ཁོར་ཡུག་སྲུང་སྐྱོབ་དང་ཉམ་ཐག་རོགས་སྐྱོར་གྱི་གཟེངས་རྟགས་ཕུལ།

ཨ་རིའི་གྲོས་ཚོགས་ཀྱིས་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་ཁོར་ཡུག་སྲུང་སྐྱོབ་དང་ཉམ་ཐག་རོགས་སྐྱོར། བུད་མེད་ནུས་སྟོབས་གོང་སྤེལ་སོགས་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་དབྱིན་ཡིག་ནང་གི་གནས་ཚུལ་ཞིག་འདིར་བཀོད་ཡོད།

ཁ་སང་བ་ཡུལ་རྒྱལ་སར་ཡོད་པའི་འབྲུག་ཆེན་མགོན་དུ། འབྲུག་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། ཨ་རིའི་གྲོས་ཚོགས་ཀྱི་ཟུར་སྦྲེལ་གྲོས་ཆོད་ (joint resolution) ཚན་པས། རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་མཆོག་ལ་འགྲོ་བ་མིའི་བདེ་སྡུག་ལ་དོ་ཁུར་གནང་བའི་ངོས་འཛིན་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། དེ་ནི་ཁོང་གིས་འགྲོ་བ་མིའི་བདེ་སྡུག་དང་ཕོ་མོ་འདྲ་ཉམས། ཤིང་ནགས་འདེབས་འཛུགས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ། ལྷག་པར་དུ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་བཅས་ཀྱི་ཐད་དོ་ཁུར་ཆེན་པོ་གནང་བའི་མཛད་རྗེས་ལ་གཞིགས་ཏེ་ཕུལ་བ་ཞིག་ཡིན་འདུག

གཟེངས་རྟགས་དེ་ཨ་རིའི་གྲོས་འཐུས་མི་ལྕམ་མ་ལོན་ནི་ (Carolyn Maloney) ལགས་ཀྱིས་འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དངོས་སུ་ཕུལ་ཡོད་སྐོར་འབྲུག་ཆེན་རིན་པོ་ཆེའི་ཡིག་ཚང་ནས་གསལ་བསྒྲགས་སྤེལ་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་སྡེ་ཚན་དེས་འབྲུག་ཆེན་རིན་པོ་ཆེ་མཆོག་གིས་ཤིང་ནགས་ས་ཡ་མང་པོ་འདེབས་འཛུགས་ཀྱི་ལས་གཞི་བརྒྱུད་དེ། ཧི་མ་ལ་ཡ་གཙོས་བའི་རྒྱལ་སྤྱིའི་རང་བྱུང་རླུང་ཁམས་དྭངས་གཙང་དང་ཁོར་ཡུག་སྲུང་སྐྱོབ། བུད་མེད་ཀྱི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་བཅས་ལ་དོ་ཁུར་དང་། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་བཞིན་ཡོད་པ། ༢༠༡༥ ལོར་བ་ཡུལ་ནང་ས་ཡོམ་བྱུང་སྐབས་མི་མང་སྟོང་ཕྲག་མང་པོའི་འཚོ་བ་དང་འཕྲོད་བསྟེན་ཐོག་སྦྱིན་བདག་གནང་ཡོད་པར་ངོས་འཛིན་བྱས་ཡོད་འདུག

གཞན། གནས་ཚུལ་ནང་ ༢༠༡༠ ལོར་ལ་དྭགས་ནང་ཆུ་ལོག་བྱུང་རྗེས། འབྲུག་ཆེན་རིན་པོ་ཆེ་མཆོག་གིས་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དྭངས་བླངས་བ་ ༩༠༠༠ ཙམ་ཆེད་གཏོང་གནང་སྟེ་སྡོང་ཕྲུག་ ༥༠༠༣༣ ལྷག་འདེབས་འཛུགས་བྱེད་དུ་བཅུག་ཡོད་པ་དང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞིན་མ་ ༡༡༢༠༠༠ ཡོད་པ་དང་། འབྲུག་ཆེན་རིན་པོ་ཆེས་ནམ་རྒྱུན་ཤིང་ནགས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ཙམ་མ་ཟད། འགྲོ་བ་མིར་དྭངས་གཙང་གི་མཁའ་དབུགས་མཁོ་འདོན་བྱེད་ཀྱིན་ཡོད་སྐོར་གསུང་གི་ཡོད་འདུག

གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། འབྲུག་ཆེན་རིན་པོ་ཆེ་མཆོག་ནས་བ་ཡུལ་རྒྱལ་ས་ཀ་ཐི་མན་ཊུ་རུ་འབྲུག་ཆེན་བཙུན་དགོན་ (Druk Amitabha Mountain nunnery)ཕྱག་བཏབས་ཏེ། འཛིན་སྐྱོང་བཙུན་མ་ཚོར་བྱེད་དུ་བཅུག་ཡོད་པ་དེས་ཕོ་མོ་འདྲ་མཉམ་མཚོན་ཡོད་པ་དང་། བཙུན་དགོན་དེར་ད་ལྟ་བཙུན་མ་ ༣༠༠ ལྷག་ལ་དེང་རབས་ཀྱི་ཤེས་ཡོན་སྤྲོད་བཞིན་ཡོད་པ་མ་ཟད། ཟུར་དུ་གནའ་བོའི་རྒྱ་ནག་གི་རིག་གནས་སྒྱུ་རྩལ་སོགས་ཀྱང་སློབ་འཁྲིད་བྱེད་ཀྱིན་ཡོད་པ་དང་། ཁོང་གིས་དུས་རབས་ ༡༧ པའི་ནང་ཕྱག་བཏབས་པའི་ལ་དྭགས་ཀྱི་ཧི་མེ་སི་དགོན་པར་ (Hemis monastery) ཡང་འཛིན་སྐྱོང་གནང་བཞིན་ཡོད་སྐོར་སོགས་བཀོད་འདུག

འབྲུག་ཆེན་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ནེའུ་ཡོག་གྲོང་ཁྱེར་འཐུས་མི་ལྕམ་མ་ལོན་ནི་ (Carolyn Maloney) གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། རྒྱ་གར་ནང་གི་ཁ་ཆེ་ཆོས་ལུགས་མཐུན་ཚོགས་ཀྱི་གཙོ་འཛིན་ཨལ་ཡ་སེ་ (Ahmed Ilyasi) དང་། རྗེན་ཆོས་ལུགས་ཀྱི་དབུ་ཁྲིད་མུ་ནེ་ (Lokesh Muni) མཆོག དེ་བཞིན། མ་ཧ་བྷོ་ཌེ་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་སང་གྷ་སི་ན་ (Bhikkhu Sanghasena) སོགས་འཛོམས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༨

Leave a Reply