ཁྱོད་ཀྱིས་བོད་སྐད་བོད་ཡིག་སྦྱོང་མིན་དེ། ཁྱོད་ལ་ལྟོ་རྒྱབ་སྤྲོད་མིན་ཁོ་ནར་ཐུག་ཡོད་དམ།

བོད་སྐད་བོད་ཡིག་གི་ཆག་འཇིག་ལ་བློ་འཚབ་ཡོད་མཁན་སྐོར་ཞིག་གིས་བགྲོ་གླེང་གནང་སྟེ། ད་ལྟའི་བོད་སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱེན་གཙོ་བོ་དག་ནི་བོད་ནང་ནས་རྒྱ་ནག་གི་སྲིད་བྱུས་དང་བཙན་བྱོལ་ནང་ནས་བོད་སྐད་ཡིག་ལ་ཡིད་ཆེས་མེད་པ། བོད་ཕྱི་ནང་གཉིས་སུ་སྦྲག་སྐད་མང་བ་བཅས་ལ་ངོས་འཛིན་གནང་སོང་།

གཟའ་པ་སངས་ཉིན་གྱི་སྔ་དྲོར། དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་སྐད་ཡིག་དང་རིག་གནས། ངོ་བོ་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་གླེང་ཞིག་ཚོགས་སོང་། འགྲོ་གླེང་གཏམ་བཤད་པར་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་འབུམ་རམས་པ་མདའ་ཚན་བླ་མ་སྐྱབས་ལགས། ཝར་ན་མཐོ་སློབ་ཀྱི་བརྡ་སྤྲོད་དགེ་རྒན་ལྷག་པ་ཚེ་རིང་ལགས་དང་ས་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཇུ་བསྟན་སྐྱོང་ལགས། རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་མཚོ་དང་བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་པདྨ་མཚོ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་བཅས་ཕེབས་འདུག

སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་ཐེངས་འདིའི་འགྲོ་གླེང་སྐོར་ངོ་སྤྲོད་གནང་སྐབས། སྐད་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློའི་ཕྱི་ཤུན་དང་རིག་གཞུང་ནི་ནང་བསམ་བློའི་ཡང་སྙིང་རེད། འདི་དག་ལ་བརྟེན་ནས་མི་རིགས་གང་ཞིག་ཡིན་རུང་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ལྟར། ང་ཚོ་བོད་མི་རིགས་འདི་ལ་མཚོན་ན་ཡང་། ང་ཚོར་འཛམ་གླིང་སྒང་འདིར་ཡོད་པའི་སྐད་ཡིག་ཚད་ལྡན་ཀུན་ལ་ངོ་གནོང་མི་དགོས་པའི་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་ཟད། སྐད་ཡིག་དེ་ནི་ཟ་སྐད་འཐུང་སྐད་དང་། འགྲོ་འདུག་ཉལ་ཆག