གླང་རྩེད་འགྲན་བསྡུར་བཀག་འགོག་ལ་ངོ་རྒོལ་ཁྲོམ་སྐོར།

རྒྱ་གར་ཊ་མིལ་ནཱ་རྡོ་(Tamil Nadu)མངའ་སྡེའི་ནང་དུ་མི་མང་འདུ་འཛོམས་བྱས་ཏེ་སྲིད་གཞུང་གིས་གླང་རྩེད་(Jallikattu)བཀག་འགོག་བྱས་པར་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་ཡོད་འདུག

protest-in-chennai_5f9d1b04-ddf5-11e6-8bc2-389d9c78b3df

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས། དེ་སྔོན་ཊ་མིལ་ནཱ་རྡོའི་མངའ་སྡེ་གླང་རྩེད་ལྷན་ཚོགས་ཀྱི་ཁྲིམས་རྩོད་པ་ཚོས་བཏང་བའི་སྙན་ཞུ་རྩིས་མེད་བཏང་སྟེ། ད་ལོའི་མངའ་སྡེའི་གླང་རྩེད་འགྲན་སྡུར་དེ་རྩེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས། ཊ་མིལ་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་སོགས་བྱེད་མགོ་བཙུགས་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་མཐོ་རིམ་སློབ་མ་ཚོའང་མཉམ་ཞུགས་དང་ལས་འགུལ་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག

ལས་འགུལ་དེ་གཞི་རྒྱ་ཆེ་རུ་ཕྱིན་ཏེ་ས་གནས་མང་པོར་ཁྱབ་བཞིན་ཡོད་པ་མ་ཟད་ལས་འགུལ་དེར་བུད་མེད་དང་བྱིས་པ་སོགས་ཀྱང་མཉམ་ཞུགས་བྱེད་བཞིན་ཡོད་སྟབས། ཁ་སང་ནས་གཞུང་གི་གུང་གསེང་གི་བཀའ་རྒྱ་སོགས་ཅི་ཡང་མེད་པར་ཊ་མིལ་མངའ་སྡེའི་མཐོ་སློབ་གཙོས་པའི་སློབ་གྲྭ་ཆེ་ཆུང་ཚང་མ་སྒོ་རྒྱག་ཏུ་བཅུག་ཡོད་འདུག

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་གནས་ཚུལ་དེ་ཧ་ཅང་ཆེན་པོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང་། ༡༩༦༠ ལོའི་ཧུན་རྡིའི་ཟིང་འཁྲུག་(anti-Hindi agitation in the 1960s)དང་འདྲ་བོར་ཆགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཁ་སང་གནད་དོན་དེའི་ཐད་ཊ་མིལ་མངའ་སྡེའི་གྲོས་ཚོགས་ཀྱི་ས་གནས་སློབ་སྟོན་པ་ཤིན་ཀཱར་ཝན་ཁཱ་ཤིན་(Shankar Venkateshan)གྱིས། སྲིད་གཞུང་གིས་གླང་གོག་རྩེད་འགྲན་བཀག་འགོག་དེ་མཚམས་མ་བཞག་བར་དུ་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག ཁོང་གིས་ད་དུང་ “ང་ཚོས་གླང་གོག་གི་རྩེད་མོ་རྩེ་ན་ཡང་གླང་གོག་ལ་རྨས་སྐྱོན་སོགས་གང་ཡང་གཏོང་གི་མེད་ལ། ང་ཚོས་གླང་གོག་ལ་རང་གི་བུ་ཕྲུག་ལྟར་གཅེས་སྐྱོང་བྱེད་བཞིན་ཡོད། རྩེད་མོ་དེ་ང་ཚོའི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཡིན་སྟབས། སྲིད་གཞུང་གིས་ངེས་པར་དུ་ང་ཚོའི་སྙན་ཞུ་ལ་ངོས་ལེན་བྱ་དགོས།” ཞེས་བརྗོད་འདུག

མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཨོ་པན་ནར་སིལ་ཝམ་གྱིས་(O.Panneerselvam)ལགས་ཀྱིས་ཊ་མིལ་མི་མང་དང་གླང་རྩེད་ལྟད་མོ་བ་ཡོངས་ལ་ཁོ་རང་གིས་དབུས་གཞུང་ལ་སྙན་ཞུ་བཏང་ཡོད་སྟབས། ཉིན་གཉིས་ནང་ཚུད་དུ་ཐག་གཅོད་གསལ་བོ་ཞིག་ཡོང་གི་རེད། ཅེས་བརྗོད་ཡོད་འདུག

དེ་རིང་སྔ་དྲོར་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དབུས་གཞུང་ལ་སྙན་ཞུ་ཕུལ་ཏེ། ཊ་མིལ་གྱི་གླང་རྩེད་བཀག་འགོག་གི་བཀའ་རྒྱ་དེ་བདུན་ཕྲག་གཅིག་རིང་ཕྱིར་འགྱངས་བྱ་དགོས་ཚུལ་ཞུས་ཡོད་འདུག

Madurai-alanganallur-jallikattu

གླང་རྩེད་འགྲན་སྡུར་དེ་ནི་རྒྱ་གར་ཊ་མིལ་མངའ་སྡེ་མི་མང་གི་སྲོལ་རྒྱུན་རྩེད་རིགས་ཤིག་ཡིན་པ་དང་། བཤད་སྲོལ་ལྟར་ན་རྩེད་མོ་དེ་སྤྱི་ལོ་མ་ཚིགས་སྔོན་གྱི་ལོ་ ༤༠༠ (400 BC)ཡས་མས་ལ་དར་ཡོད་པ་ཞིག་ཡིན་འདུག ད་ལྟ་རྩེད་མོ་དེ་ཊ་མིལ་མངའ་སྡེའི་སྲོལ་རྒྱུན་གྱི་རྩེད་རིགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ལོ་ལྟར་ཕྱི་ཟླ་ ༡ པོའི་ཟླ་དཀྱིལ་གྱི་ཞིང་བའི་དུས་ཆེན་ཉིན་རྩེད་བཞིན་ཡོད་འདུག

རྩེད་མོ་དེ་ནི། གླང་གོག་ཅིག་མི་མང་འདུ་ཚོགས་ཁྲོད་བཏང་སྟེ་མི་སུ་ཞིག་གིས་གླང་གོག་དེའི་བསེ་བར་འཇུས་ཏེ་ཡུན་རིང་སྡོད་ཐུབ་པ་དང་། རྭ་མགོར་རས་དམར་པོ་ཞིག་བཏགས་ཡོད་པ་དེ་ལེན་ཐུབ་མིན་འགྲན་བསྡུར་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་རྩེད་མོ་དེ་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་པའི་ནང་ནང་ “རྩེད་རིགས་བྱ་འགུལ་དེ་ལྟ་བུར་གླང་གོག་བེད་སྤྱོད་བྱེད་པ་ནི་རྩ་ཁྲིམས་ལས་སེམས་ཅན་ལ་སྡུག་སྦྱོང་མནར་སྤྱོད་གཏོང་མི་ཆོག་པ་དང་འགལ་བཞིན་ཡོད་པ་དང་མི་མང་གི་ཚེ་སྲོག་ལ་ཡང་གཉེན་ཁ་འདུག” ཅེས་དང་། ད་དུང་ཁྲིམས་ཁང་གིས་ཞིབ་འཇུག་བྱས་པར་ ༢༠༡༠ ནས་ ༢༠༡༤ བར་དུ་གླང་རྩེད་འགྲན་སྡུར་ནང་དུ་མི་ ༡༧ གྲོངས་ཡོད་པ་དང་མི་ ༡༠༠༠ ལ་རྨས་སྐྱོན་བཟོས་ཡོད་ཚུལ་སོགས་བཀོད་ཡོད་འདུག

སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply