ཁོར་ཡུག་སྲུང་སྐྱོབ་པ་ཞིག་འདས་གྲོངས་སུ་ཕྱིན།

ཉིན་ཤས་སྔོན་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་ཁོར་ཡུག་སྲུང་སྐྱོབ་པ་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་ཕྱིན་ཞིང་རྒྱ་ནག་གཞུང་གི་ངན་ཇུས་འོག་འཆི་རྐྱེན་བྱུང་བའི་དོགས་པ་ཆེན་པོ་གནང་གི་ཡོད་འདུག

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་ཡུལ་ཚོའི་མི་མང་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཡུལ་དེའི་གཉན་ཆེན་གོང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མྱུར་ཏུ་མཚམས་འཇོག་དགོས་པའི་ཞི་རྒོལ་གནང་སྐབས། ཞི་རྒོལ་སྣེ་འཁྲིད་པ་ཚེ་དབང་སྐྱབས་སོགས་མི་དྲུག་རྫོང་ཉེན་རྟོག་ཁང་དུ་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་དང་། ཕྱིས་སུ་བོད་མི་དྲུག་དེ་ཀློད་གྲོལ་བཏང་ཡོད་ཀྱང་ཚེ་དབང་སྐྱབས་ལ་ནད་གཞི་ལྕི་མོ་ཞིག་བྱུང་སྟེ་ཡུན་རིང་རྫོང་དང་ཁུལ། ཞིང་ཆེན་སོགས་ཀྱི་སྨན་ཁང་དུ་བསྟེན་གཏུག་བྱེད་དགོས་བྱུང་ཡོད་པ་དང་། ད་ལྟའི་བར་ཁྱིམ་དུ་བོད་སྨན་བསྟེན་ནས་བསྡད་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འདས་གྲོངས་སུ་ཕྱིན་ཞིང་། ཁོང་དགུང་ལོ་ ༥༤ ཙམ་ཡིན་འདུག

ཁོང་ལ་གློ་བུར་དུ་ངོས་མི་ཟིན་པའི་ནད་གཞི་ལྕི་མོ་ཕོག་རྗེས། ས་གནས་མི་མང་གིས་ཁོང་དང་གནས་རི་སྲུང་སྐྱོབ་པ་རྣམས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་བཀག་ཉར་བྱེད་སྐབས་དུག་སྨན་ཞིག་བརྒྱབ་ཡོད་མེད་ཀྱི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོང་ནད་མནར་གྱིས་ཡུན་རིང་ཁྱིམ་དུ་ལྷག་ཡོད་སྐབས། ས་གནས་མི་མང་གིས་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་འཇུག་རེ་ཞུ་རོགས་ཞེས་སྤྱི་ཚོགས་དྲ་ལམ་ནས་རེ་སྐུལ་ཡང་ཞུས་ཡོད་འདུག

ས་གནས་མི་མང་གིས་ཞི་རྒོལ་མཐའ་སྐྱེལ་གནང་བ་དང་ཨ་མཆོག་དམངས་ཁྲོད་ཀྱི་འཐུས་མི་ཚོགས་པས་སྙན་ཞུ་ཐེངས་མང་ཕུལ་བ་བརྒྱུད། གནས་སྐབས་རིང་གཏེར་ཁ་སྔོག་འདོན་མཚམས་འཇོག་གནང་ཡོད་ཀྱང་། རྫོང་སྲིད་གཞུང་གིས་ཨ་མཆོག་དམངས་ཁྲོད་ཀྱི་འཐུས་མི་ཚོགས་པ་དེ་ངོས་ལེན་མེད་པ་དང་། ཚོགས་པ་དེ་མེད་པ་བཟོ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་མི་མང་གིས་དང་ལེན་གནང་མེད་པ་རེད། ཞི་རྒོལ་སྐབས་ཚོ་བ་བརྒྱད་ཀྱི་མི་མང་གིས། ས་གནས་དཔོན་ངན་ཚེ་ཁོ་དང་ཀླུ་འབུམ་ཐར་ཟེར་བ་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་འཆམ་མཐུན་ལ་གཏོར་བཤིག་བཏང་སྟེ། གཡོ་ངན་ཧམ་ཟ་བྱས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་སྟབས། ཏང་དང་རྒྱལ་ཁབ་ལ་གཡོ་འགུལ་མེད་པའི་བཅའ་ཁྲིམས་ཤིག་ཡོད་ཚེ་མྱུར་ཏུ་དྲང་བདེན་གྱི་ལམ་སྣེར་འཁྲིད་རོགས་ཞེས་འབོད་སྐུལ་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༩

Leave a Reply