དགྲ་འདུལ་གཉེན་སྐྱོང་གི་ཆེད་དུ་བེད་སྤྱོད་བཏང་བ་ཙམ་མ་ཡིན་པར། བོད་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་བྱུང་གི་རིག་གཞུང་ནང་འདྲེན་ལ་བརྟེན་ནས། བོད་བཙན་པོའི་གདུང་རྒྱུད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་དང་རང་སྐྱ་འཕེར་མའི་མི་རིགས་ཤིག་གི་ངོ་བོར་བསྐྱེད་ཡོད་པ་ནི་བསྙོན་དུ་མེད་ཀྱང་། མི་ལོ་ལྔ་བཅུ་ཙམ་གྱི་སྔོན་ནས། རྒྱ་ནག་གཞུང་གིས་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་བཙན་འཕྲོག་དང་མི་རིགས་ཁ་འཐོར་དུ་བཏང་སྟེ། མི་རིགས་འདིའི་གསོན་ཤུགས་ཀྱི་སྲོག་ཤིང་ཉག་གཅིག་ཏུ་གྱུར་བའི་སྐད་ཡིག་དང་རིག་གཞུང་རྣམས་རིམ་གྱིས་ཉམས་རྒུད་བཏང་བར་བརྟེན། མི་རིགས་ཀྱི་ངོ་བོ་དང་རྩ་དོན་སོགས་བརླག་ཉེན་ཆེ་བའི་དུས་སྐབས་འདིར། བོད་སྐད་ཡིག་རྒྱུན་འཛིན་དང་རིག་གཞུང་དར་སྤེལ། ངོ་བོ་བརྒྱུད་སྤྲོད་བཅས་ཀྱི་སྐོར་ནས་ཁ་ཚ་དགོས་གཏུག་གི་མནོ་བསམ་བཏང་སྟེ། དེ་རིང་རིག་གཞུང་འགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན། ཞེས་བརྗོད་སོང་།

ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དབྱིན་ཡིག་ནང་འགྲེམས་སྤེལ་བྱས་པའི་སྐད་གཉིས་སློབ་གསོའི་སྐོར་གྱི་སྙན་ཐོ་ཞིག་ངོ་སྤྲོད་གནང་སོང་། བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་སྐད་ཡིག་གི་བྱུང་རིམ་ལོ་རྒྱུས་དང་འབྲེལ་བའི་ཡིག་ཚགས་དང་། སྔོན་བྱོན་མཁས་དབང་ཁག་ཅིག་གི་མཛད་རྗེས་དང་འབྲེལ་བའི་ལེགས་བཤད་སོགས་ངོ་སྤྲོད་གནང་སོང་ལ། མཇུག་ཏུ་ཁོང་གིས་བོད་སྐད་ཡིག་ཉམས་ཆག་གཏོང་མཁན་ནི་རྒྱ་ནག་གཞུང་གཅིག་པུ་མིན་པར་ང་ཚོ་བོད་པ་རང་ཉིད་ཀྱང་ཡིན་པ་དང་། དེ་ཡང་དེང་སྐབས་རང་མོས་སྙན་ངག་འབྲི་སྟངས་ལ་ཚག་ཤེད་གང་ཡང་མི་འཇོག་པ་ལྟ་བུས་མཚོན་གྱི་ཡོད་སྐོར་བརྗོད་སོང་། མདའ་ཚན་བླ་མ་སྐྱབས་ལགས་ཀྱིས་དེང་སྐབས་བོད་ཕྱི་ནང་གཉིས་སུ་བེད་སྤྱོད་གཏོང་བཞིན་པའི་ས་མིང་དང་། ཞིང་ཆེན་རིམ་པའི་མིང་དང་དངོས་མིང་། མི་མང་སོགས་ཀྱི་མཚོན་པའི་ཐ་སྙད་མང་པོ་ཞིག་གཅིག་གྱུར་གྱི་རྣམ་པ་དང་དེ་དག་བཀོལ་སྤྱོད་གཏོང་ཕྱོགས་ལ་དོ་སྣང་དང་གཟབ་ནན་བྱེད་དགོས། བོད་སྐད་ཡིག་བཀོལ་སྤྱོད་བྱེད་སའི་སྤྱི་ཚོགས་ཤིག་མེད་པ་ཆགས་སྟབས། སྤྱི་ཚོགས་དེའི་སྐད་ཡིག་ཀྱང་རང་བཞིན་གྱིས་མེད་པ་ཆགས་འགྲོ་གི་ཡོད་པ་དང་། སྐད་ཡིག་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས། མང་པོ་ཞིག་གིས་བོད་སྐད་ཡིག་ནི་བོད་མིའི་བླ་སྲོག་ཡིན་ཞེས་བཤད་ཀྱི་ཡོད་སྐོར་དང་། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ལྔ་གྲངས་ལ་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་ལ། སྐབས་དེའི་དམག་འཁྲུག་དེ་བོད་བསྟན་པ་ཆབ་སྲིད་དང་རང་ས་རང་ཡུལ་ལ་དམག་བརྒྱབ་པ་ཞིག་ཡིན་པ་མ་གཏོགས་བོད་སྐད་ཡིག་ཅེས་དམག་བརྒྱབ་མེད་པ་དང་། སྐབས་དེར་ང་ཚོའི་སྐད་ཡིག་ལ་ཉེན་ཁ་དེ་འདྲ་བྱུང་མེད་སྐོར་སོགས་བརྗོད་སོང་།

ལྷག་པ་ཚེ་རིང་ལགས་ཀྱིས་བོད་སྐད་ཡིག་དེ་བོད་མི་རིགས་ཀྱི་ངོ་བོ་དང་དེའི་གནད་འགག དཀའ་ངལ་འཕྲད་སྟངས་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་མི་ཕན་ཚུན་བར་སྐད་ཆ་བཤད་སྟངས་དང་ཐ་སྙད་སྤྱོད་སྟངས་སོགས་ལ་དོ་སྣང་བྱེད་དགོས་པ་དང་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་སྦྲག་སྐད་མང་པོ་བཤད་ཀྱི་ཡོད་པ་དང་། མང་པོ་ཞིག་གིས་སྦྲག་སྐད་དེ་ལ་ར་མ་ལུག་གི་སྐད་ཟེར་གྱི་ཡོད་ནའང་། ང་ཚོའི་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་གིས་བོད་སྐད་ཧིན་སྐད་དབྱིན་སྐད་སྲེ་བཞིན་པ་དེ་སྦྲག་སྐད་ཡིན་ཞིང་། དེ་ནི་བོད་སྐད་ཡིག་ཉམས་ཆག་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་དང་། ཉེན་ཁ་དེ་ཟློག་ཐབས་སུ། ཕ་མ་དང་དགེ་རྒན། མི་སྒེར་རེ་རེ་རང་ངོས་ནས་བོད་སྐད་ཡིག་ལ་དོ་སྣང་དང་ལག་ལེན་འཁེལ་དགོས། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་གཙོ་བོར་འཛིན་པའི་ཁོར་ཡུག་མེད་པའི་གནས་སྟངས་འོག ཕ་མ་ཚོས་རང་གི་བུ་ཕྲུག་ཚོ་གཞན་སྐད་གཙོར་འཛིན་གྱི་སློབ་གྲྭ་ཁག་ཏུ་མི་གཏོང་བར། བོད་སློབ་ཁག་ཏུ་གཏོང་དགོས། བོད་སྐད་བོད་ཡིག་གི་སློབ་གསོ་གཙོ་བོར་འཛིན་རྒྱུ་ནི་ཁ་ཚ་དགོས་གཏུག་ཆགས་ཡོད། དཀའ་ངལ་ཆེ་ཤོས་ཤིག་ནི་བོད་མི་མང་པོ་ཞིག་གིས་སོ་སོའི་སྐད་ཡིག་རིག་གཞུང་གི་རིན་ཐང་མ་རྟོགས་པ་དང་། དེ་ལ་ཡིད་ཆེས་མེད་པ། འགན་འཁུར་མེད་པ་བཅས་ཡིན་སྐོར་བརྗོད་སོང་།

