ཁྱོད་ཀྱིས་ཡེ་ཤུའི་སྐོར་ལ་ཤེས་ཀྱི་མེད་པའི་གནས་ཚུལ་ལྔ།

སུ་ཨན་ཨན་གསར་ཁང་གིས་ ༢༠༡༧།༤།༡༤ ཉིན་སྤེལ།

འབྱུང་འགྱུར་གྱི་ལིཎ་ཊ་(Lent ཡེ་ཤུའི་ཆོས་ལུགས་ཀྱི་ཉིན་གྲངས་ ༤༠ རིང་སྨྱུང་གནས་ཀྱི་དུས་ཚིགས་ཤིག་གི་མིང་།)དུས་ཆེན་ལ་སི་ཨེན་ཨེན་གསར་ཁང་གིས་ལེ་ཚན་ལེའུ་ཅན་ ༼    ཇཱི་སཱུས་འཚོལ་བ།  ༽   ཞེས་པ་ཞིག་གོ་སྒྲིག་བྱ་འཆར་ཡོད། ལེ་ཚན་དེ་བརྒྱུད་ནས་ཁྱོད་ཀྱིས་ཡེ་ཤུའི་སྐོར་གྱི་གནས་ཚུལ་མང་པོ་ཤེས་རྟོགས་ཡོང་བའི་རེ་བ་ཡོད།

ཁྱོད་ཀྱིས་དཔེ་དེབ་གསར་པ་ཞིག་ཏུ་ཧ་ཅང་ཡིད་ཆེས་དཀའ་བའི་ཡེ་ཤུའི་སྐོར་གྱི་ “སྒྲུང་ངོ་མ་”ཞེས་པ་ཞིག་འཁོད་ཡོད་པ་དེ་མཐོང་མྱོང་ཡོད་ངེས། ངའི་གྲོགས་པོ་ཁ་ཤས་ཀྱིས་དྲྭ་རྒྱ་བརྒྱུད་དེ་ལྷ་ཡི་སྲས་ཡེ་ཤུ་སྐོར་གྱི་གསང་བ་ཟེར་བ་ཞིག་མཐོང་མྱོང་འདུག་སྟབས། ངའི་ལས་རོགས་དང་གྲོགས་པོ་གཞན་འགའ་ཞིག་གིས་དཔེ་དེབ་དང་དྲ་རྒྱ་དེ་དག་ནང་འཁོད་ཡོད་པའི་གནད་དོན་དེ་རྣམས་རྫུན་མ་ཡིན་པར་དཔང་བོ་བྱེད་ཐུབ་ཟེར་ནས་ང་ལ་རྩོད་པ་ཤུགས་ཆེན་པོ་བརྒྱབ་སོང་།

འོན་ཀྱང་། ང་ཚོས་ཤེས་དགོས་པ་ཞིག་ལ། ཡེ་ཤུའི་སྐོར་གྱི་གནས་ཚུལ་དེ་དག་བསམ་པ་རྣམ་དག་གིས་ཞིབ་འཇུག་ནན་ཏན་བྱས་པ་ཞིག་རེད། ད་ལྟ་ང་ཚོས་ཤེས་པའི་ཡེ་ཤུའི་སྐོར་དེ་དག་ཚང་མའང་ལོ་ངོ་ ༢༠༠༠ སྔོན་ནས་ཚང་མས་ཤེས་ཡོད་པ་ཤ་སྟག་རེད། ཡེ་ཤུའི་ཆོས་པ་ཚོས་ཀྱང་ཡེ་ཤུའི་བསྟན་བཅོས་ནང་མངོན་པར་མི་གསལ་བའི་ཚུལ་དུ་འཁོད་ཡོད་པ་དེ་དག་རྗེས་སུ་ཤེས་རྟོགས་བྱུང་སྐབས་ཡ་མཚན་སྐྱེ་བཞིན་འདུག་ཟེར། དེ་ནི་དེང་དུས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་གནའ་རྫས་ཞིབ་འཇུག་པ་དག་གི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་སྩལ་ལ་བརྟེན་ཏེ། ཡེ་ཤུའི་མི་ཚེ་དང་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་གནས་ཚུལ་རྣམས་སྔར་ལས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་ཕྱིན་པ་རེད།

གནད་དོན་དེ་དག་སེམས་ལ་བཟུང་ནས་འདིར་ངས་ཕལ་ཆེར་ཁྱོད་ཀྱིས་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་ལྔ་འགོད་རྒྱུ་ཡིན།

