ཁེམ་ཇོང་ནམ་གྱི་བུ་ཁེམ་ཧན་སཱོ་མཐོང་རྒྱུ་མི་འདུག་ཟེར།

ཁེམ་ཇོང་ནམ་གྱི་ཕུང་བོ་ངོ་རྟགས་གཅོད་ཆེད་བུ་ཁེམ་ཧན་སོ་མཱ་ལེ་ཤི་ཡའི་ནང་ཁྲག་རྒྱུད་བརྟག་དཔྱད་གཏོང་བར་ཕྱིན་ཡོད་ཀྱང་ཁེམ་ཧན་སོ་མཱ་ལེ་ཤི་ཡའི་ནང་འབྱོར་མེད་པར་གར་སོང་ཆ་མེད་ཆགས་ཡོད་པའི་གནས་ཚུལ་འདུག

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མཱ་ལེ་ཤི་ཡའི་གནམ་ཐང་དུ་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨཱན་གྱི་ཕ་གཅིག་པའི་ཕུ་བོ་ཁེམ་ཇོང་ནཱམ་(Kim Jong-nam)ངོས་ཟིན་དཀའ་བའི་བུད་མེད་གཉིས་ཀྱིས་ཁོའི་མགོ་བོར་རས་ཤིག་སྐོན་ཏེ་ལྐོག་གསོད་བྱས་ཡོད་པ་དང་། དེ་མ་ཐག་ཁོ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་མྱུར་སྐྱོབ་མ་ཐུབ་པར་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

མཱ་ལེ་ཤི་ཡ་གཞུང་གིས་གྱོད་དོན་དེ་བྱང་ཀོ་རི་ཡའི་ནང་སྲིད་དང་འབྲེལ་བ་ཡོད་ཚུལ་བསྒྲགས་ཡོད་པ་མ་ཟད། ཁྲག་རྒྱུད་བརྟག་དཔྱད་བཏང་སྟེ་ངོ་རྟགས་གསལ་བོ་མ་ཆོད་སྔོན་ལ་ཕུང་བོ་ཕྱིར་བྱང་ཀོ་རི་ཡར་རྩིས་སྤྲོད་བྱ་རྒྱུ་མིན་སྐོར་བརྗོད་ཡོད་སྟབས། ཕྱི་ཚེས་ ༢༠ ཁེམ་ཇོང་ནཱམ་གྱི་བུ་ཁེམ་ཧན་སཱོ་(Kim Han-sol)ཞེས་པ་མཱ་ལེ་ཤི་ཡར་ཁྲག་རྒྱུད་བརྟག་དཔྱད་གཏོང་བར་ཕྱིན་ཡོད་ཀྱང་། མཱ་ལེ་ཤི་ཡའི་ས་གནས་གསར་ཁང་གིས། ཁེམ་ཧན་སཱོ་མཱ་ས་གནས་ཞེས་པའི་ཁོ་རང་གི་གཞིས་ཀ་ནས་མཱ་ལེ་ཤི་ཡའི་རྒྱལ་སའི་གནམ་ཐང་བར་གནམ་གྲུ་ལས་སྐྱོད་ཡོད་ཀྱང་། ང་ཚོས་གནམ་ཐང་ནས་ཡུན་རིང་སྒུག་ཀྱང་ཁོ་མཐོང་སར་བསླེབ་མ་སོང་བས་ཁོས་གསར་འགོད་པའི་དྲི་བར་གཡོལ་ཆེད་ཐོན་སྒོ་གཞན་ཞིག་ནས་ཕྱིན་ཡོད་ཚུལ་བརྗོད་ཡོད།

ཁེམ་ཧན་སོ་ད་ལྟ་རང་ལོ་ ༢༡ ཡིན་པ་དང་། ༡༩༩༥ ལོར་བྱང་ཀོ་རི་ཡའི་པི་ཡཱོང་ཡཱང་ཞེས་པའི་ས་ཁུལ་དུ་ཕ་ཁེམ་ཇོང་ནམ་དང་མ་(I Hyegyeong)གཉིས་ཀྱི་བུ་རུ་སྐྱེས་ཤིང་། རྗེས་སུ་ཁེམ་ཇོང་ནམ་དང་ཁོའི་ཨ་ཕ་ཁེམ་ཇོང་ཨིལ་གཉིས་འཆམ་པོ་མ་བྱུང་སྟབས། ༢༠༠༠ ལོར་ཁོའི་ཁྱིམ་ཚང་མཱ་ཁོ་ཞེས་པར་གནས་སྤོར་བྱས་ཡོད་འདུག

མཱ་ལེ་ཤི་ཡའི་གཞུང་གིས་ཁེམ་ཧན་སོ་ཡོང་གི་ཡོད་པར་གྲ་སྒྲིག་བྱས་ཏེ་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར། ཁེམ་ཇོང་ནམ་གྱི་ཕུང་བོ་འཇོག་སའི་སྨན་ཁང་པོར་ཊིར་ཇཱ་ཡར་ (Putrajaya Hospital)ཞེས་པ་ནམ་རྒྱུན་དང་མི་འདྲ་བར་མཱ་ལེ་ཤི་ཡའི་གཞུང་གི་དམིགས་བསལ་དམག་དཔུང་གིས་སྲུང་སྐྱོབ་དམ་པོ་བྱས་ཡོད་པ་དང་། མཱ་ལེ་ཤི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཉེན་རྟོག་མགོ་བ་ཏཱ་བི་ཡི་གོ་སྒྲིག་འོག་མཚན་གང་བོར་རླངས་འཁོར་ཡར་འགྲོ་མར་འགྲོ་བྱས་ཏེ་སྨན་ཁང་དེའི་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་ཡོད་འདུག

དགོང་མོ་དེར་རྒྱལ་སྤྱིའི་གསར་འགོད་པ་དང་མཱ་ལེ་ཤི་ཡའི་གསར་འགོད་པ་ ༡༠༠ ལྷག་གིས་སྨན་ཁང་དེའི་སྒོ་འགྲམ་ནས་མཚན་གང་བོར་སྒུག་ཀྱང་ཁེམ་ཧན་སོ་མཐོང་མེད་པ་མ་ཟད། གནམ་ཐང་དུའང་ས་གནས་གསར་འགོད་པ་དང་རྒྱལ་སྤྱིའི་གསར་འགོད་པ་ ༥༠ ལྷག་གིས་དགོང་མོ་དེའི་ཆུ་ཚོད་ ༦ པ་ནས་ཞོགས་པའི་ཉི་མ་མ་ཤར་བར་སྒུག་ཀྱང་ཁེམ་ཧན་སོ་ཡའི་གྲིབ་མ་ཙམ་ཡང་མཐོང་མེད།

གནམ་གྲུའི་ཨང་གྲངས་(AK8321)ནང་ཕེབས་མཁན་ཞིག་གིས་བརྗོད་དོན། “གནམ་གྲུ་འདིའི་ནང་ན་གཞོན་མིག་ཤེལ་ཅན་ཞིག་མ་གཏོགས་གཞན་གཞོན་པ་མང་པོ་མི་འདུག”ཅེས་བརྗོད་པ་དང་། གཞན་གནམ་གྲུའི་ཞབས་ཞུའི་སྡེ་ཚན་དང་ལས་བྱེད་སོགས་ལ་ཁེམ་ཧན་སོ་མཐོང་ཡོད་མེད་དྲིས་པར། ཁོ་ཚོ་ཁ་བཙུམས་ནས་སྡོད་པ་ལས་གནས་ཚུལ་གསལ་བོ་བཤད་མཁན་གཅིག་ཀྱང་བྱུང་མེད། ད་དུང་གནམ་གྲུའི་ལས་བྱེད་བུ་མོ་ཞིག་གིས་ “ང་མཱ་ཁོ་ནས་ཡོང་བ་ཡིན་ཏེ་གནས་ཚུལ་འདིའི་སྐོར་གང་ཡང་ཤེས་མ་སོང” ཞེས་མོ་རང་གིས་ཁེམ་ཇོང་ནམ་ཤི་བའི་དོན་རྐྱེན་དེ་རྗེས་སུ་མ་གཏོགས་ཤེས་མེད་པ་དང་གནས་ཚུལ་དེ་གོ་མ་ཐག་ཧ་སངས་ཡོད་འདུག

མཱ་ལེ་ཤི་ཡའི་འཕྲོད་བསྟེན་བློན་ཆེན་གྱིས་ཁེམ་ཇོང་ནམ་གྱི་ཕུང་བོར་བརྟག་དཔྱད་འགྲུབ་རྗེས་གང་མགྱོགས་ཕར་དོ་བདག་ལ་རྩིས་སྤྲོད་བྱ་ངེས་ཡིན་ཚུལ་བརྗོད་ཡོད་འདུག མཱ་ལེ་ཤི་ཡའི་ཉེན་རྟོག་སྐོར་སྲུང་མགོ་བ་ལགས་ཀྱིས་ཀྱང་། འདས་པོའི་ཕུང་བོ་དགོས་ན་ཁྱིམ་མིའི་ཁྲག་རྒྱུད་ལ་བརྟག་དཔྱད་བཏང་སྟེ་ངོ་རྟགས་གསལ་བོ་ཆོད་དེ་དོགས་པ་སངས་པ་ཡིན་ན་ཕུང་བོ་རྩིས་ལེན་བྱེད་ཆོག་གི་རེད་ཅེས་བརྗོད་འདུག

མཱ་ལེ་ཤི་ཡའི་གཞུང་གིས་ད་དུང་ཁེམ་ཚང་གི་མི་ཞིག་ཡོང་སྟེ་ཁྲག་རྒྱུད་བརྟག་དཔྱད་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply