ཁྱོད་ལ། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གྲྭ་ཁག་གི་ཐོག་དགོངས་ཚུལ་ག་རེ་ཡོད།

ད་ལྟའི་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་མའི་གནས་ཚད་དང་སློབ་ཚན་སོགས་ཀྱི་སྐོར་ལ། ཝཱ་ར་ཎ་སི་མཐོ་སློབ་དང་སཱ་ར་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ། ནོར་གླིང་མཐོ་སློབ་བཅས་ཀྱི་དགེ་རྒན་ ༤ ལ་ཐུན་མོང་གི་དྲི་བ་གསུམ་རེ་བཏང་ཡོད། དྲི་བ་དང་པོ། བཙན་བྱོལ་བོད་མིའི་ད་ལྟའི་མཐོ་རིམ་སློབ་གསོ་དང་སློབ་མའི་གནས་བབ་དེ་ག་འདྲ་ཞིག་ཏུ་མཐོང་གི་ཡོད། དྲི་བ་གཉིས་པ། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གཉེར་ཁང་ཁག་ཏུ་གཅིག་གྱུར་གྱི་བསླབ་གཞི་ཞིག་བཟོ་དགོས་པར་མཐོང་གི་ཡོད་དམ། དྲི་བ་གསུམ་པ། སྐུ་ཉིད་ཀྱིས་བཙན་བྱོལ་བོད་མིའི་གནས་བབ་ལ་གཞིགས་པའི་མཐོ་རིམ་སློབ་གསོའི་ཁ་ཕྱོགས་དང་། བསླབ་གཞི་ག་འདྲ་ཞིག་གཏན་འབེབས་བྱ་དགོས་པར་མཐོང་གི་ཡོད།

ཝཱ་ར་ཎ་སི་མཐོ་རིམ་སློབ་གཉེར་ཁང་གི་བོད་སྐད་ཡིག་བརྡ་སྤྲོད་དགེ་རྒན་ལྷག་པ་ཚེ་རིང་ལགས་ཀྱི་དྲི་བ་དང་པོའི་ལན། ང་རང་གིས་ངོས་འཛིན་བྱེད་སྟངས་བྱས་ན། མཐོ་རིམ་སློབ་གསོ་དང་སློབ་མ་ཟེར་དུས་བོད་ཀྱི་དགོན་སྡེ་ཁག་གཙོ་བྱས་ཏེ། རིག་གནས་ཆེད་སྦྱོང་དང་། བོད་རིག་པར་སློབ་གཉེར་བྱ་ས་ཚང་མར་ངོས་འཛིན་བྱེད་ཀྱིན་ཡོད། སྤྱིར་ད་ལྟ་བཙན་བྱོལ་ནང་དུ་སོ་སོའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མཁན་དང་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་ཆེ་བ་གདན་ས་ཁག་ཆགས་འདུག དེར་དགོས་དབང་གིས་མི་རིགས་ཀྱི་སློབ་གསོ་དང་མི་རིགས་ཀྱི་རིག་གནས་སློབ་གསོ་ཞེས་དབྱེ་བ་གཉིས་ཕྱེ་དགོས་ཀྱི་འདུག དགོན་སྡེ་ཁག་ལ་མཚོན་ན་བོད་ཕྱི་ནང་གཉིས་ཀར་མཐུན་རྐྱེན་དང་འགལ་རྐྱེན་ལ་ལྟོས་པའི་ཡག་ཐག་ཆོད་རེད་བསམ་གྱི་འདུག

ཡིན་ན་ཡང་ང་ཚོའི་འཐུས་ཤོར་ས་གཙོ་བོ་དེ་ཕྱིས་སུ་བཏབ་པའི་མི་རིགས་སློབ་གསོ་ཆེད་སྦྱོང་བྱ་སའི་སློབ་གྲྭ་ཁག་རེད། དཔེར་ན། ཝཱ་ར་ཎ་སི་མཐོ་སློབ་དང་ས་རཱ་མཐོ་སློབ། ནོར་གླིང་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ་སོགས་རེད། སྔོན་མ་དྲུག་བཅུ་རེ་གྲངས་ནང་ཡག་པོ་ཡོད་པ་རེད། སྐབས་དེའི་དགེ་རྒན་དང་སློབ་མའི་ཕ་མ་ཚོས། མ་འོངས་པར་བོད་གཞུང་ལ་ཞབས་ཞུ་བསྒྲུབ་དགོས་པ། བོད་ཀྱི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་བྱ་དགོས་པ་སོགས་ཀྱི་སློབ་གསོ་ཧ་ཅང་ཡག་པོ་བརྒྱབ་ཡོད་པ་རེད། ཡིན་ན་ཡང་། བར་སྐབས་ཤིག་ནས་དཔལ་འབྱོར་གནས་སྟངས་ཕྲན་བུ་ཡར་རྒྱས་ཕྱིན་པ་དང་། མི་ལྷག་བསམ་ཅན་ཇེ་ཉུང་དུ་སོང་བ་སོགས་ལ་བརྟེན་ཏེ། མང་པོ་ཞིག་ལ་མི་སྒེར་གྱི་འཚོ་བ་ཙམ་ལས་མི་རིགས་དང་རིག་གཞུང་ལ་བསམ་བློ་མི་གཏོང་བའི་དུས་ཚོད་ཅིག་བསླེབས་པ་རེད། མི་རིགས་རིང་ལུགས་ཀྱི་སློབ་གསོ་མེད་པ་ཆགས་ཏེ། སློབ་སྦྱོང་དེ་ཡིག་རྒྱུགས་ཙམ་ཞིག་གིས་འགྲིག་པའི་ངོས་འཛིན་དེའི་འོག་ནས་འཐུས་ཤོར་ཆེན་པོ་ཕྱིན་པ་རེད།

དྲི་བ་གཉིས་པའི་ལན། རིག་གནས་ཆེད་སྦྱོང་གི་མཐོ་རིམ་སློབ་གཉེར་ཁང་ཁག་ལ་མཚོན་ན་རང་རང་སོ་སོར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་རེད། ངེས་པར་དུ་བསླབ་དགོས་པའི་སྦྱོང་ཚན་ཞིག་དང་ཟུར་སྦྱོང་གིས་བསླབ་དགོས་པའི་སྦྱོང་ཚན་བཅས་བསླབ་གཞི་གཙོ་ཕལ་གཉིས་ཡོད་པ་རེད། བསླབ་གཞི་གཙོ་བོ་ཁག་གཅིག་གྱུར་བྱུང་ན་ཡག་པོ་ཡོང་གི་རེད། དཔེར་ན། བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། རྩོམ་རིག་སོགས་གཅིག་གྱུར་བྱུང་ན་སློབ་གྲྭ་ནང་ཁུལ་དང་དགེ་རྒན་ཚོར་ཁྲིད་བདེ་བོ། མ་འོངས་པར་འཛིན་སྐྱོང་སོགས་ཀྱི་ལས་ཀ་བྱེད་ཕྱོགས་དང་ལས་ཀ་བསྐོ་སྟངས་སོགས་ལའང་ཕན་ཐོགས་ཡོད་རེད། ཐུན་མོང་མ་ཡིན་པའི་བསླབ་གཞི་དེ་དག་མཐོ་སློབ་སོ་སོར་ཁྱད་ཆོས་རེ་ཡོད་པ་རེད། དཔེར་ན། ཝཱ་ར་ཎ་སི་སོགས་ནས་ལེགས་སྦྱར་སྐད་ཡིག་དང་དབྱིན་ཡིག་གང་རུང་ཞིག་ཟུར་སྦྱོང་བྱེད་དགོས་པ་ལྟར་དེ་ལ་གཅིག་གྱུར་བཟོ་ཐབས་ཡོད་པ་མ་རེད།