༡) ཇཱི་སཱུས་(Jesus ཡེ་ཤུའི་མིང་གི་རྣམས་གྲངས།)གྲོང་རྡལ་ག་བ་ནས་ཀྱང་ཕེབས་མེད།
ད་ལྟའི་གནའ་རྫས་ཞིབ་འཇུག་པ་ཚང་མས་མགྲིན་གཅིག་ཏུ་ཎ་ཛ་རཊ་(Nazareth)གྲོང་རྡལ་ནི་མི་གྲངས་ ༢༠༠ ནས་ ༤༠༠ ཙམ་གྱིས་རྟེན་གཞི་བྱེད་པའི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་པར་ངོས་འཛིན་བྱེད། སྤྱིར་ཡེ་ཤུའི་ཞལ་ཆད་རྙིང་པ་དང་ཡཱ་ཧུ་ད་པའི་ཁྲིམས་ཡིག་སོགས་སུ་གྲོང་རྡལ་བཅུ་ཕྲག་ཁ་ཤས་ཀྱི་མིང་འཁོད་ཡོད་ཀྱང་། ཇཱི་སཱུས་ཀྱི་ཁྱིམ་གཞི་ཡོད་ས་འདི་རེད་ཅེས་གྲོང་རྡལ་གྱི་མིང་བཀོད་ཡོད་པ་ཞིག་གང་དུའང་མེད།

དྲང་པོར་བཤད་ན། ཡེ་ཤུའི་ཞལ་ཆད་གསར་པའི་ནང་དགོད་བྲོ་བའི་སྐད་ཆ་ཞིག་ཡོད་པ་ནི། ཇཱོན་(John)གྱིས་བརྩམས་པའི་ཡེ་ཤུའི་གྲུབ་མཐའི་ནང་། ཎ་ཋ་ཎེ་འུལ་(Nathanael)ཞེས་པའི་མི་ཞིག་གིས་སྟོན་པ་མ་ཤི་ཀ་ནི་ཎ་ཛ་རཊ་ཀྱི་ཇཱི་སྰུས་ཡིན་ཞེས་ཐོས་མྱོང་ཡོད་སྟབས། ཎ་ཋ་ཎེ་འུལ་གྱིས་ཎ་ཛ་རཊ་ཟེར་བ་དེ་ནས་གནས་ཚུལ་ཡག་པོ་དེ་ལྟ་བུ་ཞིག་འབྱུང་སྲིད་དམ་ཞེས་དོགས་སློང་བྱས་ཡོད་པ་དང་། དེར་ཇཱོན་གྱིས་ཎ་ཋ་ཎེ་འུལ་ཡིས་ཇཱི་སཱུས་ཕེབས་པའི་མཐའ་འཁོབ་གྲོང་རྡལ་དེར་དམའ་འབེབས་བྱས་སོང་ཞེས་སྐྱོན་བརྗོད་བྱས་པ་དེ་ནི་མགོ་མ་འཚོས་པའི་སྐད་ཆ་རེད།

༢) ཇཱི་སཱུས་ནི་ཐམས་ཅད་མཁྱེན་པ་ཞིག་ཧ་ལམ་མ་རེད།
འདི་ནི་ཆོས་ལུགས་རྣམ་བཞག་གི་ངོས་ཐད་ནས་བཤད་ན་དྲི་བ་ཧ་ཅང་རྣོན་པོ་ཞིག་རེད། གལ་སྲིད་ཇཱི་སཱུས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་ན་ཁོང་གིས་ཐམས་ཅད་མཁྱེན་དགོས་པ་མ་རེད་དམ། (འདུ་འཛོམས་ཁ་ཤས་སྐབས་ཇཱི་སཱུས་ཀྱིས་རང་ཉིད་འཆི་རྒྱུ་ཡིན་པ་དང་། དེ་ནས་སླར་གསོན་རྒྱུ་ཡིན་པའི་ལུང་བསྟན་ཡོད་པ་བསྟན་བཅོས་ཁ་ཤས་ནང་འཁོད་ཡོད།)

ཡང་གཅིག་བཤད་ན། གལ་སྲིད་ཁོང་ལ་མིའི་སེམས་འགྱུ་ལྡན་ན་ཁོང་གིས་སྔོན་ལ་ངེས་པར་དུ་ཁ་ཤས་ཤིག་སྦྱང་དགོས་པ་རེད། ལཱུཀ་ཀྱིས་(luke)བརྩམས་པའི་ཡེ་ཤུའི་གྲུབ་མཐའི་ནང་ཇཱི་སཱུས་ལོ་ན་ཆུང་དུས་སྐབས་ཤེས་རབ་འཕེལ་རྒྱས་བྱུང་ཡོད་ཅེས་གསལ་ཡོད། དེས་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། ཁོང་གིས་གསན་བསམ་གནང་བ་བསྟན་ཡོད། (དེ་མིན་འཕེལ་རྒྱས་ཞེས་པའི་ཚིག་དེ་འབྲི་དགོས་དོན་མེད།)

