་ད་ལན་གྱི་གྲུབ་འབྲས་འདི་ཐོན་པ་ཡིན་སྟབས། ཁོང་རྣམ་པ་ཚང་མར་ནམ་ཡང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་བརྗོད་འདུག

ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨ་ལགས་ཀྱིས་དེ་སྔོན་བཞུགས་སྒར་དྷ་རམ་ས་ལ་རུ་ཧིན་རྡུའི་སྐད་ཡིག་གསར་འགྱུར་ཁང་ཞིག་ཏུ་གསར་འགོད་པའི་ཕྱག་ལས་གནང་ཡོད་པ་དང་། ཕྱིས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཁུ་ཚུར་དྲག་རྩལ་ཁང་( The National Boxer)ནང་འཛུལ་ཞུགས་ཀྱིས་སྦྱོང་བརྡར་གནང་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མངའ་སྡེའི་བུད་མེད་ཀྱི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཐེངས་བཞི་པའི་ཐོག་བསྟན་འཛིན་པདྨ་ལགས་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༥ པའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་ཡོད་པ་སོགས་རྒྱ་གར་གྱི་འགྲན་སྡུར་ཁག་ཅིག་ནང་མཉམ་ཞུགས་གནང་མྱོང་ཡོད་འདུག ད་ལན་རྒྱ་གར་གྱི་དྲག་རྩལ་རྩེད་འགྲན་པའི་(MMA Fighter)མིང་ཐོག་ནས་འགྲན་བསྡུར་ནང་ཞུགས་ཡོད་ལ།  བསྟན་འཛིན་པདྨ་ལགས་ནི་རྒྱ་གར་གྱི་དྲག་རྩལ་རྩེད་འགྲན་པའི་ཚབ་བྱས་ཏེ་རྒྱལ་སྤྱིའི་འགྲན་སྡུར་ནང་ཞུགས་མཁན་བོད་རིགས་བུད་མེད་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༧

Leave a Reply

One thought on “ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨར་གཟེངས་རྟཊ་ཐོབ།