དྲི་བ་གསུམ་པའི་ལན། བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་ང་ཚོས་ག་རེ་བྱེད་རྒྱུ་ཡིན་པ་དང་། ཁ་ཕྱོགས་ག་འདྲ་ཞིག་ལ་བསྐྱོད་དགོས་མིན་དེ་དྲི་བ་ཆེན་པོ་ཞིག་དང་གནད་འགག་ཅིག་རེད། མཐོ་སློབ་ཁག་དང་ཡང་ན་བོད་རིག་པའི་ལྟེ་གནས་ཁག་ནས་བོད་ཀྱི་རིག་གཞུང་དེ་སྔོན་མ་ལྟར་མུ་མཐུད་བདག་ཉར་བྱེད་རྒྱུ་ཡིན་ནམ། ཡང་ན། ང་ཚོ་གཞན་གྱི་རིག་གཞུང་དང་གོམས་སྲོལ་གྱི་ངོ་བོར་འདྲེས་འགྲོ་རྒྱུ་ཡིན། རྩ་བ་ཆ་ནས་ང་ཚོས་རང་གི་རིག་གཞུང་གི་ངོ་བོ་རྒྱུན་འཛིན་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱས་ཏེ་གནས་དགོས་པ་རེད། ཡིན་ན་ཡང་གནས་པ་གཅིག་པུས་འགྲིག་གི་མེད་པར། གཞན་གྱི་རྗེས་སུ་མ་ལུས་པ་དང་དེང་རབས་སྤྱི་ཚོགས་དང་མཉམ་དུ་གོམ་པ་སྤོ་ཐུབ་པ་ཞིག་དགོས་པ་རེད། ༧གོང་ས་མཆོག་གིས་འདབ་གཤོག་གཉིས་ལྡན་གསུངས་པ་ལྟར། དེ་འདྲ་ཞིག་ཆགས་པར་གནའ་དེང་གཉིས་ཀྱི་བསླབ་གཞི་གཏན་འབེབ་དང་མཉམ་དུ་མི་རིགས་ཀྱི་སློབ་གསོ་དེ་གཙུག་ཏུ་འཛིན་དགོས་པ་རེད། ལྷག་པར་ཏུ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་པ་ཚོར་ཕྱིའི་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་སྟབས། དང་པོ་ང་ཚོས་རང་ཉིད་བོད་པ་ཡིན་པའི་ངོས་འཛིན་ར་སྤྲོད་གསལ་བོ་མ་བྱས་པ་ཡིན་ན། བསླབ་གཞི་ག་རེ་བཟོས་ཀྱང་སྦྱོང་མཁན་དེ་མི་གཅིག་པ་ཡིན་སྟབས། ཕན་ཐོགས་གང་ཡོད་པ་མ་རེད། དེར་བརྟེན། དང་པོ་ང་ཚོས་རང་ཉིད་བོད་པ་ཡིན་པ་ཤེས་པའི་ཐོག་ནས་གནའ་དེང་ཟུང་འབྲེལ་གྱི་བསླབ་གཞི་ཞིག་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་ཀྱི་དྲི་བ་དང་པོའི་ལན། སྤྱིར་ན་བཙན་བྱོལ་ནང་བོད་སྐད་ཡིག་གི་ལམ་ནས་རིག་ཚན་ཆེད་སྦྱོང་བྱེད་སའི་མཐོ་རིམ་སློབ་གཉེར་ཁང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཕྱིན་པ་དེ་ང་ཚོའི་གྲུབ་འབྲས་རེད། ཡིན་ན་ཡང་བོད་སྐད་ཡིག་ཆེད་སྦྱོང་བྱེད་སའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་ཕྲུག་གི་འབྱུང་ཁུངས་ལ་བསམ་བློ་བཏང་ན། གཞི་རིམ་ནས་སློབ་ཚན་གཞན་དང་རིག་ཚན་གཞན་པའི་སྒང་ལ་མུ་མཐུད་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་ནས་ཆེད་སྦྱོང་བྱས་ཏེ་སོང་ན་གཞི་རིམ་ནས་གྲྭ་སྒྲིག་ཡོད་པ་ཞིག་རེད། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱས་ཏེ་ཡོང་ས་དེ་དག་ལ་གཞི་རིམ་ནས་གྲ་སྒྲིག་དང་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གཉིས་པ་དེ་དགེ་རྒན་གྱི་ཕྱོགས་ནས་ཡིན་ནའང་རང་རང་གི་ཁྲིད་བྱའི་རིག་ཚན་ཁག་ལ་ཆེད་སྦྱོང་དང་ཉམས་མྱོང་ཡོད་མཁན་ཧ་ཅང་དཀོན་པོ་རེད། དེ་བཞིན། སློབ་གསོའི་ལྟ་ཚུལ་གྱི་ཐད་ནས་འཛིན་སྐྱོང་གི་བསམ་བློའི་ནང་དུའང་གཞི་རིམ་དང་མཐོ་རིམ་གྱི་སློབ་གསོའི་བར་ལ་ཁྱད་པར་དང་དབྱེ་མཚམས་གསལ་བོ་མེད་པ་ཞིག་དང་། གཞི་རིམ་དང་མཐོ་རིམ་གྱི་དབྱེ་མཚམས་དེ་སློབ་མའི་གནས་བབ་དང་སློབ་གསོའི་ལམ་ལུགས་ཀྱི་ཚད་གཞི་ག་འདྲ་ཞིག་གི་ངོས་ནས་ཕྱེ་དགོས་མིན་གསལ་ཁ་མེད་སྟབས། ཁྱོན་ཡོངས་ནས་བལྟས་ན། ང་ཚོའི་མཐོ་རིམ་སློབ་གཉེར་ཁང་ཁག་མཚམས་རེར་གཞི་རིམ་ཡིན་པ་འདྲ་བོ། མཚམས་རེར་མཐོ་རིམ་ཡིན་པ་འདྲ་བོ་དབྱེ་མཚམས་གསལ་བོ་མེད་པར་མགོ་རྙོག་ཐེབས་བསྡད་ཡོད་པ་རེད།

དྲི་བ་གཉིས་པའི་ལན། སྤྱིར་བཏང་གི་ཆ་ནས་མཐོ་རིམ་སློབ་གཉེར་ཁང་དག་གི་བསླབ་གཞི་གཅིག་གྱུར་དགོས་པ་གལ་ཆེན་པོ་རེད། ཡིན་ན་ཡང་གཅིག་གྱུར་གྱི་བསླབ་གཞི་གཏན་འབེབས་མ་བྱས་སྔོན་ལ་བཙན་བྱོལ་ནང་གི་མཐོ་རིམ་སློབ་གཉེར་ཁང་ཁག་གི་དགེ་རྒན་དང་འཛིན་སྐྱོང་ཁག་གི་བསམ་བློའི་ནང་ལ་རིག་ཚན་དང་བསླབ་ཚན་གྱི་དབྱེ་བ་གསལ་བོ་ཞིག་ཆགས་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་རེད། དེང་སང་མི་མང་པོ་ཞིག་ལ་རིག་ཚན་དང་བསླབ་ཚན་གྱི་དབྱེ་བ་དེ་གསལ་བོ་ཆགས་མི་འདུག དཔེར་ན། རྩོམ་རིག་ལྟ་བུར་ཆ་བཞག་ན་རིག་ཚན་གཅིག་རེད། རིག་ཚན་དེ་སློབ་པ་ལ་གོ་རིམ་དང་རྣམ་གྲངས་ཀྱི་ཐོག་ནས་འཚང་དགོས་པའི་བསླབ་ཚན་གྱི་མ་ལག་མང་པོ་ཞིག་ཡོད་པ་རེད། དང་པོ་རིག་ཚན་ཡག་པོ་ཞིག་ངོས་མ་ཟིན་ན་བསླབ་ཚན་གཅིག་གྱུར་གཏན་འབེབས་བཟོས་ཀྱང་ཕན་ཐོགས་མེད་པ་ཞིག་རེད། ང་ཚོའི་མཐོ་རིམ་སློབ་གཉེར་ཁང་ཁག་ཏུ་བསླབ་ཚན་གཙོ་བོར་བཟུང་ནས་འགྲོ་བསྡད་ཡོད་པ་རེད། དཔེར་ན། སྙན་ངག་མེ་ལོང་མ་ལྟ་བུར་མཚོན་ན། དེ་གཅིག་པོ་སྦྱང་ནས་འགྲོ་ཡི་ཡོད་པ་མ་གཏོགས་དེ་བརྒྱུད་ནས་རྩོམ་རིག་དང་སྙན་ངག་གི་རིག་པ་སྦྱོང་དགོས་པའི་རིགས་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད། མདོར་བསྡུས་ན། བསླབ་གཞི་གཅིག་གྱུར་བཟོ་དགོས་པ་གལ་ཆེན་རེད། ཡིན་ན་ཡང་། བསླབ་གཞི་གཅིག་གྱུར་མ་བཟོས་སྔོན་ལ་བསླབ་གཞི་གཅིག་གྱུར་བཟོ་མཁན་དང་བསླབ་གཞི་དེ་ཁྲིད་མཁན། དེ་བཞིན། མཐོ་རིམ་སློབ་གསོའི་ཁྱབ་ཁོངས་སུ་སློབ་ཚན་དང་རིག་ཚན་སོགས་ཀྱི་ཁྱད་པར་གསལ་བོ་བཟོས་ཏེ། རིག་ཚན་གཙོ་བོར་བཟུང་སྟེ་སློབ་ཚན་དེའི་མ་ལག་ཆ་ཚང་པ་ཞིག་བཀོད་སྒྲིག་དང་། དེ་ལྟ་བུའི་བསམ་བློ་དང་སྒྲོམ་གཞི་ཞིག་གི་སྒང་ནས་གཅིག་གྱུར་བཟོ་ཐུབ་ན་ཡག་པོ་འདུག་མ་གཏོགས། ད་ལྟ་བསླབ་གཞི་གཙོ་བོར་བཟུང་ནས་བསླབ་གཞི་དེ་རིག་ཚན་གྱི་ཚབ་བྱས་ཏེ་འགྲོ་བསྡད་པའི་རིམ་པ་ཞིག་གི་སྒང་ནས་གཅིག་གྱུར་བཟོ་བ་ལས། དགེ་རྒན་སོ་སོས་རང་དབང་གི་ཐོག་ནས་སློབ་ཁྲིད་བྱས་བསྡད་ན་ཡག་གི་རེད།

དྲི་བ་གསུམ་པའི་ལན། གཅིག་ནས་ང་ཚོའི་གཞི་རིམ་སློབ་གྲྭའི་ཆ་ནས་མཐོ་རིམ་ལ་འགྲོ་བར་གྲ་སྒྲིག་དང་མཐོ་རིམ་སློབ་གཉེར་ཁང་ཁག་ནས་ཡང་རིག་ཚན་དང་བསླབ་ཚན་དེ་དག་དབྱེ་བ་ཕྱེ་ཐུབ་པ་ཞིག་དང་། མ་ལག་དེ་དག་གཏན་འབེབས་ཆ་ཚང་བ་ཞིག་གི་སྒང་ནས་སྒྲོམ་གཞི་བཟོ་དགོས་པ་རེད། ལྷག་པར་དུ་དེ་རིང་ཁ་སང་བཙན་བྱོལ་བོད་པའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་ངོ་བོ་གཅིག་པ་འདྲ་བོ་ཆགས་ཏེ་ཆེད་ལས་ཀྱི་ངོ་བོ་གསལ་བོ་མེད་སྟབས། ཆེད་ལས་སྣ་མང་ཅན་གྱི་ཐོག་ཏུ་འགྲོ་ཐུབ་པ་ཡིན་ན་སློབ་གཉེར་བ་ཚོའི་མདུན་ལམ་དང་ཕྱོགས་གང་ཅིའི་ཐད་ནས་ཁེ་ཕན་ཡོད་པ་རེད། དེ་བཞིན། བོད་པ་བཙན་བྱོལ་བ་མ་ཆགས་སྔོན་ལ། ང་ཚོས་གཞན་གྱི་གནས་སྟངས་མ་ཤེས་པའི་དཀའ་ངལ་དང་། ད་ལྟ་ང་ཚོས་རང་གི་གནས་སྟངས་མ་ཤེས་པའི་དཀའ་ངལ་ཆགས་ཡོད་པ་རེད། དེར་བརྟེན། བོད་པ་སྐྱབས་བཅོལ་བར་མཚོན་ན། ཁྱབ་ཁོངས་ཅུང་ཙམ་རྒྱ་ཆེན་པོ་རེད། བོད་པ་རང་གིས་འཛིན་སྐྱོང་བྱེད་བཞིན་པའི་རང་དབང་ཅན་གྱི་མཐོ་སློབ་ཀྱི་སྡེ་ཁག་ཅིག་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་ལྟ་བུའི་བོད་རིག་པའི་སྡེ་ཁག་མང་པོ་ཞིག་ཡོད་པ་རེད། དེར་བརྟེན། མ་འོངས་པར་ཕྱི་རྒྱལ་ཁག་ནས་བོད་ཀྱི་རིག་གཞུང་ལ་ཆེད་གཉེར་སློབ་སྦྱོང་བྱེད་ས་དེ་འདྲ་འཛུགས་ཐབས་དང་། དེ་བཞིན། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་རིག་པའི་སྡེ་ཁག་འཛུགས་ཐབས་ལ་འབད་བརྩོན། རྒྱ་གར་ནང་གི་བོད་རང་གི་མཐོ་རིམ་སློབ་གཉེར་ཁང་ཁག་ལ་ཆེད་ལས་སྣ་མང་དང་ཆེད་ལས་གཙོ་གཉེར་གྱི་ཕྱོགས་སུ་འགྲོ་ཐུབ་ན་ཁེ་ཕན་ཡོད་པ་ཞིག་རེད།

མ་འོངས་པར་བོད་མི་རིགས་ཀྱི་ཤེས་རིག་གི་ཁ་ཕྱོགས་དེ་གང་ཞིག་ལ་འགྲོ་མིན་དེ་ང་ཚོ་ཕྱི་ལོགས་སུ་ཡོད་པའི་བཙན་བྱོལ་བའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་གསོ་དང་འབྲེལ་བ་ཏན་ཏན་ཆགས་ཡོད་པ་རེད། བོད་ནང་ལ་མཚོན་ན། ཤེས་ཡོན་གྱི་ཁྱབ་ཁོངས་ནས་གནས་ཚུལ་མང་པོ་ཞིག་འདི་ཕྱོགས་ནས་བསྡུ་ལེན་དང་བརྗེ་རེས་སྔར་ལས་ལྷག་ཙམ་བྱེད་ཐུབ་ཀྱི་ཡོད་པ་རེད། ཤེས་ཡོན་ཐོག་ལས་ཀ་བྱེད་མཁན་དང་འཛིན་སྐྱོང་གིས་གནས་སྟངས་འདི་གཞི་ལ་བཞག་པའི་ཐོག་ནས་མིག་རྒྱང་རིང་པོའི་བསམ་བློ་གཏོང་ཐུབ་ན། ང་ཚོ་ཕྱི་ན་ཡོད་པའི་སྐྱབས་བཅོལ་བ་དང་རང་དབང་ལུང་པའི་ནང་གི་བོད་མི་ཚོས་བོད་ཀྱི་ཤེས་རིག་དང་རིག་གཞུང་ལ་ཕན་ཐོག་ཆེན་པོ་ཞིག་བསྒྲུབ་ཐུབ་པ་རེད།

དེ་མ་གཏོགས་ཅིག་བྱེད་རྒྱུ་ཡོད་མདོག་མདོག་གིས་འབོད་ཚིག་རང་བཞིན་དང་། དྲིལ་བསྒྲགས་རང་བཞིན་གྱི་སྐད་ཆ་དེ་ཚོ་སྐྱོར་བསྡད་ན་སྐུལ་སློང་ཙམ་ལ་ཕན་ཐོགས་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་མི་རིགས་ཀྱི་སློབ་གསོའི་བྱ་བའི་ཐོག་ལ་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དེ་ནས་རྒྱ་གར་ལ་མཚོན་ན། ཤེས་ཡོན་རིག་གཞུང་སྣ་མང་རང་བཞིན་གྱི་སྤྱི་ཚོགས་ཤིག་ཡིན་སྟབས། རིག་གཞུང་གི་ཁྱབ་ཁོངས་སུ་རང་དབང་ཆེན་པོ་ཡོད་པའི་གོ་སྐབས་བླངས་ཏེ། བོད་ཀྱི་ཆེས་མཐོའི་སློབ་གསོའི་རྨང་གཞི་དང་ཁ་ཕྱོགས་ཆེན་པོ་ཞིག་གཏན་འབེབས་བྱེད་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཆེན་པོ་རེད་བསམ་གྱི་འདུག

ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱི་དྲི་བ་དང་པོའི་ལན། བཙན་བྱོལ་ནང་དུ་བོད་ཀྱི་རིག་གནས་ཆེད་སྦྱོང་བྱེད་སའི་མཐོ་སློབ་ཁག་ལྔ་ཡོད་པ་རེད། སྔོན་མ་ཡིན་ན་ཝཱ་ར་ཎ་སི་གཅིག་པུ་རེད། དེར་ཡང་ནང་ཆོས་གཙོ་བོ་སྦྱོང་ས་ཙམ་ལས་རིག་གནས་དེ་ཙམ་ཡོད་པ་མ་རེད། རྗེས་སུ་བོད་ཀྱི་རིག་གནས་ཆེད་སྦྱོང་བྱེད་སའི་མཐོ་སློབ་ཁག་བཙུགས་ཏེ་བོད་སྐད་ཡིག་སྦྱོང་སའི་གནས་བབ་ཕྲན་བུ་ཡག་ཏུ་ཕྱིན་པ་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལྟའི་མཐོ་རིམ་སློབ་གྲྭའི་སློབ་མའི་བོད་སྐད་ཡིག་གི་སློབ་གསོའི་གནས་བབ་དེ་སྔོན་མ་དང་བསྡུར་ན་རྨང་གཞི་ཇེ་ཞན་དུ་སོང་ཡོད་པ་རེད། འདི་མཐོ་སློབ་གཅིག་གཉིས་ཙམ་མ་ཡིན་པར་མཐོ་སློབ་ཚང་མར་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། འདི་སྔོན་ཆད་ཡིན་ན་བོད་ནས་ཡོང་བའི་སློབ་མ་མང་པོ་ཡོད་པ་རེད། ཁོ་ཚོར་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་ཡོད་པའི་མི་ཚད། སྐད་དང་ཐ་སྙད་ཀྱི་དཀའ་ངལ་ཡོད་པ་མ་རེད། འོན་ཀྱང་ད་ལྟ་བོད་ནས་ཡོང་མཁན་ཇེ་ཉུང་དང་དགོན་སྡེ་ཁག་ནས་ཡོང་མཁན་ཡང་མེད་པ་ཆགས་སྟབས། མང་ཆེ་བ་བཙན་བྱོལ་ནང་གི་གཞི་རིམ་སློབ་གྲྭ་ཙམ་ཐོན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་ཚོ་ཆགས་ཡོད་སྟབས། རྨང་གཞི་ཡག་པོ་ཡོད་པ་དང་མེད་པ་གཉིས་ལས་མེད་པ་མང་བ་ཆགས་ཡོད་སྟབས། མཐོ་རིམ་སློབ་གཉེར་ཁང་ཁག་གི་སློབ་གསོའི་གནས་བབ་སྐྱོ་བོ་ཆགས་པ་རེད།