བསོད་ནམས་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བཏོན་པའི་ཡིག་ཆ་དེ་ཚོར་བལྟས་ན། རྒྱ་གཞུང་གིས་སྐད་གཉིས་སློབ་གསོ་མེད་པ་བཟོ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་ཚང་མ་རྒྱ་ཡིག་ནང་བསྒྱུར་རྒྱུ། གྲངས་ཉུང་མི་རིགས་ཚང་མའི་སྐད་ཡིག་རྒྱ་ཡིག་ནང་གཅིག་གྱུར་བཟོ་རྒྱུ་དེ་རེད། རྒྱ་ནག་གིས་ད་དུང་ནུབ་ཕྱོགས་རྒྱལ་ཁབ་དབྱིན་ཇི་དང་ཨ་རི་སོགས་ལ་དཔེ་བླངས་ཏེ་མིང་བརྡ་ཚང་མ་རྒྱ་ཡིག་ནང་བཟོས་ཡོད་པ་དཔེར་ན། (Chinese) ཟེར་བ་དེ་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ཐུན་མོང་གི་མིང་ཡིན་ཚུལ་རྒྱ་ནག་གི་ཚིག་མཛོད་ཁག་ནང་གཏན་འབེབས་བྱས་འདུག (Chinese) ཟེར་བའི་བརྡ་ཆད་དང་དེའི་ཁར་(རྒྱ་ནག་མི་དམངས་)ཞེས་པའི་བརྡ་ཆད་དེ་གཉིས་ངོ་བོ་གཅིག་ཏུ་བཟོས་པ་སོགས་རྒྱ་ནག་གཞུང་གིས་བརྡ་ཆད་མང་པོར་འགྱུར་བ་བཏང་སྟེ། གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་མེད་པ་བཟོ་བཞིན་ཡོད། དཔེར་ན་མན་ཇི་མི་རིགས་ལྟ་བུ་རེད།

ཉེ་ཆར་ནས་རྒྱ་ནག་གིས་ཕྱི་སྐྱོད་ལག་འཁྱེར་ཐོག་ (Chinese) དང་(རྒྱ་ནག་གི་མི་སེར)ཞེས་བཀོད་ཡོད། དེ་བཞིན། ལོ་རྒྱུས་ཀྱི་སྒང་ནས་བལྟས་ན་ཡང་། རྒྱ་ནག་གིས་ (ཀྲུང་གོ་) ཞེས་པའི་བརྡ་ཆད་བཏགས་ཡོད། ཀྲུའུ་ནུབ་མའི་དུས་མཇུག་དང་ཀྲུའུ་ཤར་མའི་དུས་མགོ་ནས་བཟུང་ཐ་སྙད་དེ་ལབ་ཀྱི་ཡོད་འདུག རིམ་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་རྒྱ་སྐད་རྒྱ་ཡིག་ལ་སྒྱུར་བཞིན་འདུག