གསུམ་བཅུའི་དུས་དྲན་ཐེངས་ ༥༨ པ་གཞུང་འབྲེལ་སྲུང་གཙི་གནང་།

བཞུགས་སྒར་དྷ་རམ་ས་ལར་གསུམ་བཅུའི་དུས་དྲན་ཐེངས་ ༥༨ པ་གཞུང་འབྲེལ་སྲུང་གཙིའི་ཐོག་རྒྱལ་ཁབ་ཁག་གསུམ་ནས་ཕེབས་པའི་སྐུ་མགྲོན་རྣམ་པས་བོད་ཀྱི་བདེན་པའི་འཐབ་རྩོད་མུ་མཐུད་དུ་རྒྱུན་སྐྱོང་དགོས་པ་དང་། འཛམ་གླིང་གི་མི་གྲངས་ས་ཡ་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༥༨ པ་གཞུང་འབྲེལ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན། སྲིད་སྐྱོང་མཆོག་དང་བཀའ་བློན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ས་གནས་སུ་ཡོད་པའི་སྤྱི་འཐུས་རྣམ་པ། དེ་བཞིན་སྐུ་མགྲོན་གཙོ་བོ་ཨི་ཊ་ལི་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཁོམ་པཱ་ཆིར་( Dr. Arno Kompatscher) མཆོག་དང་། ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་མི་ཆལ་ར་སིན་(Mr.Micheal Raison )མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཁོན་སིན་ལོ་ཌི་ནི་ནོ་( Consiglio Di Nino )མཆོག་བཅས་ཀྱི་གཙོས་ཕྱི་ནང་གི་སྐུ་མགྲོན་རྣམ་པ། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་ས་ཉེ་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཉེ་ཁུལ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། དྷ་སའི་སེར་སྐྱ་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་༧གོང་ས་མཆོག་ནས་ཕྱི་ལོ་ ༡༩༦༡ ནས་ ༢༠༡༡ བར་གྱི་གསུམ་བཅུའི་དུས་དྲན་ཐོག་བསྩལ་བའི་གསུང་འཕྲིན་རྣམས་ཕྱོགས་བསྒྲིགས་གནང་བའི་བོད་དང་བོད་མིའི་འཐབ་རྩོད་(Tibet and The Tibetan People’s Struggle)ཅེས་པའི་དབྱིན་དེབ་ཅིག་སྲིད་སྐྱོང་མཆོག་ནས་དབུ་འབྱེད་གནང་སོང་བ་དང་། དེ་བཞིན་གཞུང་འབྲེལ་སྐུ་མགྲོན་སྐུ་ཞབས་ཨར་ནོ་ཁོམ་པཱ་ཆིར་མཆོག་ནས་དང་སྐུ་ཞབས་མི་ཆལ་ར་སིན་མཆོག སྐུ་ཞབས་ཁོན་སིན་ལོ་ཌི་ནི་ནོ་མཆོག་བཅས་ནས་དམངས་གཙོའི་འོས་འདེམས་ཀྱི་ལམ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཞོན། དེ་བཞིན་སྤྱི་འཐུས་བཅས་བདམས་ཐོན་བྱུང་འདུག་པར་འཚམས་འདྲི་དང་འོས་བསྡུའི་ལས་རིམ་འགྲོ་སྟངས་ཐོག་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་སྐོར་དང་། གཞན་ཡང་བོད་མིའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཅིག་ཡིན་པས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་ལ། འཛམ་གླིང་གི་དྲང་བདེན་ལ་དགའ་བའི་མི་གྲངས་ས་ཡ་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེ་དང་ཆབས་ཅིག་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྒྱུན་འཛིན་གང་ལེགས་གནང་བཞིན་པ་རྒྱུན་སྐྱོང་དགོས་སྐོར་གསུངས་སོང་ལ། ཁ་ན་ཌ་ནས་ཕེབས་པའི་སྐུ་མགྲོན་སྐུ་ཞབས་ཁོན་སིན་ལོ་ཌི་ནི་ནོ་( Consiglio Di Nino )མཆོག་ནས་ད་ལོའི་ཊོ་རིན་ཊོའི་བོད་ཀྱི་ལོ་སར་སྐབས་ཁོང་གིས་སང་ལོའི་ལོ་སར་བོད་ཀྱི་རྒྱལ་ས་ལྷ་སར་རོལ་ཏེ་ཁོང་ཡང་བསྐྱར་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་གྱི་སྨོན་འདུན་ཞུས་ཡོད་སྐོར་སོགས་གསུངས་སོང་།

ཡང་མཛད་སྒོའི་ཐོག་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་སོང་བ་དང་། བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་སྐབས་སྲིད་སྐྱོང་མཆོག་ནས་བོད་མིའི་སྤྱི་ཚོགས་ནང་མི་ཉུང་ཤས་ཤིག་གིས་༧གོང་ས་མཆོག་ལ་སྐུར་འདེབས་ཟུར་ཟ་བྱེད་བཞིན་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ཉེ་སྔོན་བོད་མི་ཞིག་གིས་ཨ་རིའི་སློབ་ཆེན་ཞིག་གི་དགེ་རྒན་ཆེན་མོ་འདས་གྲོངས་དང་འབྲེལ་བའི་ལོ་ངོ་ ༡༡༣ ལ་བཞུགས་དགོས་པ་དེ་ཁྱེད་ཡིན་ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་། བོད་མི་ཞིག་དང་བཀའ་ཤག་ཡིན་པའི་ཆ་ནས་༧གོང་ས་མཆོག་ལ་དེ་ལྟ་བུའི་ཟུར་ཟ་གནང་བ་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྩོམ་དེ་འདྲ་བྲིས་པ་ཐབས་སྐྱོ་བོ་ཞེ་དྲགས་རེད། རྩོམ་དེ་འདྲ་བྲིས་པའི་རྐྱེན་གྱིས་བོད་མིའི་སྤྱི་ཚོགས་ནང་བརྡབ་གསིག་དང་དཀྲོག་གཏམ་ཡོང་གི་ཡོད་ལ། དགྲ་དགའ་གཉེན་སྡུག་གི་ལས་ཀ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་སྨྲ་བརྗོད་རང་དབང་ཁ་ལ་འཁུར་ནས་ཡོང་གི་ཡོད་ཀྱང་སྨྲ་བརྗོད་རང་དབང་ཟེར་བ་དེ་ལ་ཚད་ཡོད་པས་ཚད་འཛིན་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ལ། ད་ལྟའི་བར་དུ་བོད་རྒྱལ་ཁབ་ལ་༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་ལས་ལྷག་པའི་བཀའ་དྲིན་ཆེན་པོ་སུ་གང་མེད་སྟབས། སྤྱན་རས་གཟིགས་དང་བོད་ཁ་བའི་ལྗོངས་བར་གྱི་འབྲེལ་བ་དེ་འབྲལ་ཐབས་མེད་པའི་འབྲེལ་བ་ཡིན་ཞིང་། ད་ལྟའི་ཆར་ང་ཚོར་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཡོད་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། དེ་ཁ་ལ་འཁུར་ནས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ཡིན་ན་མཐའ་གཅིག་ཏུ་ནོར་བ་རེད་ལ། ངོ་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་གསུངས་སོང་།

གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྣེ་ཁྲིད་འོག སེར་སྐྱ་མི་མང་གིས་བོད་དོན་ཞི་བའི་འཐབ་རྩོད་ཀྱི་འབོད་ཚིག་སྒྲོག་བཞིན་དྷ་ཤོད་ཀ་ཅ་རི་བར་གོམ་བགྲོད་གནང་སོང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply