གློ་སྨོན་ཐང་ནས་གནའ་བོའི་ས་ཕུག་ཁྲི་ཙམ་བརྙེད།

གློ་སྨོན་ཐང་གི་གྲོག་རོང་ཞིག་ནས་དུས་སྐབས་མི་འདྲ་བ་གསུམ་དུ་མིའི་རིགས་ཀྱིས་བེད་སྤྱོད་བྱས་པའི་ས་ཕུག་ཁྲི་ཡས་མས་གསར་དུ་བརྙེད་ཡོད་ཟེར།
Untitled-7ཏ་ཅི་ཡན་རྒྱ་ཡིག་དྲ་བའི་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་བལ་ཡུལ་གྱི་ཁོངས་སུ་ཡོད་པའི་གློ་སྨོན་ཐང་གི་གྲོག་རོང་ཞིག་ནས་བོད་ཡིག་གི་ཆོས་དཔེ་དང་ལྷ་སྐུ་ལྡེབས་རས་སོགས་ཡོད་པའི་གནའ་བོའི་ས་ཕུག་ཁྲི་ཡས་མས་གསར་དུ་བརྙེད་ཡོད་པ་དང་། ས་ཕུག་མང་ཆེ་བ་སྟོང་པ་ཡིན་ཡང་ཁ་ཤས་ནང་མིའི་རིགས་འཚོ་སྡོད་བྱས་པའི་ཐབ་ཀ་དང་ཅ་དངོས་གསོག་ཉར་བྱེད་ས། ཉལ་ས་སོགས་ཀྱི་ཤུལ་ཡོད་པ་མ་ཟད། ས་ཕུག་ཁ་ཤས་ཀྱི་ནང་ནས་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པའི་མིའི་ཀེང་རུས་དང་། དེ་བཞིན་དུས་རབས་ ༡༢ ནས་ ༡༤ བར་བྱུང་བའི་ལྷ་ཁང་ལྡེབས་རིས་དང་ལྷ་སྐུ་སོགས་ནང་པའི་དངོས་རྫས་རིགས་མང་པོ་གསར་རྙེད་བྱུང་ཡོད་འདུག

དེ་ཡང་གནས་ཚུལ་དེའི་ནང་དུ། གསར་དུ་བརྙེད་པའི་གནའ་བོའི་ས་ཕུག་དེ་ཚོ་མང་ཆེ་བ་ནི་ས་ངོས་ལས་མཐོ་ཚད་ཧྥི་ཊི་ ༡༥༠ ཙམ་རེ་ཡོད་པའི་གྲོག་རོང་གཡང་གཟར་གྱི་ངོས་སུ་ཆགས་ཡོད་སྟབས། སྤྱིར་བཏང་གི་མི་ཞིག་ཕར་ཞོག་ཐ་ན་ཕུལ་དུ་བྱུང་བའི་རི་འཛེགས་པ་ཞིག་ཀྱང་ས་ཕུག་ནང་འཛུལ་རྒྱུ་ཁག་པོ་ཡོད་པར་བརྟེན། ས་དེའི་མི་མང་གིས་ས་ཕུག་དེ་ཚོ་སུས་བརྐོས་པ་དང་། ནང་དུ་ག་རེ་ཡོད་མེད་སོགས་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ད་ལྟའི་བར་ལྷག་ཡོད་པ་དང་། ས་ཆ་དེ་ནི་ཕྱི་མི་འགྲོ་སྐྱོད་དཀོན་པའི་མཐའ་འཁོབ་དབེན་གནས་ཤིག་ཡིན་པས་གནའ་བོའི་རིག་དངོས་བདག་ཉར་སོར་གནས་བྱུང་བ་གང་འཚམ་ལེགས་པོ་ཡོད་སྐོར་བརྗོད་འདུག

ས་ཕུག་དེ་རྣམས་ལ་ཞིབ་འཇུག་བྱེད་མཁན་ཚན་རིག་པས་གློ་སྨོན་ཐང་གི་ས་ཕུག་དེ་ཚོ་བཀོལ་སྤྱོད་ཐད་དུས་སྐབས་གསུམ་དུ་དབྱེ་ཆོག་སྟེ། དང་པོ་ལོ་ངོ་ ༣༠༠༠ གི་ཡར་སྔོན་དུ་མིའི་རིགས་ཀྱི་དུར་ས་བྱས་པ་དང་། གཉིས་པ་དུས་རབས་ ༡༠ པའི་ནང་མི་རྣམས་དམག་འཁྲུག་རྩོད་རྙོག་ལས་ཉེན་ཡོལ་དུ་ཕྱིན་ཏེ་གཡང་གཟར་གྲོག་རོང་དེར་གནས་བྱས། གསུམ་པ་དུས་རབས་ ༡༥ པའི་ནང་རིག་དངོས་གསོག་ཉར་དང་སྦེད་སྐོང་བྱེད་སའི་མཛོད་ཁང་དང་སྒོམ་ཉམས་ལེན་བྱེད་ས། ཡང་ན་དམག་དོན་སོ་ལྟ་ཁང་སོགས་སུ་བེད་སྤྱོད་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “གློ་སྨོན་ཐང་ནས་གནའ་བོའི་ས་ཕུག་ཁྲི་ཙམ་བརྙེད།