དེ་ལྟར་བརྡ་ཆད་གཅིག་གྱུར་བཟོས་ཡོང་བའི་སྐབས་ལ། (Chinese) ཟེར་བ་དེ་རྒྱ་རིགས་དང་རྒྱ་སྐད་ལ་གོ་ཡི་ཡོད་སྟབས། གྲངས་ཉུང་མི་རིགས་ཁག་ཚང་མ་རྒྱ་ནག་ཐུན་མོང་གི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོར་བསྒྱུར་བ་རེད། དེར་བརྟེན། ང་ཚོས་རྒྱ་ནག་གིས་བརྡ་ཆད་མང་པོ་གཅིག་གྱུར་བཟོ་བཞིན་པ་དེའི་རྒྱབ་ལྗོངས་དང་དེའི་སྒྲུབ་བྱེད་ལ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་ནག་གིས་བོད་སྐད་ཡིག་སློབ་གསོར་འགྱུར་བ་བཏང་བ་དེ་ཡང་ཉེ་ཆར་གྱི་གནས་ཚུལ་ཙམ་མ་ཡིན་པར། ཉེ་རབས་ལོ་རྒྱུས་ནང་བལྟས་ན། དེ་ཡོན་རྒྱལ་རབས་སྐབས་ནས་ལག་བསྟར་བྱས་ཡོང་བ་ཞིག་རེད། རྒྱ་ནག་གི་ཐ་སྙད་དབང་སྒྱུར་འོག་མན་ཇི་མི་རིགས་འདུལ་སྦྱོང་བྱས་ཟིན་པ་དང་། ད་ཆར་བོད་དང་གུ་ཡུར་གི་མི་རིགས་ཐ་སྙད་གཅིག་གྱུར་ལ་བརྟེན་ནས་འདུལ་སྦྱོང་བྱེད་ཀྱིན་ཡོད་སྐོར་སོཊ་བརྗོད་སོང་།

ཉི་མ་མཚོ་ལགས་ཀྱིས་བོད་སྐད་ཡིག་ནི་ང་ཚོས་བྱིས་པ་ཚོར་བརྒྱུད་སྤྲོད་བྱེད་དགོས་པའི་སྙིང་ནོར་ཡིན། བྱིས་པ་ཚོ་ནི་མ་འོངས་བོད་རྒྱལ་ཁབ་དང་བོད་སྐད་ཡིག་གི་བདག་པོ་འཁྲུལ་མེད་ཡིན་སྟབས། ང་ཚོས་བྱིས་པའི་སྐད་ཡིག་སློབ་གསོ་དེ་ཁ་ཡོད་ལག་ཡོད་ཀྱིས་གཙུག་འཛིན་བྱེད་དགོས། བྱིས་པ་སློབ་སྐྱོང་བྱེད་པ་ནི་བོད་སྐད་ཡིག་རྒྱུན་གནས་ཀྱི་སྲོག་རྩ་ལྟ་བུ་ཡིན་སྟབས། ང་ཚོས་རང་མི་རིགས་ལ་བདག་པོ་རྒྱག་འདོད་ཚེ། ང་ཚོས་བྱིས་པའི་སྐད་ཡིག་སློབ་གསོར་བདག་པོ་རྒྱག་དགོས། ང་ཚོ་དང་བྱིས་པ་ནི་མི་རིགས་འདིའི་སྔ་ཕྱིའི་མཐུད་མཚམས་ལྟ་བུ་ཆགས་ཡོད། བྱིས་པ་ཁོ་ན་མི་རིགས་འདིའི་སྲོག་གི་རྒྱུ་བ་ལྟ་བུ་ཆགས་ཡོད། ཞིབ་འཇུག་རྒྱུས་ལོན་ལྟར་ན། ད་ཆར་བཙོན་བྱོལ་ནང་བྱིས་པ་ ༢༡༠༠༨ ཡས་མས་ཤིག་དང་བོད་སློབ་གྲྭ་ཁག་ ༧༡ ཙམ། བྱིས་པའི་ཀློག་དེབ་ ༡༩༥ ཙམ་ཡོད་ནའང་བོད་སྐད་གཙང་མ་བཤད་ཤེས་མཁན་དང་བོད་སྐད་ཡིག་གིས་རང་མགོ་འཐོན་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཐ་ན་བརྙན་འཕྲིན་དང་དཔེ་ཁུག རླངས་འཁོར་དང་གཏམ་བརྗོད། ཤིང་ཏོག་ཁུ་བ་དང་འགེངས་ཤོག བདེ་མོ་བྱས་སོགས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཐ་སྙད་དེ་དག་མི་ཤེས་མཁན་དང་མི་སྤྱོད་མཁན་བྱིས་པ་ ༡༠༠ ནས་ ༩༠ བར་ཟིན་གྱི་ཡོད་སྐོར་སོགས་བརྗོད་སོང་།


