གྲོས་ཚོགས་ལ་གྲོས་མོལ་ཞིག་བྱས་ཡོད།

བེ་རི་རིག་པའི་རྡོ་རྗེ།

གླེང་སློང་།

དེང་སྐབས་འཛམ་གླིང་ཐོག་བོད་དང་ཐེའུ་ཝན་གཉིས་ཕུད་པའི་རྒྱལ་ཁབ་ ༡༩༦ ཡོད་པའི་ནང་གི་རྒྱལ་ཁབ་མང་ཆེ་བ་དམངས་གཙོ་ཡིན་ཞིང་། དམངས་གཙོ་མིན་པའི་རྒྱལ་ཁབ་ཁག་ནི་ཆེས་ཐ་ཤལ་དུ་ངོས་འཛིན་བྱེད་བཞིན་ཡོད་མོད། འོན་ཀྱང་། དམངས་གཙོའི་རིན་ཐང་མི་ཤེས་པའི་སྤྱི་ཚོགས་དང་། ཁྲིམས་ལུགས་དང་དྲང་བདེན་ལ་རྒྱབ་གཏོད་པའི་སྲིད་གཞུང་ཞིག་ཡིན་ན། དེ་དམངས་གཙོ་ཡིན་ཀྱང་དགོས་པ་ཆུང་།

ཨ་རི་ལྟ་བུར་མཚོན་ན། སྲིད་གཞུང་གི་བྱེད་སྟངས་མ་འགྲིག་པ་བྱུང་ན། མང་ཚོགས་ཀྱིས་ཁྲོམ་སྐོར་དང་ངོ་རྒོལ་བྱེད་ཆོག དཔེར་ན། ཨ་རིའི་སྲིད་འཛིན་གསར་བ་དགྲ་གནོན་ཁྲོ་ཕུར་ (President Donald Trump) སྲིད་སྟེགས་སུ་ཕེབས་པ་ནས་བཟུང་མང་ཚོགས་ཁྲི་ཕྲག་མང་པོས་དེ་རིང་བར་ངོ་རྒོལ་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད། འོན་ཀྱང་དེ་དམངས་གཙོའི་ཁྱད་ཆོས་སུ་རྩི་བཞིན་ཡོད་པ་ལས་གཞུང་ལ་ངོ་རྒོལ་བྱེད་ཀྱིན་འདུག སྲིད་འཛིན་ལ་ངོ་རྒོལ་བྱེད་བཞིན་འདུག་ཅེས་ཉེས་འདོགས་བྱེད་མཁན་སུ་ཡང་མེད་པ་མ་ཟད། ད་དུང་དམངས་གཙོའི་གཞུང་གི་ཁྱད་ཆོས་སུ་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཨ་རིའི་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་དེ་དག་རྒྱ་ནག་ནང་ཁུལ་དུ་ཤི་སྐུང་རོ་སྐུང་བྱས་བསྡད་ཡོད།

དེ་ལྟ་ན་ཡང་། ང་ཚོའི་བཙན་བྱོལ་སྲིད་གཞུང་ལ་མཚོན་ན། དམངས་གཙོ་ཟེར་བའི་ཐ་སྙད་སྐམ་པོ་ཞིག་གི་འོག་གཞི་ནས་ཡར་ལངས་གྲབས་བྱེད་བཞིན་ཡོད་སྟབས། དེའི་ཆབ་འབངས་སུ་གཏོགས་པའི་བཙན་བྱོལ་བ་བདུན་ཁྲི་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་ཀྱང་དམངས་གཙོ་ཟེར་བའི་ཚིག་སྐམ་ཞིག་གི་རྗེས་སུ་འུད་འགྲོགས་བྱས་པ་ལས། དོན་ངོ་མར་དམངས་གཙོ་ཟེར་བ་དེ་ལ་འགྲེལ་བཤད་ཡག་པོ་ཞིག་བྱེད་ཐུབ་མཁན་དཀོན་པོ་ཡིན། དེར་བརྟེན་རྒྱལ་བ་ཇོ་ནང་པས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འཐབ་རྩོད་བྱས་པ་དེར་གཞུང་དམངས་གཉིས་ཀྱིས་ཁ་རྡུང་གཏོང་བཞིན་ཡོད་ལ། སྒེར་གྱི་གྲོགས་པོ་འགའ་རེས་ཀྱང་ཁྱེད་ཚོས་གཞུང་ལ་ངོ་རྒོལ་བྱས་སོང་ཞེས་གྲོགས་འབྲེལ་བཅད་མཁན་ཡང་བྱུང་མོད། དངོས་གནས་བཤད་ན། འདི་ནི་དམངས་གཙོའི་དགེ་མཚན་ཕྱོགས་ཙམ་དང་གཞུང་ལ་སེམས་དཀར་བྱེད་སྟངས་མ་ཤེས་པའི་སྐྱོན་རེད། དེ་བཞིན་སྲིད་གཞུང་གིས་ཀྱང་མི་མང་གིས་ཞུ་འབོད་ཙམ་བྱས་པར་སྐྱོན་བརྗོད་བྱེད་པ་ནི། དམངས་གཙོའི་ལམ་ལུགས་ལས་རིང་དུ་གྱེས་པའི་མངོན་རྟགས་གསལ་བོར་བསྟན་པ་རེད། གལ་ཏེ་སོ་སོའི་གཞུང་དང་ཆབ་སྲིད་མི་སྣར་ཞུ་འབོད་དང་རེ་བསྐུལ་ཙམ་ནས་ཡང་ཞུ་མི་ཆོག་པའི་དམངས་གཙོའི་སྲིད་གཞུང་ཞིག་ཡོད་ན། དེ་ནི་མིང་གིས་བཏག་ཚུལ་ཙམ་ལས་དོན་ལ་རྒྱ་ནག་དང་བྱང་ཀོ་རི་ཡའི་སྲིད་གཞུང་གཉིས་ཀྱི་སྤུན་ཟླར་གྱུར་བ་རེད།

གྲོས་གཞི།

གང་ལྟར་ངས་དེ་རིང་ཤོད་འདོད་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་ཆོས་བརྒྱུད་དབྱེ་འབྱེད་ཀྱི་སྐོར་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པ། དོན་ཚན་དགུ་བར་“བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང་། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བཀོད་ཡོད། དེའི་དོན་ནི་བོད་ཀྱི་ཡུལ་མི་ཡིན་ཕྱིན། ཕོ་མོ་སོགས་ཁྱད་མེད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པས་ཐོབ་ཐང་ཁག་ལ་གཅིག་མཚུངས་སུ་ལོངས་སྤྱོད་ཆོག་ཟེར་བ་རེད།

ཡང་དོན་ཚན་བཅུ་བར་“ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་བཀོད་ཡོད། དེའི་དོན་ནི་ཆོས་ལུགས་ཆོས་བརྒྱུད་ཡོངས་སུ་རྫོགས་པ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཐོབ་ཐང་གཅིག་མཚུངས་སུ་ཡོད་ཟེར་བ་རེད།

འོན་ཀྱང་། དོན་ཚན་སོ་བདུན་པར་“བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་བོད་ཀྱི་ཡུལ་མི་རྣམས་ལ་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་སོགས་མེད་པ་བྱས་ཡོད། འདི་གོང་གི་དོན་ཚན་དགུ་བ་དང་བཅུ་བ་གཉིས་དང་རྒྱབ་འགལ་ཆགས་ཡོད། ད་དུང་རང་རེའི་བཙན་བྱོལ་གཞུང་གིས་འདྲ་མཉམ་མིན་པའི་གནད་དོན་མང་པོ་ཞིག་ཀྱང་དངས་ལེན་བྱས་ཡོད། དཔེར་ན་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འདྲ་མཉམ་མིན་པ། དེ་བཞིན་དུ་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་སློབ་གསོའི་ཁྱབ་ཁུངས། བླ་ཆེན་ཁག་གི་གདན་ཐོབ། སློབ་དེབ་ཀྱི་བརྗོད་བྱ། དགེ་སློབ་ཀྱི་འབྱུང་ཁུངས། ཐ་ན་ཚོགས་ཆེན་སྐབས་ཀྱི་ཚོགས་ཞུགས་མི་སྣ་སོགས་མདོར་ན་འདྲ་མཉམ་དང་གཅིག་མཚུངས་མིན་པའི་གནས་ཚུལ་བརྩིས་ན་མི་ཚར་བ་ཞིག་ཡོད།

གནད་དོན་འདི་དག་ཁྲིམས་འགལ་ཙམ་མིན་པར་དོན་ཚན་འདིས་ཆོས་བརྒྱུད་བར་ལ་དངོས་སུ་དབྱེ་འབྱེད་ཆེན་པོ་བྱས་ཡོད་པས་འདི་བཏང་སྙོམས་སུ་བཞག་ན་རྩ་བ་ནས་འགྲིག་ཐབས་མེད་ལ། ཁྲིམས་ལུགས་རབ་འབྱམས་པའི་ལག་འཁྱེར་སྐམ་པོ་དགུ་བརྩེགས་ཡོད་ཀྱང་། འདི་ལ་དོན་མཐུན་གྱི་འགྲེལ་བཤད་བྱེད་དཀའ། དབྱེ་འབྱེད་བྱེད་པ་(discriminate)འདི་ཧ་ཅང་གི་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་ཡིན། འདིའི་ནང་དུ་ཆོས་ལུགས་དང་། མི་རིགས། སྐད་ཡིག དབུལ་ཕྱུག ཕོ་མོ། ཤ་མདོག་སོགས་ཀྱང་ཚུད་ཡོད། དེས་ན་བཙན་བྱོལ་སྲིད་གཞུང་འདི་དོན་ངོ་མའི་དམངས་གཙོ་དང་ཁྲིམས་མཐུན་གྱི་གཞུང་ཞིག་བྱེད་འདོད་ཡོད་ན། ཐོག་མར་བཅའ་ཁྲིམས་ནང་གི་ནང་འགལ་དེ་དག་དང་། ལྷག་པར་དུ་དབྱེ་འབྱེད་ཀྱི་ཐ་སྙད་དེ་དག་མར་གྱི་ནང་གི་སྤུ་བཏོན་པ་བཞིན་རྩ་མེད་བཟོས་ནས་ཡོད་ཚད་འདྲ་མཉམ་དུ་སྤྱོད་ཆོག་པའི་དོན་དམ་པའི་དམངས་གཙོའི་སྲིད་གཞུང་ཞིག་འཛུགས་བསྐྲུན་བྱེད་དགོས།

དེས་ན་འདིར་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཚོགས་དུས་གསུམ་པར་ཆེད་དུ་གྲོས་མོལ་ཞིག་བྱེད་འདོད་བྱུང་། ན་ནིང་རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོའི་གྲོས་ཆོད་སྙན་ཞུ་གྲོས་ཚོགས་ལ་ཕུལ་རྗེས་ཚོགས་དྲུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༤ འཁོད་པའི་ཡིག་ལན་ནང་གསལ། “སྐབས་ ༡༦ གྲོས་ཚོགས་ཚོགས་དུས་ ༣ པའི་སྐབས་སྤྱི་འཐུས་རྣམ་པ་རྒྱས་འཛོམས་བཞུགས་མོལ་ཚོགས་འདུ་གནང་སྐབས་བཀའ་བསྡུར་གྱིས་ལན་གསལ་འབུལ་རྒྱུ་ཡིན་”ཞེས་བྲིས་པ་ལྟར། ང་ཚོས་ད་ལན་ཚོགས་དུས་གསུམ་པའི་ཐོག ཇོ་ནང་ཆོས་བརྒྱུད་ལ་སྤྱི་འབངས་ཀྱི་ཐོབ་ཐང་གཅིག་མཚུངས་སུ་གནང་བའི་རེ་བ་དང་ཡིད་ཆེས་བྱས་ནས་སྒུག་བསྡད་ཡོད།

དེ་སྔོན་ང་ཚོས་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག དམངས་གཙོའི་བཟང་སྲོལ་ལྟར་ཞུ་འབོད་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུར་མང་མོས་ཐོག་གྲོས་ཆོད་བྱུང་ཡོད་མོད། རེ་ཞིག་ཚོགས་དྲུང་ལས་ཁུངས་ཀྱི་བཀའ་ལན་ལྟར་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུ་ཐག་གཅོད་བྱས་ཏེ། གནས་སྐབས་རིང་ཞུ་འབོད་ལས་འགུལ་རིགས་ཕྱིར་འཐེན་བྱས་ཡོད།

དེས་ན་ཚོགས་དུས་གསུམ་པའི་ཐོག་བསམ་ཚུལ་ཚིག་གསུམ་ཤོད་འདོད་བྱུང་།

དང་པོ།༽ གོང་གསལ་ལྟར་བཅའ་ཁྲིམས་དོན་ཚན་སོ་བདུན་པའི་ནང་གསེས། ཁ “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པ་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས། གཡུང་དྲུང་བོན་བཅས་དྲུག་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ཞེས་འཁོད་རྒྱུ་དེ་རེད། དེ་ནས་བཟུང་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཆགས་པ་རེད། དབྱེ་འབྱེད་ཟེར་བའི་སྐད་ཆ་དེའི་མཇུག་བསྒྲིལ་བ་རེད།

གཉིས་པ།༽ བཅའ་ཁྲིམས་དོན་ཚན་སོ་བདུན་པའི་ནང་གསེས། ཁ “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པ་དེ་ཕྱིར་བསྡུ་བྱེད་དགོས། འདི་ཡང་ཐབས་ལམ་སྟབས་བདེ་ཞིག་རེད།

གསུམ་པ།༽ ཡང་ན་གོང་གི་ཐ་སྙད་དེ་དག་གི་ཚབ་ཏུ་ཆོས་བརྒྱུད་ཁག་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ཞེས་བཀོད་ཅིང་། ཆོས་དོན་ལས་ཁུངས་ཀྱི་ཁྲིམས་ཡིག་དང་། ལྷན་ཁང་ཁག་གི་སྒྲིག་གཞི་སོགས་མདོར་ན་གཞུང་འབྲེལ་ཡིག་ཆ་ཡོད་ཚད་ཀྱི་ནང་དུ་བོད་ཀྱི་ཆོས་བརྒྱུད་ཁག་ཅེས་ཡིག་འཇོག་བྱེད་ཐུབ་ན། ཆོས་བརྒྱུད་དབྱེ་འབྱེད་ཀྱི་ཐ་སྙད་དེ་དངོས་སུ་མངོན་མེད་པས། ང་ཚོས་ཀྱང་གནས་སྐབས་རིང་སྲིད་གཞུང་གི་བྱེད་ཕྱོགས་ལ་བརྩི་བཀུར་བྱེད་ཆོག་ལ། སྲིད་གཞུང་གི་ངོས་ནས་ཀྱང་ཆོས་བརྒྱུད་དབྱེ་འབྱེད་བྱས་མེད་ཅེས་འགྲེལ་བཤད་བྱེད་ཚུལ་ཞིག་ཡོད་པས་བྱེད་ཐབས་འདི་གཉིས་ཕན་གྱི་ཐབས་ལམ་ཞིག་ཏུ་མཐོང་གིན་ཡོད་པས་གྲོས་གཞི་འདི་གསུམ་ལས་གང་རུང་ཞིག་ཐག་གཅོད་བྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན།

མཐའ་སྡོམ།

གལ་ཏེ་གོང་གི་དོན་ཚན་གསུམ་པོའི་གཅིག་ཀྱང་དངས་ལེན་མ་བྱས་པ་ཡིན་ན། བཅའ་ཁྲིམས་དོན་ཚན་བཅུ་བར་“ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” (All religious denominations are equal before the law.) ཞེས་པ་ལྟར། ཁྲིམས་འགལ་གྱི་བྱ་སྤྱོད་མཐའ་དག་ཁྲིམས་ལ་གཏུགས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པས། འབྲེལ་ཡོད་རྣམ་པ་ཚོར་ཁྲིམས་ཁང་དུ་མཇལ་འཛོམས་བྱེད་རྒྱུའི་དུས་ཚོད་བཀོད་བསྒྲིག་མི་བྱེད་ཐབས་མེད་ཡིན་པས་དེ་ལུགས་དགོངས་བཞེས་ཡོང་བ་ཞེས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ཉིན།

 

བསྐྱར་བཅོས།: ༢༠༡༧/༠༣/༡༤

Leave a Reply