གཞི་རིམ་སློབ་གྲྭ་ཁག་གི་བོད་སྐད་ཡིག་གི་རྨང་གཞི་སྐྱོ་བོ་ཡིན་དགོས་པའི་རྒྱུ་རྐྱེན་གཙོ་བོ་སློབ་ཚན་གྱི་ཆ་ནས་རེད། བསླབ་གཞིའི་ནང་དུ་སྐྱ་བོའི་རིག་གནས་དེ་ཙམ་མེད་པར་ཆོས་ཕྱོགས་ཀྱི་སློབ་ཚན་མང་པོ་ཡོད་པས་རེད། གཉིས་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ནང་འབྲི་རྒྱུ་མང་པོ་མེད་པར་གཙོ་བོ་འཆད་ཉན་རང་ཡིན་པ་དང་། ལོ་རབས་དྲུག་ཅུ་བདུན་བཅུར་སློབ་གྲྭ་ཁག་གི་དགེ་རྒན་མང་ཆེ་བ་དགོན་སྡེ་ཁག་གི་དགེ་བཤེས་ཡིན་སྟབས། བཙན་བྱོལ་བོད་པའི་སློབ་གསོའི་ཁྲོད་བོད་པའི་དགོན་སྡེ་སློབ་གསོ་དང་སྲོལ་རྒྱུན་སློབ་གསོའི་ཤུགས་རྐྱེན་མང་པོ་ཞིག་ཐེབས་པ་རེད།

གསུམ་ནས་ཁོར་ཡུག་གི་རྐྱེན་གྱིས་བོད་སྐད་བཤད་སའི་ཁོར་ཡུག་མེད་པ་དང་། སྐབས་དེར་དབྱིན་ཡིག་ཤེས་མཁན་དང་སྐད་སྒྱུར་བ་སོགས་ལ་མཐོང་ཆེན་པོ་སྤྲད་ཡོད་སྟབས། མི་ཚང་མས་དབྱིན་ཡིག་སྦྱང་རྒྱུར་ཤུགས་བརྒྱབ་པའི་འབྲས་བུ་ད་ལྟ་བ་ང་ཚོས་མཐོང་བཞིན་པ་འདི་རེད། བོད་ནང་ལ་མཚོན་ན། ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་དང་དུང་དཀར་རིན་པོ་ཆེ་ཚང་སོགས་ཀྱིས་སྲོལ་རྒྱུན་རིག་གནས་དང་། དེང་རབས་རིག་གནས་བར་འབྲེལ་མཐུད་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བསྟུན་པའི་ཐབས་ལམ་ཡག་པོ་ཞིག་སྟོན་ཐུབ་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། དགེ་རྒན་ཡག་པོ་གསོ་སྐྱོང་མ་ཐུབ་པ་དང་། བོད་པའི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་མཐུན་པའི་དེང་རབས་རིག་གནས་གཉིས་བར་འབྲེལ་མཐུད་ཡག་པོ་ཞིག་རྒྱག་མ་ཐུབ་པ་སོགས་ལ་བརྟེན་ཏེ། ད་ལྟའི་མཐོ་རིམ་སློབ་གྲྭ་ཁག་གི་དཀའ་ངལ་འདི་བྱུང་བ་རེད།

དྲི་བ་གཉིས་པའི་ལན། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གཉེར་ཁང་ཁག་གིས་བསླབ་གཞི་གཅིག་གྱུར་བཟོ་དགོས་པ་གང་ཡང་མཐོང་གི་མེད། རྒྱུ་མཚན་བོད་སྐད་ཡིག་ཆེད་སྦྱོང་བྱེད་སའི་སློབ་གཉེར་ཁང་རེ་རེར་སོ་སོར་གཙོར་འདོན་བྱེད་པའི་ཁྱད་ཆོས་རེ་ཡོད་ན་ཡག་གི་རེད། བཟོ་གྲྭ་གཅིག་ནས་བཏོན་པ་ལྟ་བུ་ཞིག་ཆགས་ན་དེ་ལ་ཁྱད་ཆོས་རྩ་ནས་ཡོད་པ་མ་རེད། ཡིན་ན་ཡང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་ལ་ཤེས་རིག་ལས་ཁུངས་ལྟ་བུའི་སྤྱི་ཁྱབ་ཀྱི་ལྟ་རྟོག་བྱེད་མཁན་ཞིག་ཡོད་ན་ཡག་པོ་འདུག དཔེར་ན། མཐོ་སློབ་གང་ཞིག་གི་དགེ་རྒན་དང་སློབ་མའི་སྤུས་ཚད་དང་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་བཞིན་ཡོད་མེད་དེ། མཐོ་སློབ་དེའི་དགེ་རྒན་དང་སློབ་ཕྲུག་ཚོས་བཏོན་པའི་དཔྱད་རྩོམ་སོགས་ལ་གཟིགས་ཏེ། བྱ་དགའ་དང་རྩོམ་ཡོན་སྤྲོད་པ་སོགས་ཀྱི་རིག་གནས་བྱ་འགུལ་སྤེལ་ཐུབ་ན་མཐོ་སློབ་ཁག་གི་དགེ་རྒན་དང་སློབ་མའི་བར་ཤེས་ཡོན་བརྗེ་རེས་ཀྱི་འབྲེལ་ལམ་དང་། ལྷག་པར་དུ་མཐོ་སློབ་ཁག་གི་ཞིབ་མཇུག་གི་གནས་ཚད་གོང་མཐོར་འགྲོ་བར་ཡང་ཕན་ཐོགས་ཡོད་པ་རེད།

དྲི་བ་གསུམ་པའི་ལན། མཐོ་སློབ་སོ་སོས་གཙོར་འདོན་བྱེད་བཞིན་པའི་སློབ་གཞི་ཞིག་བཟོ་དགོས་པ་ལྟར། ལོ་རྒྱུས་གཙོ་བོ་ཡིན་ན་ལོ་རྒྱུས་ཀྱི་སློབ་དེབ་དང་། རྩོམ་རིག་གཙོ་ཡིན་ན་རྩོམ་རིག་གི་སློབ་དེབ་སྒྲིག་དགོས་མོད། བཙན་བྱོལ་མཐོ་སློབ་ཁག་ཏུ་ཁྲིད་གཞིའི་རྩོམ་གཞུང་གི་དེབ་རྐང་གཅིག་ཀྱང་ད་སྔ་བསྒྲིགས་ཐུབ་ཡོད་པ་མ་རེད། ཁྲིད་གཞིའི་སློབ་ཚན་དེ་སྔོན་མའི་དེབ་རྙིང་པ་ཁག་རང་འཇགས་བཞག་ཡོད་པ་རེད། དེ་ལ་སྙིགས་དོར་བཅུད་ལེན་གང་ཡང་བྱེད་ཐུབ་ཡོད་པ་མ་རེད། དཔེར་ན། སཱ་ར་མཐོ་སློབ་ལྟ་བུར་མཚོན་ན། <<གནས་བརྒྱད་རྩ་འགྲེལ་ཆེན་མོ་>>དང་<<སྨྲ་སྒྲོ་མཚོན་ཆ།>>སོགས་ཁྲིད་ཀྱི་ཡོད་པ་རེད། དེ་དག་ད་ལྟའི་སློབ་གཉེར་བ་ཚོར་འཚམས་ཀྱི་འདུག་གམ་མི་འདུག་བལྟ་དགོས་པ་གལ་ཆེན་རེད། ང་ཚོའི་མཐོ་རིམ་སློབ་གཉེར་ཁང་ཁག་གི་དམིགས་ཡུལ་རྒྱུད་འཛིན་རེད་དམ་སྤྱོད་སྒོ་རེད། རྒྱུད་འཛིན་ཡིན་ན་ཕན་ཐོགས་ཡོད་ཀྱང་རུང་ལ་མེད་ཀྱང་རུང་ཝཱ་ར་ཎ་སིར་ལེགས་སྦྱར་འཁྲིད་བཞིན་ཡོད་པ་ལྟར་རིག་གནས་དེ་སྲུང་སྐྱོབ་བྱེད་པ་ཙམ་ལས་སྤྱི་ཚོགས་ནང་སྤྱོད་སྒོ་དེ་ཙམ་ཡོད་པ་མ་རེད། སྤྱི་ཚོགས་འཚོ་བའི་ཁྲོད་སྤྱོད་སྒོའི་ཆེད་དུ་ཡིན་ན། དེང་སང་བེད་སྤྱོད་ཡོད་པ་དང་མེད་པ། གལ་ཆེ་བ་དང་ཆུང་བ་སོགས་བལྟས་ཏེ། བཅོས་བསྒྱུར་གཏོང་དགོས་པ་གལ་ཆེན་པོ་རེད།

གསུམ་ནས་དེང་སང་མཐོ་རིམ་སློབ་གྲྭ་ཁག་ནང་ཡོང་བཞིན་པའི་སློབ་གཉེར་བ་དག་ལ་འཚམས་པའི་སློབ་ཚན་གཏན་འབེབས་བྱ་དགོས་པ་གལ་ཆེན་རེད། དེང་སང་གི་སློབ་གཉེར་བ་ཚོར་མཚོན་ན་མང་ཆེ་བ་ཞིག་གཞི་རིམ་ནས་ཡོང་བ་ཡིན་སྟབས། ཁོ་ཚོའི་གཞི་རིམ་ནས་འཛིན་གྲྭ་བཅུ་གཉིས་བར་སྐད་ཡིག་གི་རྨང་གཞི་ཧ་ཅང་སྐྱོ་བོ་རེད། མཐོ་སློབ་ནང་སླེབས་མ་ཐག་གཞུང་ཆེན་པོ་དག་འཁྲིད་དགོས་ན་ཁོ་ཚོ་མགོ་འཐོམ་པ་དང་། བོད་ཡིག་གི་ཡི་ག་འགག་འགྲོ་བཞིན་འདུག དེར་བརྟེན། ཆེས་དམའ་རིམ་གྱི་འབྲི་ཀློག་ཡག་པོ་ཞིག་དང་མཐའ་ན་རང་གི་བསམ་པ་དེ་ཡིག་ཐོག་ལ་ཏག་ཏག་འབེབས་ཐུབ་པ་ཞིག་བྱ་དགོས་པ་གལ་ཆེན་པོ་རེད། དེ་མ་གཏོག་སློབ་གཉེར་བ་ཚོ་རྗེས་མ་སྤྱི་ཚོགས་ནང་ཐོན་ཡོང་སྐབས། རང་གིས་སྦྱངས་ཟིན་པའི་ཤེས་ཡོན་དག་བེད་སྤྱོད་བྱེད་ས་མེད་པ་མ་ཟད། རང་གིས་གང་བསམ་པ་དེ་དག་ཡིག་ཐོག་ཏུའང་ཕབ་མ་ཐུབ་པ་ཡིན་ན། དེ་དགེ་རྒན་དང་སློབ་ཕྲུག་གི་ནོར་འཁྲུལ་ཙམ་མ་ཡིན་པར། སློབ་གསོའི་ཁ་ཕྱོགས་དང་བསླབ་དེབ་སོགས་ལའང་ནོར་འཁྲུལ་ཡོད་པའི་རྟགས་རེད།

ནོར་གླིང་མཐོ་སློབ་ཀྱི་བརྡ་སྤྲོད་དགེ་རྒན་ཧོར་ཞི་བདེ་རྒྱ་མཚོ་ལགས་ཀྱིས་ཡིག་ཐོག་ཏུ་འབྱོར་བའི་དྲི་བ་དང་པོའི་ལན། ད་ལྟའི་ང་ཚོ་བཙན་བྱོལ་ཁྲོད་ཀྱི་མཐོ་སློབ་ཕལ་མོ་ཆེའི་སྲོལ་ལྟ་བུར་གྱུར་ཡོད་པ་ཞིག་ནི། བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་བསླབ་ག་ཁག་ཅིག་འདམ་ག་བྱར་མེད་པར་སློབ་ཕྲུག་ཚང་མས་ཐུན་མོང་དུ་སྦྱང་དགོས་པ་དེ་ཡིན། ཡིན་ནའང་། བསླབ་གཞི་དེ་དག་གང་ལ་ཡང་ཆེད་ལས་མེད་པ་དང་། ལྷག་པར་དུ་ང་ཚོའི་མཐོ་སློབ་ཁག་ཏུ་ཚན་རིག་གི་བསླབ་གཞི་སོགས་དེང་དུས་ཀྱི་བསླབ་གཞི་ཧ་ཅང་མང་པོ་ཞིག་གི་ཆེད་ལས་ཕར་ཟད། སློབ་ཕྲུག་རྣམས་ཀྱིས་འཛིན་གྲྭ་བཅུ་གཉིས་བར་དུ་ཅུང་ཙམ་སྦྱངས་ཟིན་པ་དེ་མཐུད་རྒྱག་ས་ཙམ་ཡང་ཕལ་ཆེར་མེད་པའི་མཇུག་འབྲས་ལ། བསམ་བློ་གསར་བ་ཞིག་མི་གཏོང་ཀ་མེད་ཆགས་ཡོད་པ་རེད།

ང་ཚོ་མུ་མཐུད་དུ་དེ་ལྟ་བུའི་སློབ་ཚན་ཁ་ཤས་ཤིག་སྟེ། དེ་ཡང་ཆེད་ལས་ཀྱི་སྒོ་ནས་མ་ཡིན་པར་ཕྱིན་པ་ཡིན་ན། བོད་ཀྱི་མཐོ་སློབ་འགྲིམས་པའི་སློབ་ཕྲུག་རྣམ་པར་བོད་རང་གི་རིག་གནས་ཀྱི་ཆ་ནས་ཀྱང་ཁུངས་འཁྱོལ་བ་ཞིག་རྩིས་སྤྲད་དཀའ་བའི་ཁར། དེང་དུས་ཀྱི་སློབ་གསོ་ཚད་ལོངས་པ་ཞིག་དེ་བས་ཀྱང་ཐོབ་མི་ཐུབ་པས། ང་ཚོའི་མཐོ་རིམ་སློབ་མ་རེ་རེ་སློབ་མཐར་ཕྱིན་པའི་ཉིན་མོར། ལོ་ངོ་གསུམ་བཞིའི་རིང་ལ་ཁུར་བོ་མང་པོ་ཞིག་ཁུར་བ་ཡིན་སྙམ་པའི་སྣང་བ་ཙམ་ལས། གདེང་ཚོད་ཡོད་པའི་ཡོན་ཏན་ཞིག་ཐོབ་སོང་སྙམ་པ་ཧ་ཅང་འབྱུང་དཀའ་བར་འདུག་སྙམ།