འཇུ་བསྟན་སྐྱོང་ལགས་ཀྱིས་བོད་སྐད་ཡིག་བཤད་ཡོང་དུས། དེའི་སྲོག་རྩ་དེ་རིག་གཞུང་ལ་ཐུག་ཡོད། རིག་གཞུང་དེ་རྩ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ང་ཚོས་བཤད་ཀྱིན་པའི་བོད་སྐད་ཡིག་དང་ངོ་བོའི་ལྟེ་བ་དེ་རིག་གཞུང་ལ་ཐུག་ཡོད། རིག་གཞུང་སྲུང་སྐྱོང་བྱེད་ཐབས་སུ་ང་ཚོས་བོད་སྐད་ཡིག་དང་ངོ་བོ་མ་བརླག་པར་སྲུང་སྐྱོབ་བྱེད་དགོས། དེ་ཡང་ང་ཚོས་ཐོག་མར་རིག་གཞུང་གི་རིན་ཐང་ཤེས་དགོས་པ་གལ་ཆེན་པོ་ཡིན། ང་ཚོས་རིག་གཞུང་གི་རིན་ཐང་ཤེས་ན། ང་ཚོས་བོད་མི་རིགས་ཀྱི་ངོ་བོ་དང་བོད་སྐད་ཡིག་གི་རིན་ཐང་ཤེས་ཐུབ། ང་ཚོར་རིག་གཞུང་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར། ང་ཚོས་བོད་རང་གི་རིག་གཞུང་དེ་ཤེས་དགོས་པ་དང་། དེ་ཤེས་ཐབས་སུ་ང་ཚོས་བོད་རང་གི་རིག་གཞུང་ལོ་རྒྱུས་ལ་ལྟ་དགོས། རིག་གཞུང་ལོ་རྒྱུས་ལ་བལྟས་ཡོང་ན། ང་ཚོས་རྩོམ་རིག་ལོ་རྒྱུས་དང་བརྡ་སྤྲོད་ལོ་རྒྱུས། གསོ་རིག་ལོ་རྒྱུས་དང་ཚན་ཉིད་རིག་པའི་ལོ་རྒྱུས། ནང་དོན་རིག་པའི་ལོ་རྒྱུས་སོགས་ཀྱི་རིན་ཐང་སྔོག་དགོས་པ་དང་། དེ་དག་ལ་ང་ཚོས་དོ་སྣང་བྱེད་དགོས་པ་རེད། ལོ་རྒྱུས་ཟེར་བ་དེ་ཆབ་སྲིད་དང་འབྲེལ་བའི་འཐབ་རྩོད་གཅིག་པུ་མིན་པར། རིག་གཞུང་གི་སྒང་ནས་ལྟ་དགོས། ལོ་རྒྱུས་མ་ཤེས་ན་ང་ཚོས་རིག་གཞུང་གི་ཁུངས་སྐྱེལ་རྒྱུ་ཁག་པོ་ཡིན་སྟབས། ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གི་ངོ་བོ་ཤེས་དགོས་པ་གལ་ཆེན་པོ་ཡིན། ཁོར་ཡུག་གི་རྐྱེན་གྱིས་དེང་སྐབས་སྦྲག་སྐད་མང་པོ་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་ཡང་ང་ཚོའི་ཆབ་སྲིད་དང་འབྲེལ་བའི་ཐ་སྙད་དང་། ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་སོགས་ལ་འགྱུར་བ་བཏང་ཡོང་དུས། ང་ཚོས་རང་ཉིད་ཀྱི་བླ་ན་མེད་པའི་རིག་གཞུང་དེ་སྲུང་སྐྱོབ་དང་དེའི་རིན་ཐང་རྟོགས་དགོས་པ་རེད། དེ་བཞིན། ང་ཚོས་ད་དུང་དམངས་ཁྲོད་ཀྱི་ངག་རྩལ་དང་རིག་རྩལ་སྒྱུ་རྩོལ་སོགས་རིག་གནས་ཆུང་ཚགས་རིགས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