གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་ཐོག་ཚོགས་གཙོ་མཆོག་ནས་དེང་གི་དུས་འདིར་རྙེད་དུ་མེད་པའི་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་གྱི་རྒྱུ་རྐྱེན་འབད་སྒྲུབ་བྱེད་པ་དང་། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་འགྲོ་བ་ཕྲ་མོ་ཙམ་ཡང་མ་ཡོང་བ་བྱེད་པར་བོད་མི་ཚང་མས་རང་འགན་རང་སྲུང་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་ཚང་མ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐུ་མགྲོན་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་དོ་སྣང་ཅན་གྱི་སྐྱ་སེར་ཁག་ཅིག་བཅས་ཕེབས་འདུག

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས་བོད་རྒྱལ་འབྲེལ་མོལ་ཡོང་བར་རེ་བ་ཞིག་མཐོང་གི་ཡོད་སྐོར་ཁོང་གིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་བར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ལྷན་དུ་འབྲེལ་མོལ་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་འགན་བཞེས་ཏེ་འདི་ལོའི་ལོ་མཇུག་ཏུ་སྐབས་དང་པོའི་ལས་ཡུན་རྫོགས་འགྲོ་ཡི་ཡོད་པ་དང་། ཁོའི་ལས་ཡུན་དེའི་ནང་བཙན་བྱོལ་བོད་མི་དང་ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་བ་གནང་བའི་ཐུགས་འདོད་ཡོད་པ་ཡོངས་གྲགས་དང་མངོན་གསལ་དོད་པོའི་ཐོག་ནས་ཐོན་ཡོད་པ་མ་རེད། ཡིན་ནའང་། ཁོང་གི་ལས་ཡུན་གཉིས་པའི་སྐབས་སུ་ང་ཚོས་རེ་བ་རྒྱག་ས་ཡོད་པ་ལྟ་བུ་ཞིག་མཐོང་གི་ཡོད། རྒྱུ་མཚན་གཅིག་ནི་སྲིད་འཛིན་རིམ་པས་འབྲེལ་བ་གནང་སྟེ་དངོས་སུ་གྲུབ་འབྲས་ག་ཚོད་ཐོན་ཡོད་མེད་ལ་མ་ལྟོས་པར་ཕན་ཚུན་གོ་བརྡ་སྤྲོད་རེས་བྱས་པ་ཡོངས་གྲགས་ཆགས་བསྡད་ཡོད་པ་དང་། གཞན་ཡང་ཉེ་ཆར་རྒྱ་ནག་སྐབས་བཅུ་གཉིས་པའི་སྲིད་གྲོས་ཚོགས་འདུ་ཐེངས་ལྔ་པའི་སྐབས་སྲིད་བློན་ལི་ཁེ་ཆང་གིས་བོད་ཟེར་བའི་མིང་ཞིག་བཏོན་ཡོད་པ་དང་། མིང་བཏོན་པའི་འགྲེལ་བཤད་ལ་བསམ་བློ་བཏང་དུས་རེ་བ་ཡོད་པ་ལྟ་བུ་ཞིག་དང་། ཉེན་ཁ་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཡོངས་ཁྱབ་ཀྱིས་འབད་བརྩོན་གནང་གི་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གི་འགན་འཛིན་དབུ་འཁྲིད་རྣམ་པས་ཀྱང་བོད་ཀྱི་ཐོག་ལ་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ། གུ་ཡང་གི་ཐོག་ནས་འབྲེལ་མོལ་བསྐྱར་མཐུད་ཡོང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བསམ་ཤེས་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཞལ་དུ་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་བྱེད་པ་དང་བོད་སྤྱི་པའི་ཆེ་མཐོང་ལ་གནོད་པའི་རྒྱུ་རྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་བར་བོད་མི་ཡོད་དོ་ཅོག་གིས་རང་འགན་རང་འཁུར་གྱིས་འབད་བརྩོན་དགོས་སྐོར་གསུངས་དོན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་པར་གྲུབ་པའི་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། མགོན་པོ་གང་ཉིད་ནས་དགུང་གྲངས་ ༡༠༠ ལྷག་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཕེབས་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གྲོས་ཚོགས་ཀྱི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་གལ་ཆེན་པོ་གཅིག་དེ་ཡིན། ང་ཚོ་བོད་མི་རྣམས་ཀྱིས་ཚང་མ་དམ་ཚིག་གོང་བུ་ཆིག་སྒྲིལ་གྱི་ཐོག་ནས་མགོན་པོ་གང་ཉིད་ལ་བསྙེན་བཀུར་བཀའ་སྒྲུབ་ཞུ་དགོས་པ་དེ་ང་ཚོའི་ལས་འགན་གཡོལ་ཐབས་མེད་པ་འདྲ་པོ་ཆགས་བསྡད་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དེ་དུས་ཚོད་འདི་ལྟ་བུའི་སྐབས་སུ་སྲིད་པ་ཁམས་གསུམ་དུ་བཙལ་ནས་འགྲོ་བ་ཡིན་ནའང་རྙེད་མི་ཐུབ་པ་ཞིག་ཆགས་བསྡད་ཡོད་པར་བརྟེན། ང་ཚོ་བོད་རིགས་ཚང་མས་མངོན་ལྐོག་རྒྱབ་མདུན་མེད་པར་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། དྲིན་ལན་ལོག་འཇལ་གྱི་རྒྱུ་རྐྱེན་འབད་སྒྲུབ་བྱེད་པ་དང་། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་འགྲོ་བ་ཕྲ་མོ་ཙམ་ཡང་མ་ཡོང་བ་བྱེད་དགོས་པ་དེར་ང་ཚོས་རང་འགན་རང་སྲུང་གི་ཐོག་ནས་བོད་མིའི་འཐབ་རྩོད་དང་། བོད་སྤྱིའི་ཆེ་མཐོང་ལ་ཞན་ཆ་མི་འགྲོ་བའི་ཐོག་ནས་འགན་འཁུར་བཞེས་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འདི་གལ་ཆེན་པོ་བྱས་ནས་ཞུ་རྒྱུ་ཡིན། ཞེས་དང་། གྲོས་ཚོགས་ནང་ཆ་ཤས་ལེན་སྐབས་བསམ་ཚུལ་མཐུན་མ་མཐུན་ཡོང་བ་ཆོས་ཉིད་ཡིན་ཡང་། གནད་དོན་ཁག་གི་ཐོག་བགྲོ་གླེང་ལྷུག་པོ་ཡོང་ཐུབ་པ་དང་། སྤྱི་མོས་ཡོང་ཐུབ་པ་ཞིག་ལ་ཚང་མས་འབད་བརྩོན་གནང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

ལས་ཉིན་འདིའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་བཞི་སྤྱི་མོས་གཏན་འབེབས་བྱུང་བ་དང་། དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོོན་ཚན་ ༧ ཅན་ཞིག་སྒྲོག་སྦྱངས་དང་འབྲེལ། སྤྱི་འཐུས་ཁག་ཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་ནང་གི་གནས་སྟངས་ཐོག་བགྲོ་གླེང་གནང་སོང་བ་དང་། སྐབས་དེར་བྱང་ཨ་རིའི་སྤྱི་འཐུས་ཕྱག་མཛོད་ཚང་པདྨ་ལགས་ཀྱིས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་ནང་མཉམ་ཞུགས་བྱས་པའི་ཁྲོད་ནས་གྲོས་ཚོགས་ནང་དུ་ཆོལ་ཁ་ཆོལ་ལུགས་ཀྱི་འཐེན་འཁྱེར་ཤུགས་ཆེན་པོ་ཡོད་པའི་མཐོང་ཚོར་བྱུང་སྟབས། བོད་ནང་གི་བོད་མི་ ༡༤༥ ཡིས་ག་རེ་བྱས་ནས་སྐུ་ལུས་མེར་མཆོད་གནང་བ་དང་། གྲོས་ཚོགས་ཀྱི་དམིགས་ཡུལ་ཅི་ཡིན། དེ་བཞིན་མི་མང་གིས་རེ་བ་ག་རེ་བརྒྱབ་ནས་སྤྱི་འཐུས་སུ་བདམས་པ་སོགས་ལ་དྲན་གསོ་བྱས་ཏེ། སྤྱི་འཐུས་རྣམ་པས་སོ་སོས་སོ་སོར་ཞུ་དག་ཅིག་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་མོས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ནས་ཁོང་དགུང་ལོ་ ༡༡༣ ལ་བཞུགས་རྒྱུ་མཚན་ལམ་དང་ལུང་བསྟན་དུ་ཕེབས་ཡོད་སྐོར་བཀའ་གནང་ཡོད་པ་དང་། ཟླ་ ༢ ཚེས་ ༡༤ ཉིན་ཀླུ་མཁར་བྱམས་ཀྱིས་ངོ་དེབ་ནང་དུ་ཨ་རིའི་དགེ་རྒན་ཆེན་མོ་ཨི་ལོ་ཊི་སི་སྤིར་ལིན་(་Elliot Sperling )ལགས་སྐུ་གྲོངས་བ་དེར་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་། ཁ་བྱང་དེས་གོ་བ་རྒྱག་ས་དེ་༧རྒྱལ་བ་རིན་པོ་ཆེ་ཡིན་པ་གོ་སླ་བོ་ཡིན་པས་དངོས་གནས་ཚད་ལས་བརྒལ་བ་ཞིག་ཡིན་ལ། དམངས་གཙོ་ཁ་ལ་འཁུར་ཏེ་སྔོན་མ་ནས་ཁོས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་ཚོང་བ་དང་བླ་རྒན་སོགས་ཞུས་པ་དེར་བརྒྱ་ཆ་བརྒྱ་ཐམ་པ་ངོ་རྒོལ་ཡོད་པ་དང་། ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དེས་འདས་པའི་ཟླ་གཅིག་རིང་བོད་པའི་སྤྱི་ཚོགས་རྦད་དེ་དཀྲུགས་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་དེའང་བར་ལམ་ནས་བརླགས་ཏེ་ངོ་དེབ་སོགས་སུ་མགོ་འཁོར་ནས་ཆུ་ཚོད་འཕྲོ་བརླག་ཏུ་ཕྱིན་ཡོད་སྐོར་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་བཟང་སྤྱོད་ཀྱི་དམིགས་དཔེ་ལྟ་ས་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། ཆོས་བརྒྱུད་སྤྱི་འཐུས་རྣམ་པས་སོ་སོའི་གཟི་བརྗིད་དང་ཆེ་མཐོང་དེ་མ་བརླག་པའི་ཆེད་དུ་བཀའ་མོལ་གནང་སྐབས་ཏོག་ཙམ་ཐུགས་སྣང་དགོས་པ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

ཨོ་སི་ཊོ་ལི་ཡའི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ཉེ་བའི་ཆར་འཛམ་གླིང་ནང་གི་ཆབ་སྲིད་གནད་དོན་ཆེ་ཤོས་དེ་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱིས་ཨ་རིའི་མི་མང་ནང་འགལ་ཟླ་ཤུགས་ཆེ་རུ་ཕྱིན་པ་དང་། སྲིད་འཛིན་ཊོམ་གྱི་ཕྱི་འབྲེལ་སྲིད་བྱུས་གསལ་པོ་མེད་པར་བརྟེན་རྒྱལ་སྤྱིའི་སྒང་ནས་བློ་འཚབ་དང་ཚོད་དཔག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་ལ། བོད་མིར་མཚོན་ན་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐོག་ནས་ཨ་རིའི་གཞུང་ནི་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཆགས་ཡོད་སྟབས། ཨ་རིའི་འཕོ་འགྱུར་ཆེན་པོ་འདི་དང་བསྟུན་བོད་མིའི་ངོས་ནས་བསྐྱར་ཞིབ་དང་གྲ་སྒྲིག་ཅིག་བྱེད་དགོས་པའི་དུས་ལ་བསླེབས་ཡོད་སྐོར་དང་། རང་དབང་དང་དམངས་གཙོའི་སྟོབས་ལྡན་རྒྱལ་ཁབ་ཨ་རི་རྒྱལ་སྤྱིའི་སྡིངས་ཆ་སྒང་ནས་རིམ་བཞིན་ནུས་ཤུགས་ཆུང་དུ་འགྲོ་བཞིན་པ་དང་། དམར་ཤོག་གི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་མེད་པའི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་འཁྲབ་སྟོན་དབང་ཤུགས་བེད་སྤྱོད་གཏོང་བའི་སྡིངས་ཆ་མང་དུ་རག་གི་ཡོད་པའི་དུས་སྐབས་འདིར། བོད་མི་མི་རེ་ངོས་རེ་ནས་ནུས་ཤུགས་བསྒྲིལ་ཏེ་འབད་བརྩོན་སྔར་ལྷག་བྱེད་གལ་ཆེ་སྐོར་བརྗོད་སོང་།

གཞན་ཡང་། གྲོས་ཚོགས་ཀྱི་ལས་ཉིན་དང་པོ་དང་བསྟུན། དཔལ་རྒྱལ་བ་ཇོ་ནང་པ་དང་། སྐད་འཕྲིན་ཀྱི་ཚོགས་པ་བོད་མི་ཆིག་སྒྲིལ་ཚོགས་པ་གཉིས་ནས་ཚོགས་ཞུགས་པ་རྣམ་པར་ཞི་འབོད་ཀྱི་སྙན་ཞུ་འབུལ་གྱིན་འདུག་ལ། དཔལ་རྒྱལ་བ་ཇོ་ནང་པའི་སྙན་ཞུའི་ནང་སྤྱི་སྐབས་་༡༦ པའི་གྲོས་ཚོགས་ཚོགས་དུས་ ༣ པའི་སྐབས་སྤྱི་འཐུས་རྣམ་པ་རྒྱས་འཛོམས་བཞུགས་མོལ་ཚོགས་འདུ་གནང་སྐབས། བཀའ་བསྡུར་གྱིས་ལན་གསལ་འབུལ་རྒྱུ་ཡིན་སྐོར་བཀའ་ལན་ཕེབས་པ་དགོངས་མངའ་ལྟར། བོད་རང་གི་ཆོས་བརྒྱུད་ཆེན་པོ་ཇོ་ནང་པར་གུས་བརྩི་དང་། འདྲ་མཉམ་མིག་འཕེར་འོས་པའི་ཐག་གཅོད་ཡོང་རྒྱུར་གསོལ་འདེབས་ཤུགས་དྲག་ཞུ་བཞིན་ཡོད་སྐོར་བརྗོད་འདུག་ལ། བོད་མི་ཆིག་སྒྲིལ་ཚོགས་པའི་སྙན་ཞུའི་ནང་། བཙན་བྱོལ་བོད་མི་ཟུར་གནས་དྲང་བདེན་ཀུན་གྱིས་དྷ་སའི་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་དེ་བཞིན་དྷ་ས་མེག་ལོར་གྷན་ཇིའི་མི་མང་གི་སློབ་གྲྭ་ཞིག་ཡིན་པ་ད་ཆ་སློབ་གྲྭ་དེ་སྤྱི་རྒྱུ་སྒེར་བདག་གི་ངོ་བོར་གནས་ཡོད་པ་མཁྱེན་མངའ་བཞིན། ད་ལན་གྲོས་ཚོགས་ནང་དྷ་སའི་ཡོངས་གླིང་སྔོན་འགྲོ་མི་མང་གི་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་གི་རྙོག་གླེང་དེ་ངེས་པར་དུ་གཙང་གསལ་ཐག་གཅོད་དགོས་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཡོན་ཏན་དང་པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༤

Leave a Reply