ཕམ་ཁ་དེ་ནི་སློབ་མ་ཉུང་ཉུང་ཞིག་གི་ཕམ་ཁ་ཙམ་མ་ཡིན་པར། མི་རིགས་ཆེན་པོ་ཞིག་གི་ཕམ་ཁ་ཡིན། དེ་ནི་གཞན་གང་གི་ཕམ་ཁ་ཡང་མ་ཡིན། དེ་ནི་ང་ཚོ་རང་ཉིད་ཀྱི་ཕམ་ཁ་ཡིན་པས། ང་ཚོས། ང་ཚོའི་སློབ་གསོ་དང་། སློབ་དེབ་སོགས་ནི་ང་ཚོའི་འཆི་གསོན་གྱི་འགག་སྒོ་ཆེན་པོ་ཞིག་ཡིན་པའི་ངོས་ནས་བསམ་ཐུབ་དགོས་སྙམ།

དྲི་བ་གཉིས་པའི་ལན། འདི་ལ་རེ་ཞིག་ཞུ་ཚོད་མ་ཐུག དགོངས་དག

དྲི་བ་གསུམ་པའི་ལན། དང་པོ། ང་ཚོའི་མཐོ་སློབ་ཁག་ཚང་མར་ཆེད་ལས་ངེས་པར་འཛུགས་ཐུབ་དགོས། དེ་ཡང་ལོ་རྒྱུས་དང་རྩོམ་རིག བརྡ་སྤྲོད་ལྟ་བུའི་སྔར་ཡོད་སློབ་ཚན་རེ་ཟུང་ཙམ་གྱི་ཆ་ནས་མ་ཡིན་པར། ནང་བའི་ལྟ་གྲུབ་དང་། ཚན་རིག་སོགས་ཕྱོགས་དུ་མ་ནས་སྟེ། བསླབ་གཞི་གསར་རྙིང་གཉིས་ཀ་ཆེད་ལས་ཀྱི་སྒོ་ནས་ཚད་ལོངས་པ་ཞིག་འཛུགས་མ་ཐུབ་ཚེ། ང་ཚོའི་མཐོ་སློབ་ཁག་ནི་སློབ་མ་རེ་རེའི་འཇོན་ནུས་ལ་རམ་འདེགས་བྱ་ས་ཞིག་ཏུ་ནམ་ཡང་འགྱུར་དཀའ་བར་སྙམ། མདོར་ན། ང་ཚོའི་མཐོ་སློབ་ཁག་ནི། བོད་ཀྱི་སློབ་ཕྲུག་རེ་རེའི་ཐུན་མོང་མ་ཡིན་པའི་འདམ་ག་དང་མོས་པ་རེ་རེ་ལ་རམ་འདེགས་བྱ་ས་ཞིག་ཡིན་དགོས་པ་ལས། ཐམས་ཅད་ཀྱིས་ཐམས་ཅད་འཁུར་དགོས་ས་ཞིག་ཡིན་མི་རུང་སྙམ།

གཉིས་པ། ང་ཚོའི་མཐོ་སློབ་ཁག་ནི་གནའ་དེང་གཉིས་ཀྱི་སློབ་སྦྱོང་གི་བསྟི་གནས་མིང་དོན་མཐུན་པ་ཤིག་ཏུ་འགྱུར་བར་ངང་བསྒུག་བྱ་མི་རུང་། བོད་ཀྱི་མཐོ་སློབ་ཁག་ནི་བོད་ཀྱི་གཞོན་ནུ་ཕལ་མོ་ཆེའི་དགོས་མཁོ་བསྐང་ཐུབ་ས་ཞིག་སྟེ། བོད་ཀྱི་མཐོ་སློབ་ཁག་ཏུ་བོད་ཀྱི་གནའ་བོའི་མཚན་ཉིད་རིག་པ་སོགས་རྨད་དུ་བྱུང་བའི་འཛམ་གླིང་གི་སྤྱི་ནོར་དེ་དག་ཚད་མཐོན་པོའི་སྒོ་ནས་སྦྱང་ས་ཡོད་དགོས་ལ། བོད་ཀྱི་མཐོ་སློབ་ཁག་ནི་དེང་དུས་ཀྱི་བསླབ་གཞི་ཁག་ཀྱང་མིང་ཙམ་མ་ཡིན་པར། ཁུངས་འཁྱོལ་བ་ཞིག་སྦྱང་དུ་ཡོད་ས་ཞིག་ངེས་པར་ཡིན་དགོས།

ང་ཚོ་བོད་ཀྱི་བཙན་བྱོལ་བ་རེད། འདི་རུ། ང་ཚོས་སྤྱིར་བཏང་གི་སློབ་སྦྱོང་ཡོད་པའི་དཔུང་སྡེ་ཙམ་བསྐྱེད་བསྲིངས་པ་ཙམ་གྱིས་ཡོང་གིན་མེད་པར། དུས་རབས་ཀྱི་ཟིལ་ཤུགས་ལྡན་པའི་བོད་མི་ཞིག་བསྐྱེད་བསྲིང་བྱ་དགོས་པ་སྟེ། འཛམ་གླིང་གི་རྗེས་ཆོད་པའི་བོད་པའི་འཇིག་རྟེན་ཞིག་བསྐྱེད་བསྲིང་བྱ་དགོས་པར་སྙམ། ང་ཚོར། ང་ཚོས་བསྐྱེད་བསྲིངས་བྱས་པ་ནི་བོད་པའི་དཔུང་སྡེ་རེ་རེ་ཡིན། དུས་རབས་དང་དཔུང་བ་མཉམ་པའི་བོད་པའི་ས་བོན་རེ་རེ་དང་། བོད་པའི་མྱུ་གུ་རེ་རེ། བོད་པའི་ལྗོན་ཤིང་ཆེན་པོ་རེ་རེ་ཡིན་པའི་སྤོབས་པ་སླེབས་དགོས་སྙམ།

མདོར་ན། མི་རིགས་ཤིག་གི་སློབ་གསོ་ལ་ཀ་རེ་ཀོ་རེ་ནམ་ཡང་བྱ་མི་རུང་། བཀྲ་ཤིས་བདེ་ལེགས།

སངས་རྒྱས་དཀོན་མཆོག་གིས་བཅར་འདྲི་ཞུས།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

5 thoughts on “ཁྱོད་ལ། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གྲྭ་ཁག་གི་ཐོག་དགོངས་ཚུལ་ག་རེ་ཡོད།

  1. ཉང་ངེས་འཁྱམ་པོས།

    ཕྲན་གྱི་བསམ་ཚུལ་དང་མཐོང་སྣང་ཞིག་བརྗོད་འདོད་ཧ་ཅང་ཆེ་བྱུང་། དེ་ནི་མཐོ་རིམ་སློབ་གསོ་དང་། སློབ་མའི་གནས་བབ་ཡར་རྒྱས་དང་ཚད་ལྡན་ཞིག་དགོས་ན། སློབ་གྲྭ་ཁག་གི་ནང་སྔོན་འགྲོ་དང་། གཞི་རིམ་ཆེ་འབྲིང་ཆུང་གསུམ་གྱི་གནས་བབ་ནས་འཛིན་སྐྱོང་དང་དགེ་ལས།ཁོར་ཡུག་བཅས་ནང་སློབ་གསོའི་ལས་རིམ་གང་མང་སྤེལ་ཐབས་དང་། གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀྲིན་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་བཀྲིན་ལ་བརྟེན་ནས་ཤེས་ཡོན་གྱི་མཐུན་རྐྱེན་དང་སྡིངས་ཆ། གོ་སྐབས་བཅས་ནི་ཧ་ཅང་བཟང་པོ་ཞིག་རེད་སྙམ། དེས་ན། གཞི་རིམ་འོག་མ་ནས་ཐུགས་སྣང་དང་། འབད་བརྩོན། ཤུགས་སྣོན་བཅས་གང་ལེགས་བརྒྱབ་ཐུབ་ན་མངོན་སུམ་གྱི་མཐོ་རིམ་སློབ་གསོ་དང་། སློབ་མའི་གནས་བབ་ལ་གཟེངས་སུ་ཐོན་པའི་འབྲས་བུ་བཟང་པོ་ཞིག་ཐོན་ངེས་རེད་སྙམ་མོ། ཐུགས་རྗེ་ཆེ།

  2. འབྲོག་རུ་ཆོས་དར།

    ཐེངས་འདིའི་དུས་བབ་གསར་འགོད་པས་དྲི་བའི་ལམ་ནས་མཐོ་རིམ་སློབ་གསོ་ལ་དོ་སྣང་བྱས་པའི་ལས་འགུལ་ཡག་པོ་སྤེལ་འདུག མ་ཟད་དགེ་རྒན་རྣམ་པས་དངོས་ཡོད་གནས་སྟངས་ལ་དམིགས་པའི་དགོངས་ཚུལ་གནད་འགག་ཅན་མང་པོ་གསུངས་འདུག དཔེར་ན།
    དགེན་ཨ་འབྲུག་དཀོན་མཆོག་ལགས་ནས། “བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱས་ཏེ་ཡོང་ས་དེ་དག་ལ་གཞི་རིམ་ནས་གྲ་སྒྲིག་དང་ཆ་རྐྱེན་གང་ཡང་ཡོད་པ་མ་རེད།” ཅེས་པ་ནས། “སློབ་གསོའི་ལྟ་ཚུལ་གྱི་ཐད་ནས་འཛིན་སྐྱོང་གི་བསམ་བློའི་ནང་དུའང་གཞི་རིམ་དང་མཐོ་རིམ་གྱི་སློབ་གསོའི་བར་ལ་ཁྱད་པར་དང་དབྱེ་མཚམས་གསལ་བོ་མེད་པ། ” ཞེས་པ། “མཐོ་རིམ་སློབ་གཉེར་ཁང་ཁག་གི་དགེ་རྒན་དང་འཛིན་སྐྱོང་ཁག་གི་བསམ་བློའི་ནང་ལ་རིག་ཚན་དང་བསླབ་ཚན་གྱི་དབྱེ་བ་གསལ་བོ་ཞིག་ཆགས་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་རེད། ”
    དགེན་གཙང་ཕྲུག་སྟོབས་ལགས་ནས། “མཐོ་རིམ་སློབ་གཉེར་ཁང་ཁག་གི་དགེ་རྒན་དང་འཛིན་སྐྱོང་ཁག་གི་བསམ་བློའི་ནང་ལ་རིག་ཚན་དང་བསླབ་ཚན་གྱི་དབྱེ་བ་གསལ་བོ་ཞིག་ཆགས་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་རེད། ”
    དགེན་ཧོར་ཞི་བདེ་ལགས་ནས། “ང་ཚོའི་མཐོ་སློབ་ཁག་ཚང་མར་ཆེད་ལས་ངེས་པར་འཛུགས་ཐུབ་དགོས། ” ཞེས་པ་དང་། ” ང་ཚོའི་མཐོ་སློབ་ཁག་ནི། བོད་ཀྱི་སློབ་ཕྲུག་རེ་རེའི་ཐུན་མོང་མ་ཡིན་པའི་འདམ་ག་དང་མོས་པ་རེ་རེ་ལ་རམ་འདེགས་བྱ་ས་ཞིག་ཡིན་དགོས་པ་ལས། ཐམས་ཅད་ཀྱིས་ཐམས་ཅད་འཁུར་དགོས་ས་ཞིག་ཡིན་མི་རུང་སྙམ།” ཞེས་གསུངས་པ་རྣམས་དངོས་ཡོད་གནས་སྟངས་ཀྱི་འཕྲད་ཕུགས་རྒྱང་གསུམ་ལ་མནོ་བསམ་བཏང་ནས་གསུངས་པ་ཞིག་རེད་འདུག་ལ། ཉམས་མྱོང་དང་ཆ་རྒྱུས་ཡོད་པའི་གསུངས་བཤད་རྐྱང་རེད་འདུག་པས་ཤིན་ཏུ་དགའ་ཡོད།

  3. ལྷ་སྒང་ཆོས་གྲགས།

    ལོ་རྒྱུས་སློབ་དཔོན་སྟོབས་ལགས་ཀྱིས་གསུངས་པ་དེ་དངོས་ཐོག་བདེན་འཚོལ་རེད་འདུག མཐོ་རིམ་སློབ་གསོ་ཡག་པོ་ཡོང་བར་གཞི་རིམ་སློབ་གསོ་སྤུས་དག་ཅིག་ནས་འགོ་བཙུགས་དགོས་རེད། དེ་དག་ཡོད་ཚད་ཀྱི་འགག་རྩ་གཙོ་བོ་ནི་སློབ་གསོ་ཙམ་མ་ཟད་སློབ་གསོ་བར་རག་ལུས་ཡོད། གཞི་རིམ་སློབ་གསོ་བ་ཡོད་དོ་ཅོག་ནི་མཐོ་རིམ་སློབ་གྲྭ་ཁག་ནས་ལས་བསྣོན་ཐོན་སྐྱེད་བྱས་པ་ཤ་སྟག་རེད། དེས་ན་མཐོ་རིམ་སློབ་གསོ་བ་སྤུས་ལེགས་དགོས་རྒྱུ་དེ་གལ་པོ་ཆེ་ལ་ནན་ཏན་རེད། དེ་མིན་མཐོ་རིམ་ནས་ལས་སྣོན་བྱས་པའི་སློབ་གསོ་བ་བཙོག་པ་དག་གཞི་རིམ་སློབ་གྲྭ་ཁག་ཏུ་བཏང་། དེ་དག་གིས་གཞི་རིམ་གྱི་སློབ་ཁང་བཙོག་པ་བཟོས། དེའི་བཙོག་སྙིགས་དག་སླར་ཡང་མཐོ་རིམ་སློབ་གྲྭར་བསྐྱོད། མདོར་ན་ཡོད་ཚད་བཙོག་པ་འཁོར་རྒྱུག་རང་རེད།