གངས་སྐྱིད་ལས་ཁུངས་ཁག་གིས་བོད་ཡིག་བེད་སྤྱོད་ཐོང་ཨཱ།

བཀའ་ཤག་གིས་གངས་སྐྱིད་ལས་ཁུངས་ཁག་ལ་བཀོད་ཁྱབ་ཅིག་བཏང་སྟེ། ཕྱི་རྒྱལ་མི་སྣ་དང་རྒྱལ་ཁབ་གཞན་ལ་ཕྱི་རྒྱལ་སྐད་ཡིག་ཐོག་ཡིག་འབྲེལ་མ་གནང་ཐབས་མེད་རིགས་ཕུད་པའི་གཞན། ལས་ཁུངས་ནང་ཁུལ་དང་བོད་མི་ནང་ཁུལ་ཡིག་འབྲེལ་བྱེད་དགོས་རིགས་ཆ་ཚང་བོད་ཡིག་ཐོག་གནང་དགོས་པ་དང་། ཚང་མས་ལས་དོན་དེར་ལྷོད་གཡེང་མེད་པ་གནང་དགོས་པ་མ་ཟད། མང་ཚོགས་ལའང་ལས་དོན་དེ་བརྒྱུད་སྐུལ་གནང་གལ་ཆེ་ལུགས་བཀོད་འདུག

གསལ་བསྒྲགས་ནང་འཁོད་དོན། རང་ཅག་བོད་མི་རིགས་ཀྱི་གནས་བབས་ནི་ཆེས་གཉན་འཕྲང་དང་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་མཁྱེན་གསལ་ཡིན། བོད་ནང་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་བཞིན་ཡོད་ཅིང་། བོད་སྐད་ཡིག་ལ་ཆ་བཞག་ན་སྐད་ཡིག་གཉིས་པའི་མཐོང་ཙམ་ཡང་མེད་པར་ལས་ཁུངས་དང་སློབ་གྲྭ་སོགས་སྡེ་ཚན་ཚང་མའི་ནང་རྒྱ་ཡིག་ཁོ་ན་བེད་སྤྱོད་དགོས་པའི་སྲིད་ཇུས་ངན་པ་ལག་བསྟར་བྱེད་བཞིན་པ་དང་། ཕྱི་རྒྱལ་དུ་བཙན་བྱོལ་སྤྱི་ཚོགས་ནང་དུའང་བོད་སྐད་ཡིག་བཀོལ་སྤྱོད་ལ་ལྷོད་གཡེང་དང་བསྲེས་ལྷད་སོགས་མི་ཉུང་བ་ཞིག་ཡོང་གི་ཡོད་པ་དེ་དག་ཆེད་མངགས་མིན་ཡང་དོ་སྣང་ནན་ཟབ་མ་བྱས་ན། ལོ་བརྒྱ་ཕྲག་འགའ་ཞིག་གི་རྗེས་སུ་བོད་སྐད་ཡིག་ཉམས་ལྷད་དུ་འགྲོ་ཉེན་དང་། དེ་བཞིན། སངས་རྒྱས་ཀྱི་བཀའ་བསྟན་ཆོས་རྣམས་ཀྱི་དགོངས་པ་བཀྲལ་མི་ཐུབ་པའི་དུས་ངན་ཞིག་ཏུ་བསླེབ་ཉེན་མཐོང་བ་ནི་བློ་འཚབ་ཀྱི་རང་བཞིན་ཞིག་ཡིན་པར་ངོས་ཟིན་པའི་ཐོག་ནས་བོད་རིགས་རྒན་དར་གཞོན་གསུམ་ཚང་མས་སོ་སོའི་ཕ་མེས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེར་སོང་། བཀའ་ཤག་ནས་ ༢༠༠༠ ལོར་ཡིག་ཨང་བཀའ་ ༨༦༨།༥༡།༢༠༠༠ དང་། ༢༠༠༡ ལོར་བཀའ། ༤༤༥།༥༡།༠༡ སོ་སོར་འཁོད་བཀོད་ཁྱབ་སོང་བའི་ནང་དུ་ཕྱི་རྒྱལ་མི་སྣ་དང་རྒྱལ་ཁབ་ཁག་ལ་གནས་འབྲེལ་གནང་སྒོ་ཁག་ཕྱི་རྒྱལ་སྐད་ཡིག་ཐོག་མ་གནང་ཐབས་མེད་རིགས་ཕུད། དེ་མིན་བོད་མི་ནང་ཁུལ་དང་། ལས་ཁུངས་ནང་ཁུལ་གནས་འབྲེལ་གནང་སྒོ་ཁག་ཆ་ཚང་བོད་ཡིག་ཐོག་གནང་དགོས་པའི་བཀོད་ཁྱབ་ལྟར་ཚང་མས་དམ་དོན་གནང་གི་ཡོད་ཀྱང་། རེ་ཟུང་ནས་ལྷོད་གཡེང་འགྲོ་གི་ཡོད་ཚོད་འདུག་ན། ལྷད་ཕྱིན་དེ་ག་དང་ཁྱབ་ཁོངས་སྡེ་ཚན་ཚང་མས་གོང་གསལ་ལམ་སྟོན་རྩ་འཛིན་ལག་བསྟར་ལྷོད་གཡེང་དུ་མ་སོང་བར་དམ་པ་དོན་གཉེར་དགོས་རྒྱུ་མ་ཟད། མང་ཚོགས་ལའང་བརྒྱུད་སྐུལ་གནང་གལ་བཅས་ཕེབས་འདུག་ན། དེ་ལུགས་ཁྱབ་ཁུངས་སོ་སོར་ཡང་ལམ་སྟོན་གནང་ཕྱོགས་ཡོད་པ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ལ།། ཞེས་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

3 thoughts on “གངས་སྐྱིད་ལས་ཁུངས་ཁག་གིས་བོད་ཡིག་བེད་སྤྱོད་ཐོང་ཨཱ།

  1. བསྟན་འཛིན་དོན་ཡོད།

    འདས་པའི་ལོ་ཤས་ནང་གངས་ཅན་སྐྱིད་ཤོང་གི་ལས་ཁུངས་ཁག་གི་ཡིག་འབྲེལ་ཚང་མ་ཨིན་ཡིག་ཆགས་ཏེ་ལས་བྱེད་རྒན་པ་ལྷག་བསམ་ཅན་རྣམས་སྐད་ཤོར་བསྡད་ཡོད་པ་རེད། རེ་བ་ཟད་དེ་སེམས་ཤུགས་ཆགས་བསྡད་ཡོད་པ་རེད། མཐའ་ན་སྙན་ཞུ་དགོངས་ཤོག་ལས་དོན་ཁག་གི་ལས་བསྡོམས་སོགས་ཀྱང་ཨིན་ཡིག་ནང་འཁོད་དེ་འདས་པའི་ལོ་ངོ་ལྔ་དྲུག་ནང་གི་གཞུང་གི་ཡིག་ཆ་མང་ཆེ་བ་ཞིག་བེད་སྤྱོད་མེད་པའི་གནས་སྟངས་ཆགས་ཡོད་པ་རེད། ད་རེས་གསལ་བསྒྲགས་དེ་གལ་ཆེན་པོ་ཞེ་དྲག་ཡིན་ཡང་དུས་ཚོད་གང་ལ་གང་འཚམས་ཕྱི་དྲགས་ཡོད་པ་རེད།

    1. འཁོར་ཡུག་འདིའི་ནང་ལས་ཀ་བྱེད་ནས་ལོ་མང་འགྲོ་སོང་ཡང་ཁྱེད་ཀྱི་བཤད་པ་ནང་བཞིན་གུས་པའི་མཐོང་ཐོས་བྱུང་མ་སོང། ཨ་ཡ་མཚན་ང་ས་ཆ་ནོར་བ་ལ་སླེབས་ཨ་རེད།

  2. གོང་གསལ་བཀའ་ཤག་ནས་ ༢༠༠༠ ལོར་ཡིག་ཨང་བཀའ་ ༨༦༨།༥༡།༢༠༠༠ དང་། ༢༠༠༡ ལོར་བཀའ། ༤༤༥།༥༡།༠༡ སོ་སོར་འཁོད་བཀོད་ཁྱབ་ལྟར་ཕྱི་རྒྱལ་མི་སྣ་དང་རྒྱལ་ཁབ་ཁག་ལ་གནས་འབྲེལ་གནང་སྒོ་ཁག་ཕྱི་རྒྱལ་སྐད་ཡིག་ཐོག་མ་གནང་ཐབས་མེད་རིགས་ཕུད། དེ་མིན་བོད་མི་ནང་ཁུལ་དང་། ལས་ཁུངས་ནང་ཁུལ་གནས་འབྲེལ་གནང་སྒོ་ཁག་ཆ་ཚང་བོད་ཡིག་ཐོག་གནང་བཞིན་ཡོད་པ་རང་སྒེར་གྱི་མྱོངས་ཚོར་བྱུང། གོང་གི་བཀོད་ཁྱབ་དེ་དྲན་སྐུལ་ཙམ་དང་བར་ལམ་སྤྱིད་ཚོགས་དྲ་ལམ་ནང་སྐྲོག་གཏམ་སྤེལ་བ་བདེན་པ་མིན་པར་ཁ་གསལ་བཟོས་ཆེད་ཡིན་པར་སྙམ།