མཱར་ཀཱ་(Mark)ལགས་ཀྱི་ཡེ་ཤུའི་གྲུབ་མཐའི་ནང་། ཇཱི་སཱུས་ཀྱིས་ཐོག་མར་ཇཱིའུ་(Jewish)ཆོས་ལུགས་ཀྱི་རྗེས་འཇུག་མིན་པའི་བུད་མེད་ཅིག་གི་སྡུག་བསྔལ་སེལ་བར་ངོས་ལེན་བྱས་མེད། (བུད་མེད་དེ་ན་བཞིན་པའི་སྐབས་སུ་ཁོ་མོའི་ཨ་མ་ལགས་ཇཱི་སཱུའུ་གམ་དུ་ཕྱིན་ཏེ་མོ་རང་གི་བུ་མོ་ན་བའི་སྡུག་བསྔལ་དེ་སེལ་ཐུབ་བྱེད་དགོས་པའི་རེ་བ་ཞུས་ཡོད།) སྐབས་དེར་ཇཱི་སཱུའུ་ཡིས་ནན་ཏན་སྒོས་ “བྱིས་པ་ཞིག་གི་ཟས་ཕྲོགས་ཏེ་ཁྱི་ཞིག་ལ་སྤྲོད་པ་ནི་ཡག་པོ་མ་རེད།” ཅེས་གསུངས་ཡོད། ཨ་མ་དེས་སླར་ཡང་ཁྱི་ཡིན་ཡང་ཅོག་ཙེའི་སྟེང་གི་ཟས་ལྷག་ཟ་རྒྱུའི་གོ་སྐབས་ཡོད་པ་རེད་ཅེས་ལན་བཏབ་ཡོད་པས། གཞི་ནས་ཇཱི་སཱུས་ཀྱི་སེམས་ལྷོད་ལ་བབས་ཏེ་བུད་མེད་དེའི་སྡུག་བསྔལ་སེལ་བར་བྱས་ཡོད་པ་རེད། དུས་དེ་ནས་བཟུང་ཇཱི་སཱུས་ཀྱིས་རང་གི་རྗེས་འཇུག་ཇཱི་ཝཱུ་མི་(Jewish)ཁོ་ན་ཙམ་མིན་པར། རིམ་གྱིས་ག་ས་གང་དུ་ཁོང་གི་རྗེས་འཇུག་པ་དར་ཁྱབ་འགྲོ་བཞིན་ཡོད་པ་ཚོར་བ་རེད།

༣) ཇཱི་སཱུས་ལའང་སྐུ་ངལ་འཕྲད་མྱོང་ཡོད།
ཇཱི་སཱུས་ཀྱིས་རང་ལོ་ ༡༢ ནས་ ༣༠ བར་དུ་ཎ་ཛ་རཊ་ས་གནས་སུ་ཤིང་བཟོའི་ཕྱག་ལས་གནང་བ་རེད། ཕྱིས་སུ་ཁོང་གིས་གསུང་ཆོས་གནང་མགོ་བརྩམས་སྐབས་མི་རྣམས་ཀྱིས་ཕན་ཚུན་ “འདི་ནི་ཤིང་བཟོ་བ་དེ་མིན་ནམ།”ཞེས་ཧང་སང་སང་གིས་སྐད་ཆ་དྲིས། གྷི་རིཀ་སྐད་དུ་(Greek)ཇཱི་སཱུས་ཀྱི་ཕྱག་ལས་ལ་ཚིག་ཊིཀ་ཊོན་(Tekton)ཞེས་བྲིས་ཡོད། ཚིག་དེ་བསྒྱུར་ན་ཤིང་བཟོ་བའི་དོན་རེད། འོན་ཀྱང་། དེང་དུས་ཀྱི་མཁས་པ་མང་པོ་ཞིག་གིས་ཁོ་ནི་ཤིང་བཟོ་བ་མིན་པར་ལག་ཤེས་པ་དཀྱུས་མ་ཞིག་རེད་ཟེར། དེར་བརྟེན། མཁས་དབང་ཁ་ཤས་ཀྱིས་ཚིག་དེ་ “ཉིན་རེའི་ངལ་རྩོལ་པ།” ཞེས་ཀྱང་བསྒྱུར་ཡོད།

གནའ་བོའི་ཊིཀ་ཊོན་པ་ནི་ཁང་པའི་སྒོ་དང་ཅོག་ཙེ། ཞུ་མར་སློང་ས། ཐོང་བཤོལ་སོགས་བཟོ་མཁན་རེད། དེར་མ་ཟད་ཁོང་གིས་ཕལ་ཆེར་རྡོའི་རྩིག་གྱང་དང་ཁང་པ་གསར་བཟོ་སོགས་ཀྱི་སྐབས་སུའང་རོགས་པ་བྱས་ཡོད་ཚོད་འདུག ཁོང་ལ་སྐུ་ངལ་འཕྲད་པ་རེད་ཟེར་སྐབས་ཁོང་གིས་མི་ཚེ་ནང་སྐུ་ངལ་བསྐྱོན་པ་གོ་ཐུབ། ཁོང་གིས་ལག་ཆ་བཟུང་སྟེ་གྷ་ལི་ལཱི་(Galilee)ཡི་ས་གནས་གང་སར་ཤིང་ལས་དང་རྡོ་ལས་སོགས་ཀྱི་ཕྱག་ལས་གནང་ཡོད། ཇཱི་སཱུས་ཀྱིས་ཤིང་དུམ་རེ་ཟུང་གི་ལས་ཀ་བྱས་ཏེ། རྨི་ལམ་རྨས་བ་ལྟར་འཛམ་གླིང་ཐོག་ཁོང་ལ་གདེང་འཇོག་འདི་ལྟ་བུ་ཐོབ་པ་མ་རེད། ཁོང་གིས་བསྟུན་མར་ལོ་ངོ་ ༡༨ རིང་དཀའ་ལས་ཧ་ཅང་ཆེན་པོ་བརྒྱབ་ཡོད།

༤) ཇཱི་སཱུས་སྐུ་སྒེར་གྱི་དུས་ཚོད།
ཡེ་ཤུའི་གྲུབ་མཐའ་ཁག་གི་ནང་དུ་ཇཱི་སཱུས་ཐེངས་ཁ་ཤས་ལ་མི་མང་དང་རང་གི་སློབ་མའི་ཁྲོད་མ་བཞུགས་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་གསལ་པོར་འཁོད་ཡོད། ཡེ་ཤུའི་གྲུབ་མཐའི་ནང་ཇཱི་སཱུས་ཀྱིས་རང་གི་ཆབ་འབངས་ཆོས་ཀྱིས་བསྐྱངས་བར་གྲགས་པའི་གྷ་ལི་ལཱི་(Galilee)མཚོ་འགྲམ་དུ་སྤྲོ་གསེང་ལ་ཕེབས་བཞིན་ཡོད་ཚུལ་འཁོད་ཡོད། ད་དུང་ཇཱི་སཱུས་ཀྱིས་ཀཱ་པིར་ནཱམ་(Capernaum)གྱི་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་ཤཱོ་རི་ལཱིན་(Shoreline)ས་གནས་ཀྱི་བྲག་ཕུག་ཁོ་རང་གི་གསོལ་བ་སྨོན་ལམ་འདེབས་སའི་བསྟི་གནས་ལྟ་བུ་གནང་ཡོད། བྲག་ཕུག་དེའི་མིང་ལ་ “ཨི་རི་མོས་བྲག་ཕུག་”(Eremos Cave)ཅེས་ཟེར་བ་དང་། ཁོང་དེར་བཞུགས་སྐབས་རི་ཁྲོད་པ་ཞེས་མིང་ཐོག་ཡོད། ཇཱི་སཱུས་ནི་ལྷ་ཡི་སྲས་ཡིན་ཟེར་ཀྱི་ཡོད་ཀྱང་། ཁོང་ལའང་རང་གི་ཡབ་དང་མཉམ་དུ་སྨོན་ལམ་རྒྱག་པའི་དུས་ཚོད་ཅིག་དགོས་ཀྱི་ཡོད་པ་རེད།

༥) ཇཱི་སཱུས་རང་ཉིད་མྱ་ངན་ལས་འདའ་འདོད་མེད།
ཇཱི་སཱུས་ཀྱིས་འཆི་དུས་བསླེབ་ལ་ཉེ་སྐབས་གྷིཊ་སེ་མཱི་ཎི་(Gethsemane)སྐྱེད་ཚལ་དུ་རང་གི་ཡབ་ལ་ “སྡུག་བསྔལ་གྱི་ཕོར་བ་དེ་ཕར་བསྣམས་ཕེབས་རོགས་གནང་།”ཞེས་སྨོན་ལམ་དྲག་པོ་བརྒྱབ་པ་རེད། ཁོང་གིས་རང་གི་ཡབ་ལ་བརྩེ་བའི་ངང་ཨབ་བཱ་(Abba)ཞེས་འབོད་ཀྱི་ཡོད། ཁོང་སྐུ་མྱ་ངན་འདས་པར་འདོད་ཀྱི་མེད།

ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་རི་མོ་ཁ་ཤས་ནང་ང་ཚོ་སོ་སོ་སྐྱེས་བོ་ལྟར་ཇཱི་སཱུས་ཀྱང་འཆི་བར་འཇིགས་ཤིང་སྐྲག་ནས་འཆི་བའི་ཉི་མ་གྲངས་ཀ་རྩི་བཞིན་པ་གསལ་བོར་བྲིས་ཡོད། ཇཱི་སཱུས་ཀྱིས་ “ང་མ་ཤི་བར་དུ་ངའི་སེམས་ནང་སྡུག་བསྔལ་གྱི་སྣང་བ་ཡོད་ངེས་རེད།” ཅེས་གསུངས་ཡོད། ཚིག་གཞན་གྱིས་བཤད་ན། “ང་རང་ཧ་ཅང་སྐྱོ་བཞིན་འདུག གང་ཡིན་ཟེར་ན། ངས་ང་རང་འཆི་རྒྱུ་ཡིན་པ་ལྟ་བུ་ཞིག་ཚོར་གྱི་འདུག” ཅེས་གསུངས་ཡོད་ཀྱང་། འཆི་བ་ནི་ཁོང་གི་ཡབ་ཀྱི་དགོངས་པ་ཡིན་པ་མཁྱེན་རྗེས་ཁོང་གིས་མི་འདོད་བཞིན་དུ་ངོས་ལེན་གནང་བ་རེད།

མི་སུ་ཡིན་ཡང་ཇཱི་སཱུས་སྐོར་གང་མང་ཤེས་འདོད་ཡོད། དེར་བརྟེན། ངས་རང་གི་དེབ་གསར་པ་ཞིག་བཏོན་པ་རེད། འོན་ཀྱང་། ལྷ་ཡི་སྲས་སྐོར་ལ་ཡ་མཚན་ཅན་མང་པོ་འཁོད་ཡོད་པའི་དེབ་གཞན་དག་ཀྱང་མང་པོ་ཞིག་ཡོད་པ་ཤེས་དགོས། དེབ་དེ་དག་གི་མཚན་བྱང་ནི། ཁོང་གིས་ཕྲུ་གུའི་ཕ་བྱས་པ་(He fathered children)། ཞེས་པ་དང་། ཁོང་གིས་མཱེ་རི་མཱཀ་ཌ་ལི་ནཱེ་ལ་གཉེན་སྒྲིག་བྱས་པ་ (He was married to Mary Magdalene)། ཞེས་པ། ཁོང་གིས་རྒྱ་གར་སོགས་སུ་དུས་ཚོད་བསྐྱལ་བ་(He spent time in India and so on)སོགས་རེད།

གོང་གི་གནད་དོན་རྣམས་འཁོད་པའི་དཔེ་དེབ་དེ་དག་གིས་ལོ་རྒྱུས་ཐོག་ཡལ་ཐབས་མེད་པའི་མི་སྣ་གལ་ཆེན་ཞིག་གི་སྐོར་ལ་རྒྱུན་དུ་མི་ཚོས་ཤེས་འདོད་ཡོད་པ་གསལ་སྟོན་བྱེད་པར་འབད་བརྩོན་བྱས་པ་ཙམ་རེད། འོན་ཀྱང་། ང་ཚོས་འདས་དོན་ཚང་མ་མགོ་འཚོས་རྒྱུ་ཁག་པོ་རེད་ལ། ཡོད་ཚད་འཐེར་འདོན་བྱ་ཐུབ་པ་དེ་ལས་ཀྱང་ཁག་པོ་རེད།

མཐའ་དོན། ཆོས་ལུགས་རྣམ་བཞག་ལ་མཁས་པ་ཚོས་གསུངས་པ་ལྟར། ཇཱི་སཱུས་དང་འབྲེལ་བའི་གནད་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་ཡ་མཚན་ཅན་གྱི་གནད་དོན་ལ་བསམ་གཞིགས་བྱེད་ལྟ་བུའི་ཁག་པོ་ཞིག་མ་རེད་སྙམ།

བསྐྱར་བཅོས།: ༢༠༡༧/༠༤/༡༨

Leave a Reply