་རང་སྐད་ཡིག་ལ་བདག་པོ་རྒྱག་སྟངས་ཐད་ནས། ཕ་མ་ནས་བྱིས་གཉོར་ཁང་དང་སློབ་གྲྭང་ཆུང་འབྲིང་བར་བྱིས་པའི་སྐད་ཡིག་སློབ་གསོར་བདག་པོ་རྒྱག་དགོས་པ་བཅས་རིམ་པ་མང་པོ་ཡོད། གཙོ་བོ་ཆེ་བ་དེ་མི་རིགས་ཤིག་གི་སྐད་ཡིག་དེ་ཡག་པོ་ཡིན་མིན་དང་ཚད་ལྡན་ཡིན་མིན་དེ་བྱ་ཚིག་དང་རྒྱན་ཚིག་གི་ནུས་ཚད་ལ་ཐུག་ཡོད། མིང་ཚིག་གི་མང་ཉུང་དེ་རིག་གཞུང་གི་ཕྱུག་ཚད་ལ་ལྟ་བྱེད་ཅིག་ཡིན་པ་དང་། སྐད་ཡིག་གི་ཁྱད་ཆོས་གཙོ་བོ་དེ་བྱ་ཚིག་དང་རྒྱན་ཚིག་གི་སྟེང་ན་ཡོད་པ་དང་། ལྷག་པར་དུ་བྱ་ཚིག་གལ་ཆེན་པོ་ཡིན། ད་ཆར་ང་ཚོས་བྱ་ཚིག་མང་པོ་ཞིག་བརླག་པའམ་བེད་སྤྱོད་གཏོང་ཐུབ་ཀྱི་མེད། ཡིག་སྒྱུར་བྱེད་མཁན་ཚོས་དབྱིན་ཡིག་གི་བྱ་ཚིག་དེ་བོད་ཡིག་གི་བྱ་ཚིག་ལ་མ་བསྒྱུར་བར་འགྲེལ་བཤད་རྐྱང་རྐྱང་ལ་བསྒྱུར་འདུག དབྱིན་ཡིག་གི་བྱ་ཚིག་དེ་བོད་ཡིག་གི་བྱ་ཚིག་ལ་མ་བསྒྱུར་བ་ཡིན་ན། དེའི་ཉམས་འགྱུར་འཐོན་ཐུབ་ཀྱི་མེད། གནད་དོན་དེ་ད་ལྟ་ཙམ་མ་ཡིན་པར་སྔོན་མ་ནས་བྱུང་བའི་སྐྱོན་ཆ་ཞིག་ཡིན་སྟབས། ང་ཚོས་བྱ་ཚིག་སྐོར་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན། ལྷག་པར་དུ་རྩོམ་རིག་ཁྲོད་བྱ་ཚིག་དང་རྒྱན་ཚིག་བེད་སྤྱོད་གཏོང་མ་ཐུབ་ཚེ། རྩོམ་དེར་རྩོམ་རིག་གི་མཛེས་དཔྱོད་དང་ཉམས་འགྱུར་ཡོང་གི་ཡོད་མེད། ཚིག་གི་ཉམས་དང་འགྱུར་བ་དེ་གཙོ་བོ་བྱ་ཚིག་གི་སྟོན་གྱི་ཡོད་སྟབས། བྱ་ཚིག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

པདྨ་མཚོ་ལགས་ཀྱིས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་རིག་གནས་ཀྱི་ཁ་ཕྱོགས། བོད་སྐད་ཡིག་གི་གནས་ཚད་གང་ལ་བལྟས་ཀྱང་། བོད་སྐད་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་དེ་བོད་སྐད་བོད་ཡིག་གསར་དུ་སྦྱོང་བ་དང་། སྔར་སྦྱངས་པ་དེ་ཡར་རྒྱས་གོང་འཕེལ་གཏོང་བའི་ལམ་ཁ་ཡག་ཤོས་ཤིག་ཡིན། ཁ་སང་དེ་རིང་འཛམ་གླིང་གི་གྲུ་ཟུར་གང་སར་ཁྱབ་ཆེ་བའི་དབྱིན་ཡིག་དབྱིན་སྐད་ལྟ་བུར་མཚོན་ན། དབྱིན་ཡིག་དབྱིན་སྐད་ཀྱི་གསར་འགྱུར་རྣམས་སྐད་ཡིག་དེ་སྦྱོང་མཁན་སོ་སོ་སྒེར་ལ་དབང་བའི་འཛིན་ཁང་རེ་རེ་ལྟ་བུ་ཆགས་ཡོད། གསར་ཁང་དེ་དག་གི་གསར་འགྱུར་རྣམས་དབྱིན་སྐད་ཚད་མཐོན་པོ་ཡོད་མཁན་ཚོས་ལྟ་ཀློག་བྱེད་ས་དང་ཤེས་ཚད་དམའ་བས་ལྟ་ཀློག་བྱེད་ས་བཅས་རིམ་པ་མང་པོ་ཡོད་པ་དང་། གསར་ཁང་རང་གི་ངོས་ནས་ཆེད་དུ་གཉེར་ཏེ་དབྱིན་ཇིའི་སྐད་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད་པ་རེད། ང་ཚོར་བོད་སྐད་ཡིག་གི་གནས་ཚད་མི་འདྲ་བ་ལ་གསར་འགྱུར་གྱི་སྡིངས་ཆ་མི་འདྲ་བ་དེ་འདྲ་མེད་ནའང་། སྤྱི་གསར་འགྱུར་རྩོམ་ཡིག་དང་རླུང་འཕྲིན་བརྙན་འཕྲིན་གང་ཡིན་ཡང་། བོད་ཡིག་བོད་སྐད་གསར་དུ་སྦྱོང་བ་དང་། དེ་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པའི་ཁྱད་ཆོས་གཞན་དང་མ་འདྲ་བ་ཞིག་དགོས་ཀྱི་ཡོད། དེ་ཡང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཐ་སྙད་དང་། ཀློག་བདེ་བ་དང་གོ་བདེ་པོ། ཡིད་ལ་འཇུག་བདེ་བོ། གལ་གནད་འབུར་དུ་འཐོན་ཐུབ་པ་ཞིག་དགོས། ད་ཆར་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ནས་ཁ་འཐོར་དགུ་འཐོར་དུ་ཕྱིན་པའི་སྐབས་འདིར། ང་ཚོའི་མ་འོངས་པའི་སོན་རྩ་ཟེར་བའི་ཕྲུ་གུ་ཚོ་མི་རིགས་གཞན་གྱི་སྤྱི་ཚོགས་འདྲ་མིན་དང་། སོ་སོའི་སྐད་ཡིག་གི་དྲི་མ་ཙམ་ཡང་ཚོར་རྒྱུ་མེད་པའི་གཞན་གྱི་རིག་གནས་ཁོར་ཡུག་ནས་འཚར་ལོངས་འབྱུང་གི་ཡོད་པ་དང་། བོད་སྐད་ཡིག་གི་གནས་བབ་དེ་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་ཡོད་སྟབས། ཁ་བཤད་ཙམ་མ་ཡིན་པར། ང་ཚོ་ཕ་མ་དང་དགེ་རྒན། སློབ་གྲྭ། གསར་འགྱུར་བརྒྱུད་ལམ་ཁག་བཅས་སྤྱི་ཚོགས་ལས་རིགས་སོ་སོ་ནས་བོད་སྐད་ཡིག་སློབ་གསོར་འགན་འཁུར་དགོས་པ་དང་། དེ་ཁ་ལག་གཉིས་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༤/༠༨

Leave a Reply

One thought on “ཁྱོད་ཀྱིས་བོད་སྐད་བོད་ཡིག་སྦྱོང་མིན་དེ། ཁྱོད་ལ་ལྟོ་རྒྱབ་སྤྲོད་མིན་ཁོ་ནར་ཐུག་ཡོད་དམ།

  1. ཤེལ་དཀར་བློ་བཟང་།

    གསར་འགོད་པས་དག་ནོར་མང་པོ་ཤོར་འདུག དཔེར་ན་སྦྲགས་སྐད་ལ་སྦྲག་སྐད་བྲིས་པ་ལྟ་བུ།