ཁེ་ན་ཌར་ནང་པའི་དུས་སྟོན་ཚོགས།

ཉེ་ལམ་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་ཝིར་དུ་ནང་པའི་དུས་སྟོན་ཐེངས་གསུམ་པ་དེ་ཆོགས་ཡོད་པ་དང་དུས་སྟོན་དེ་ལོ་རེ་ནས་ལོ་རེར་གཞི་རྒྱ་ཆེ་ཆེར་ཕྱིན་ཏེ་ད་ལོ་ནང་པའི་ཆོས་ཚོགས་ ༥༦ དང་མི་མང་ ༡༥༠༠༠ ཙམ་འཛོམས་ཡོད་འདུག

ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་ ༢༨ ནི་གཟའ་ཉི་མ་ལ་འཁེལ། ཁེ་ཎ་ཌའི་ནུབ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་གྲགས་ཅན་བན་ཁོའུ་བར་གྱི་གནམ་ངོ་ཡག གནམ་ངོ་ཡག་དུས་ཕྱི་རྒྱལ་བ་རྣམས་ཀྱི་གདོང་ལ་འཛུམ་མདངས་འཁྱིལ། ཉིན་མོ་འདི་ནི་སྦི་སི་ནང་པའི་དུས་སྟོན་(B.C. Buddhist Festival) ལ་འཁེལ་ཡོད་ཅིང་། ད་ལོའི་དུས་སྟོན་ཚོགས་ཡུལ་ནི་བན་ཁོའུ་བར་རྩེ་སྒྲོལ་གླིང་ཀ་(Tisdall Park)ཟེར་བ་དེ་ཡིན།

ད་ལོར་མངའ་སྡེ་འདིའི་ནང་རྟེན་གཞི་བྱས་པའི་རྒྱལ་ཁབ་ ༡༦ ལྷག་གི་ནང་པའི་དགོན་པ་དང་ཆོས་ཚོགས་ ༥༦ ཙམ་མཉམ་ཞུགས་གནང་སྟེ། མི་གྲངས་ ༡༥༠༠༠ ལྷག་མཉམ་འཛོམས་ཀྱིས་རང་རང་ལུགས་ཀྱི་སྨོན་ལམ་གསུང་འདོན་དང་། ཆོས་ཀྱི་བགྲོ་གླེང་། རིག་གཞུང་འཁྲབ་སྟོན། ཆོས་ཀྱི་འགྲེམ་སྟོན། རི་མོ་བཤམས་སྟོན། སྟོན་པར་ཁྲུས་གསོལ། མཆོད་རྫས་ཚོང་ཟོག བྱིས་པའི་རྩེད་ར། སྒོམ་སོགས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡོད།

ད་ལོ་ནས་བཟུང་སྦི་སི་མངའ་སྡེ་གཞུང་(B.C. Provincial Government) གིས་ཉིན་མོ་འདི་སྦི་སི་ནང་པའི་དུས་སྟོན་(B.C. Buddhist Festival) ལ་ངོས་འཛིན་གནང་ཡོད་པ་མ་ཟད། གཞུང་འབྲེལ་དུས་སྟོན་གྱི་ཁོངས་སུ་ཡང་བཅུག་ཡོད་པ་དང་། ད་ལོའི་དུས་སྟོན་འདི་ནི་ཐེངས་གསུམ་པ་དེ་ཡིན་ཞིང་། དུས་སྟོན་འདི་ཐོག་མར་དབུ་འཛུགས་གནང་མཁན་དང་འདིའི་གཙོ་སྐྱོང་བ་ནི་དགའ་ལྡན་ཀླུ་འབུམ་ཁང་ཚན་གྱི་མཚན་སྒྲོགས་རིན་པོ་ཆེ་ལགས་ཡིན།

༢༠༡༤ ལོར་ཁེ་ཎ་ཌའི་གྲོང་ཁྱེར་བན་ཁོའུ་བར་ལ་རྟེན་གཞི་བྱས་པའི་མཚན་སྒྲོགས་དགོན་པ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་འདྲེན་བྱས་ཏེ་མི་མང་སྟོང་ཕྲག་མང་པོར་ཐུགས་རྗེ་ཆེན་པོའི་དབང་ཞུས་པ་དང་། ༧གོང་ས་མཆོག་གི་དགོངས་པར་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ནང་པ་ཕན་ཚུན་མཛའ་མཐུན་དང་མཉམ་གནས་ཡོང་རྒྱུ་གལ་ཆེར་གཟིགས་པ་ནང་བཞིན། ༢༠༡༥ ལོར་མཚན་སྒྲོགས་རིན་པོ་ཆེ་མཆོག་གིས་བན་ཁོའུ་བར་ན་ཡོད་པའི་ནང་པའི་ཆོས་ཚོགས་ཉེར་བརྒྱད་ལ་ངོ་བཅར་ཞུས་ཏེ། ང་ཚོ་ཐུན་མོང་གིས་ས་ག་ཟླ་བའི་དུས་སྟོན་འདི་སྲུང་གཙི་བྱེད་ཐུབ་ན་དགེ་མཚན་ཆེ་བའི་རྒྱུ་མཚན་ཞུས་པ་བཞིན། ཆོས་ཚོགས་དེ་དག་གི་ངོས་ནས་ཀྱང་མོས་མཐུན་གནང་ཞིང་། ༢༠༡༥ ལོའི་ཟླ་ ༥ ཚེས་ ༣༠ ཉིན། ས་ག་ཟླ་བའི་དུས་སྟོན་འདི་མགོ་བཙུགས་གནང་བ་དང་། ལོ་དང་པོའི་དུས་སྟོན་ལ་ཆོས་ཚོགས་ ༢༨ ནས་མི་ ༦༠༠༠ ལྷག་འདུ་འཛོམས་བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ལྔ་པའི་ཚེས་ ༢༩ ཉིན། ས་ག་ཟླ་བའི་དུས་སྟོན་གཉིས་པ་གོ་སྒྲིག་བྱས་ཤིང་། དེར་ཆོས་ཚོགས་ ༣༩ མཉམ་ཞུགས་གནང་སྟེ་མི་ ༡༢༠༠༠ ལྷག་འདུ་འཛོམས་བྱུང་།

ད་ལོའི་དུས་སྟོན་ལ་ཐོག་མར་ཁེ་ཎ་ཌའི་སྲིད་བློན་མཆོག་ཡོང་འཆར་ཡོད་པ་བཞིན་རྗེས་སུ་བཅར་ཐུབ་མེད་ཀྱང་། སྲིད་བློན་གྱི་སྐུ་ཚབ་དང་མངའ་སྡེའི་ཉེན་རྟོག་དཔོན། མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་བློན་ཆེན། ད་དུང་། སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་དང་ལྦཱ་་རཱ་ཎ་སིའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་དགོན་བདག་ཀྱང་དབུ་བཞུགས་མཛད། ས་ག་ཟླ་བའི་དུས་སྟོན་འདི་ནི་ད་ཆ་མངའ་སྡེ་འདིའི་ནང་གི་ནང་པའི་ཆོས་ཚོགས་དང་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་དུས་སྟོན་དེ་ཆགས་ཡོད།

བསྐྱར་བཅོས།: ༢༠༡༧/༠༦/༡༤

Leave a Reply