ཁྲིམས་རྩོད་པ་ཀློད་གྲོལ་དགོས་པའི་བསྒྲཊ་གཏམ་སྤེལ།

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཁྲིན་ཅན་ཀང་འཛིན་བཟུང་བྱས་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་ཁྲིམས་རྩོད་པ་ ༡༠༠ ལྷག་གིས་ཁོང་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་འདུག

ཁ་སང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཁྲིན་ཅན་ཀང་ལགས་ཡུན་ནན་ཞིང་ཆེན་ཅང་ཧོང་ཉེན་རྟོག་ཁང་གིས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་པེ་ཅིན་དུ་བཀག་ཉར་གྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་ཁྲིན་ཅན་ཀང་གིས་ཁོ་རང་གི་སྐད་འཕྲིན་དུ། ཁོང་ཚོ་བཀག་ཉར་བྱས་ཏེ་བཟའ་ཟླ་དང་བུ་ཕྲུག་གཉིས་ལ་དཀའ་སྡུག་བཟོས་པ་བརྗེད་ཐབས་མེད་སྐོར་བཤད་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་གྱི་མཚན་མོར་ཁྲིམས་རྩོད་པ་ཁྲིན་ཧེ་ཙུན་དང་ཁྲིན་ཅན་ཀང་གཉིས་ཀྱིས་འཁྱུག་ཙམ་རིང་སྐད་ཆ་བྱུང་སྐབས། ཅང་ཧོང་དུ་མེ་མདའ་བཟུང་བའི་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཁོང་ཚོའི་མཐའ་བསྐོར་ཏེ་བཀག་པ་མ་ཟད། འཛིན་བཟུང་གིས་མངག་གཏོང་ཁང་དུ་འཁྲིད་སོང་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་ཡང་ཁྲིམས་རྩོད་པ་རྣམས་ཀྱི་འབོད་སྐུལ་བསྒྲགས་གཏམ་ནང་དུ། ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲིན་ཅན་ཀང་ལགས་དང་བཟའ་ཟླ། དེ་བཞིན་ལོ་དྲུག་དང་གསུམ་ལ་སོན་པའི་བུ་གཉིས། གྲོགས་པོ་ཀྲང་པའོ་ཁྲིན་བཟའ་ཟླ་གཉིས་བཅས་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཁུལ་ཅང་ཧོང་ལ་སྤྲོ་འཆམ་དུ་ཕྱིན་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་ཚོ་དྲུག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱིས་སུ་ཁོང་གི་གྲོགས་པོ་བཟའ་ཚང་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་། ཁྲིན་ཅན་ཀང་བཟའ་མི་རྣམས་ཕྱིར་པེ་ཅིན་དུ་འཁྲིད་དེ་བཟའ་ཟླ་བུ་ཕྲུག་ཚོ་ལྟ་སྲུང་འོག་བཞག་པ་དང་། ཁྲིན་ཅན་ཀང་མུ་མཐུད་བཀག་ཉར་གྱིས་ཞིབ་བཤེར་འདྲི་གཅོད་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་ཁྲིམས་རྩོད་པས་སོ་སོའི་འོས་འགན་ལག་བསྟར་བྱེད་པར་ཉེས་འཛུགས་མི་ཆོག་པ་དང་། རྒྱལ་ནང་སྤྱི་དམངས་འགྲོ་འདུག་རང་དབང་གི་ཐོབ་ཐང་གཞིར་བཟུང་རྒྱ་གཞུང་གིས་འཕྲལ་དུ་ཁོང་ཚོ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་ཆེད་ལས་བའི་མགྲིན་ཚབ་པ་རཱ་ཝི་ནཱ་ཤམ་ཌ་ས་ནི་(Ravina Shamdasani)ལགས་ཀྱིས། ཁྲིན་ཅན་ཀང་འཛིན་བཟུང་བྱས་པའི་གནད་དོན་གྱི་ཐོག་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་མི་མང་ལ་མུ་མཐུད་བཙན་གནོན་བྱེད་བཞིན་ཡོད་པ་གསལ་པོ་ཆགས་པ་དེར་བློ་ཚབ་ཆེན་པོ་ཡོད་པ་དང་། རྒྱ་གཞུང་གིས་ཁྲིམས་རྩོད་པ་ ༧༠༩ ཁྲིམས་འགལ་བཀག་ཉར་དང་མནར་གཅོད་གཏོང་བཞིན་པར་ཐུགས་ཁུར་བྱེད་བཞིན་ཡོད་ལུགས་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འོས་འགན་ལ་བརྩི་བཀུར་དང་། དྲང་བདེན་གྱི་ཐོག་ནས་གནད་དོན་ཐག་གཅོད་དགོས་པའི་འབོད་སྐུལ་གནང་འདུག

ཁྲིམས་རྩོད་པ་ཁྲིན་ཅན་ཀང་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༡༢ ནང་བཀག་ཉར་འོག་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐོབ་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞེ་ཡང་ལགས་ཀྱི་སྲུང་སྐྱོབ་ཁྲིམས་རྩོད་པ་བྱས་ཡོད་པ་མ་ཟད། ཧུའུ་ནན་ཉེན་རྟོག་པས་ཞེ་ཡང་ལགས་ལ་རྡུང་རྡེག་མནར་གཅོད་བཏང་བའི་སྐོར་བཅར་འདྲི་བྱས་ཏེ་བརྒྱུད་ལམ་དུ་བཀྲམ་པར་བརྟེན། རྒྱ་ནག་གཞུང་ནས་བཙན་དབང་གིས་ཁོང་གི་ཁྲིམས་རྩོད་པའི་ཐོབ་ཐང་མཚམས་འཇོག་བྱེད་དུ་བཅུག་སྟེ་ཐེངས་མང་པོར་འཇིགས་སྐུལ་བྱས་ཡོད་པས། ད་ལན་ཁོང་འཛིན་བཟུང་བྱས་རྗེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ ༡༥༠ ཙམ་དང་། འདས་ལོར་རྒྱ་གཞུང་གིས་སྔ་གཞུག་ཏུ་འཛིན་བཟུང་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ ༧༠༠ ལྷག་གི་ཁྱིམ་མི་དང་། མི་མང་བཅས་ཀྱིས་རྒྱ་གཞུང་གིས་ཁྲིན་ཅན་ཀང་ལ་ཉེས་འདོགས་འཁོན་ལན་སློག་གི་ཡོད་པའི་སེམས་ཚབ་གནང་བཞིན་ཡོད་འདུག

 

 

གསར་འགོད་པ། པདྨ་མཚོ།

 

 

 

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply