མེས་པོ་ཚོས་ཆབ་སྲིད་ཐད་ཞབས་འདྲེན་བཞག་ཡོད་ཀྱང་ཆོས་ཕྱོགས་ལ་བྱས་རྗེ་བཞག་ཡོད།

དེ་སྔ་ང་ཚོ་བོད་པའི་ནང་དུ་བོད་པ་ཡིན་ལབ་རྒྱུར་ངོ་ཚ་མཁན་ཚོ་ལའང་དེང་སྐབས་སྤོབས་པ་གསར་པ་ཞིག་སྐྱེ་ཡོང་གི་ཡོད་པ་མ་ཟད། བལ་ཡུལ་ནས་ཡིན་པ་བོད་པ་མིན་མཁན་ཚོས་ཀྱང་བོད་ཡིན་ལབ་པའི་མཚམས་ལ་བསླེབས་ཡོད་པ་རེད་ཅེས་༧གོང་ས་མཆོག་གིས་གསུངས།

དེ་རིང་དྷ་སའི་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་གཙོས་པའི་དད་ལྡན་ཆོས་ཞུ་བ་བརྒྱད་སྟོང་ལྷག་ལ་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་བའི་སྟེང་གི་གསུང་བཤད་དུམ་བུ་འགའ་འདིར་བཀོད་ཡོད།

སློབ་ཕྲུག་ཁག་གཅིག་གིས་བློ་རིགས་སྡོམ་དང་རྟགས་གསལ་བཏང་བསྒྲུབས་རྗེས། ༸གོང་མ་མཆོག་གིས་དངོས་གཞི་བཀའ་སློབ་གནང་དོན། “བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་བསྡད་པ་དེ་རྒྱ་གར་མཁས་པའི་གཞུང་། བཅོམ་ལྡན་འདས་ཀྱི་བཀའ་དེ་ཚོ་བོད་ཡིག་ནང་ཚུར་བསྒྱུར་ཏེ་ལོ་ངོ་སྟོང་ཕྲག་ཅིག་གི་རིང་ལ་ང་ཚོས་བདག་པོ་བརྒྱབ་པ་རེད། དེ་ཧ་ལས་པ་རེད། བོད་ཀྱི་མེས་པོ་དེ་ཚོའི་རྣམ་དཔྱོད་ཧ་ལས་པ་རེད། མི་རིགས་ཀྱི་ཐད་ནས་བཤད་ནའང་བོད་ཡིག་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ལ་གསར་དུ་བཟོས་པ་ཡིན་ན་འདྲ་ལ། ཡར་རྒྱས་བཏང་བ་ཡིན་ནའང་འདྲ། གང་ལྟར་ཡང་བོད་ཀྱི་དབྱངས་དང་གསལ་བྱེད་དེ་ཚོ་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ཏེ་བཟོས་པ་ཞིག་རེད་འདུག

གཞན། སྐབས་དེར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ལ་འཁྲུངས་ས་བསྐྱོན་ཏེ། ལྷ་སའི་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ཎེ་རྒྱ་ནག་ནས་བོད་དུ་གདན་འདྲེན་ཞུས་པ་རེད། ༡༩༥༤ ལོར་ངོས་རང་རྒྱ་ནག་ལ་ཕྱིན་སྐབས་རྒྱལ་ས་པེ་ཅིན་ལའང་ཕྱིན་པ་ཡིན། དེ་ནས་ ༡༩༥༥ ལོར་ཡར་བོད་དུ་ལོག་ཡོང་དུས་ཞཱི་ཨན་རྒྱལ་སར་བསླེབས་པ་རེད། ཞཱི་ཨིན་དེ་ཐང་རྒྱལ་རབས་ཀྱི་རྒྱལ་ས་རེད། ངོས་རང་ལྷ་སའི་ཇོ་བོ་གདན་འདྲེན་ཞུ་སའི་གཙུག་ལག་ཁང་གི་ནང་ལ་བསླེབས་སོང་། བཞུགས་ཁྲི་གཅིག་པུ་ཕ་གིར་འདུག དེ་ནས་ལྷ་སའི་ཇོ་བོ་བོད་དུ་གདན་འདྲེན་ཞུས་པ་རེད་ཅེས་གནས་བཤད་རྒྱག་གི་འདུག རྒྱ་བོད་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་སྟབས། གནས་སྟངས་དེའི་འོག་ནས་བོད་ཡིག་དེ་རྒྱ་ཡིག་ལ་དཔེ་བལྟས་ནས་བཟོས་ན་སྟབས་བདེ་བོ་ཡོད་ཀྱང་དེ་ལྟར་མ་བྱས་པར་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བཟོས་འདུག

དེ་ནས་དུས་རབས་བརྒྱད་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཁོང་ཡང་རྒྱ་བཟའི་སྲས་ཡིན་སྟབས། རྒྱ་ནག་ལ་འབྲེལ་བ་ཞེ་དྲགས་ཡོད་པ་རེད་དེ། ནང་ཆོས་དེ་རྒྱ་གར་ནལེནྜ་ནས་ཐད་ཀར་གདན་འདྲེན་ཞུ་རྒྱུའི་དགོངས་པ་བཞེས་ཏེ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་འདུག མཁན་ཆེན་ཞི་བ་འཚོ་ནི་མཁས་པ་ཧ་ཅང་ཆེན་པོ་རེད། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་མེད་ན། ད་ལྟ་ང་ཚོ་བོད་ནང་ཨ་མཆོད་ལ་རྒྱུག་ནས་བསྡད་ཡོད་པ་རེད། མཁན་ཆེན་ཞི་བ་འཚོ་ཕེབས་པའི་བཀའ་དྲིན་གྱིས་བོད་པ་རྣམ་དཔྱོད་ཡོད་མཁན་ཚོས་རྣམ་དཔྱོད་ཀྱི་རྩལ་བཏོན་པ་ད་ལྟ་ང་ཚོར་ཐོང་རྒྱུ་འདུག འདི་དག་ལ་བལྟས་ཡོང་དུས་གཞི་ནས་བོད་ཀྱི་སྐད་ཡིག་ལ་ངོ་མཚར་སྐྱེ་ཡོང་བ་དང་། ང་རང་ཚོའི་མེས་པོ་ཚོས་དངོས་གནས་དྲང་གནས་པག་བཞེས་ནས་བཞུགས་པ་རེད། གསོལ་ཚིགས་རྒྱས་པོ་རོ་བཅུད་ལྡན་པ་ཡོད་པ་མ་རེད་དེ་ཀླད་པ་དེ་ཧ་ལས་པ་རེད་འདུག མེས་པོ་ཚོའི་རྣམ་དཔྱོད་དེར་ངོ་མཚར་སྐྱེ་བ་ཞིག་རེད། དེ་དག་གི་བྱས་རྗེས་ལ་གཞི་ནས་ཡི་རངས་སྐྱེས་པ་དང་། སོ་སོ་བོད་པ་ཡིན་པ་དང་སྔོན་གྱི་མེས་པོ་ཚོའི་རྗེས་འཛིན་པ་ཞིག་ཡིན་པར་སྤོབས་པ་སྐྱེ་གི་འདུག བོད་པ་ཟེར་དུས་ཞུམ་དགོས་པ་ཞིག་མ་རེད།

སྔ་མོ་ ༡༩༥༩ ལོར་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས། ང་ཚོ་བོད་རིགས་གཞོན་སྐྱེས་ཁ་ཤས་བོད་པ་ཡིན་ལབ་ན་ངོ་ཚ་གི་ཡོད་པ་རེད། ང་བོད་པ་མིན་པ་དང་བལ་ཡུལ་ཕྱོགས་ནས་ཡོང་བ་འདྲ་བོ་བྱས་པ་མ་གཏོགས། བོད་པ་ཡིན་ལབ་ན་ཏོག་ཙམ་ངོ་ཚ་བ་དང་སྤམ་ཤོར་བ་དེ་འདྲ་བྱེད་མཁན་བྱུང་བ་རེད། དེ་ནས་རིམ་པས་ག་ལེར་བོད་ཀྱི་རིག་གཞུང་ཟེར་དུས་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་མཐོང་ཡོང་སྐབས། ཚན་རིག་པ་དང་ནུབ་ཕྱོགས་པའི་ནང་དུའང་དོ་སྣང་གསར་པ་ཞིག་བསླེབས་ཡོང་སྐབས། ང་རང་ཚོ་བོད་པའི་ནང་ནས་དེ་སྔ་བོད་པ་ཡིན་ལབ་པར་ངོ་ཚ་མཁན་དེ་ཚོའི་གྲས་ལའང་སྤོབས་པ་གསར་པ་ཞིག་སྐྱེ་ཡོང་གི་ཡོད་པ་མ་ཟད། བལ་ཡུལ་ནས་ཡིན་པ་བོད་པ་མིན་མཁན་དེ་ཚོས་ཀྱང་བོད་ཡིན་ལབ་པའི་མཚམས་ལ་བསླེབས་ཡོད་པ་རེད།” ཅེས་གསུངས་སོང་།

༧གོང་ས་མཆོག་གིས། “ཆོས་ཕྱོགས་ནས་བཤད་ན་དེ་སྔ་ ༡༩༥༩ ལོའི་གོང་ལ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་(Lamaism)རེད་ཅེས་ཧ་ལམ་སངས་རྒྱས་པའི་ཆོས་ཡིན་མིན་ཐེ་ཚོམ་འདྲ་བོ་བྱས་པ་དང་། ལྷག་པར་དུ་གསང་སྔགས་ཀྱི་ཆོས་བཤད་སྐབས། ད་དེ་མུ་སྟེགས་པའི་གསང་སྔགས་དང་འདྲེས་པ་རེད་ཟེར་ནས་དེ་འདྲ་བཤད་མཁན་བྱུང་བ་རེད། བོད་ཀྱི་ཆོས་ལ་བླ་མའི་ཆོས་ལུགས་(Lamaism) ཞེས་མིང་བཏགས་པ་རེད། ཁག་ཀྱང་མི་འདུག ང་ཚོ་བོད་པ་ནང་ཁུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པར་ཞབས་བརྟན་བསྒྲུབ་རྒྱུ་དང་། གཏོར་མ་བཟོ་རྒྱུ། འཆམ་འཁྲབ་རྒྱུ་སོགས་དར་སྲོལ་ཆེན་པོ་ཡིན་སྟབས། ཧོབ་དེ་བལྟས་ན་ཡ་མཚན་པོ་ཞིག་ཡོད་པ་རེད། དཔེར་ན། འཕགས་པ་གནས་གཏན་སྡེ་པའི་གྲྭ་བ་ཞིག་བོད་དུ་ཕེབས་ཏེ། བོད་པས་འབག་གྱོན་ནས་འཆམ་འཁྲབ་བསྡད་ཡོད་པ་མཐོང་ན་ཡ་མཚན་དགོངས་ཀྱི་རེད།

རིམ་གྱིས་ང་ཚོ་བཙན་བྱོལ་དུ་བསླེབས་ཏེ། འཛམ་གླིང་ཡུལ་གྲུ་མང་པོ་ལ་རིས་སུ་མ་ཆད་པའི་བླ་ཆེན་རྣམ་པས་ཞབས་འདེགས་ཞེ་དྲགས་བསྒྲུབས་ཡོད་རེད། ཀརྨ་པ་རིན་པོ་ཆེ་སྐུ་གོང་མ་དང་། དེ་བཞིན། བདུད་འཇོམས་རིན་པོ་ཆེ་ལ་སོགས་པའི་རིས་སུ་མ་ཆད་པའི་སྐྱེ་བོ་དམ་པ་མང་པོ་དང་། ལྷག་པར་དུ་མཁས་དབང་དང་དགེ་བཤེས་དེ་འདྲ་སློབ་གྲྭ་ཆེ་ཁག་ལ་དགེ་རྒན་དུ་ཕྱིན་པ་དང་། ང་རང་གི་ངོས་ནས་བོད་ཀྱི་ནང་ཆོས་དེ་ན་ལེནྜའི་ཆོས་བརྒྱུད་ཡིན་དཱ་ཞེས་བཤད་བསྡད་པ་རེད་ལ། དེ་དངོས་ཡོད་གནས་ཚུལ་ཡང་རེད། ང་ཚོས་དཔལ་ན་ལེནྜའི་དཔེ་ཆ་དེ་ཚོ་སློབ་དེབ་རང་ལ་བརྩིས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད་སྟབས། ང་ཚོ་དངོས་གནས་དྲང་གནས་དཔལ་ནལེནྜའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད་པ་རེད།

གནའ་སྔ་མོ་བོད་དུ་རྒྱན་དྲུག་མཆོག་གཉིས་ཟེར་བ་ཞིག་ཡོད་རེད། དེའི་ནང་དུ་ན་ལེནྜའི་མཁས་པའི་དབང་པོ། ད་ལྟ་ང་ཚོས་དཔེ་ཆ་ལྟ་རྒྱུའི་གཞུང་དེ་ཚོ་མཛད་མཁན་གྱི་མཁས་དབང་ཡོངས་གྲགས་དེ་ཚོའི་གྲས་ཁ་ཤས་ཤིག་ཚང་གི་ཡོད་པ་མ་རེད། དེར་བརྟེན། ངོས་ཀྱིས་པཎ་གྲུབ་བཅུ་བདུན་ཞེས་པ་གསར་བཟོ་བྱས་པ་དང་། དེའི་བསྟོད་པ་གཅིག་ཀྱང་བརྩམས་པ་རེད། དེ་འདྲ་བྱས་ཏེ་རིམ་པས་བླ་མའི་ཆོས་ལུགས་ཟེར་བ་མེད་པ་ཆགས་པ་རེད། དེང་སང་བོད་ཀྱི་ཆོས་དེ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་རེད་འདུག་ཅེས་ངོས་འཛིན་ཞིག་ཡོང་གི་ཡོད་པ་རེད།” ཅེས་གསུངས་སོང་།

ཁོང་གིས་གསུངས་དོན། “ངོས་ཀྱིས་མདོར་བསྡུས་ཏེ་གཞོན་སྐྱེས་ཁྱེད་རང་ཚོར་ལབ་རྒྱུ་ཞིག་ལ། ང་ཚོའི་མེས་པོ་ཚོས་ཆབ་སྲིད་ཀྱི་ཐོག་ནས་(ཀོ་བཏབ་ཆེན་པོ་གློད)་ཡོད་པ་རེད། ད་འདི་ཕར་གཡུག་ཞོག དེ་ཚོ་ཚར་ཚར་བ་རེད་ལ། མ་ཡིན་དགུ་ཡིན་ཞེས་ཟེར་ནས་གཞག་བཞག་ནའང་འགྲིག་གི་རེད། ཆོས་ཕྱོགས་ནས་དངོས་གནས་དྲང་གནས་པཎ་གྲུབ་བཅུ་བདུན་གྱི་གཞུང་རླབས་ཆེན་པོ་དེ་ཚོ་བོད་སྐད་ནང་ལོགས་ལ། སྐད་ཡིག་གཞན་གང་ལའང་རེ་མ་དགོས་པ་དང་། ལེགས་སྦྱར་སྐད་ལའང་རེ་མ་དགོས་པ་ཞིག་ཡོད་པ་དེ་སོ་སོའི་མི་རིགས་ཀྱི་དངོས་གནས་སྤོབས་པ་སྐྱེ་དགོས་པ་ཞིག་དང་མི་རིགས་ཀྱི་རྣམ་དཔྱོད་སྟོན་རྒྱུ་ཞིག་ཆགས་ཡོད། དེ་དག་ལ་ཁྱོད་རང་ཚོས་བདག་པོ་ཡག་པོ་རྒྱག་དགོས་པ་རེད།

ད་མི་ཐོག་རྒན་པ་ཚོ་ལོ་རེ་ནས་ལོ་རེར་རྫོགས་བཞིན་འདུག ངོས་རང་ལ་ཆ་བཞག་ནའང་ད་ལྟ་ལོ་བརྒྱད་ཅུ་གྱ་གཅིག་གྱ་གཉིས་ལ་བསླེབས་ཡོད་ཀྱང་། གཟུགས་པོ་ཡག་པོ་དང་བདེ་ཐག་གཅོད་ཡོད། ཁ་བདེ་ཐག་གཅོད་ཡོད། ཁ་བདེ་དྲགས་ཏེ་ཆུ་ཚོད་ག་ཚོད་འགྲོ་གི་ཡོད་པའང་ངོས་ཀྱིས་ཤེས་ཀྱི་ཡོད་མ་རེད། ངོས་ལ་ཞན་ཆ་(Weakness)ཞིག་ཡོད་པ་ནི། ངོས་ཀྱིས་ཁ་ཞིག་གདང་ཚར་ན་རྫོགས་རྒྱུ་མེད་པ་དེ་རེད། དེ་ནི་ངོས་ཀྱི་ཞན་ཆ་ཞིག་རེད་ཟེར་གྱི་ཡོད།

བོད་པའི་ཆོས་ཀྱི་ནང་དུ་ཡོད་པའི་སེམས་ཁམས་རིག་པ་དེ་ཆོས་ཀྱི་སྐད་ཆ་ཞིག་མིན་སྟབས། འཛམ་གླིང་ལ་ཞབས་འདེགས་ཆེན་པོ་ཞིག་བསྒྲུབ་ཐུབ་པའི་གོ་སྐབས་ཤིག་ཡོང་གི་འདུག དང་པོ་མགོ་འཛུགས་བྱེད་མཁན་གཙོ་བོ་དེ་ཕལ་ཆེར་ངོས་རང་ཡིན། ངོས་ཀྱིས་ག་ས་གང་ལ་བཤད་བསྡད་དེ་དོ་སྣང་འདྲ་བོ་ཞིག་བསླེབས་པ་རེད། ད་མཇུག་སྐྱེལ་མཁན་དེ་ཁྱེད་རང་ཚོ་ཡིན་དགོས་པ་རེད། ཕལ་ཆེར་ངོས་ཀྱིས་ང་ཚོར་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཡག་པོ་ཡོད་ཅེས་ཤོད་སྡོད་པ་དེར་སྟོན་རྒྱུ་ཞིག་དགོས་པ་རེད། དེ་ཁྱེད་ཚོ་རེད། གཙོ་བོ་རིས་སུ་མ་ཆད་པའི་ཆོས་སྒར་དང་བཤད་གྲྭ་ཁག་གི་སློབ་ཕྲུག་དེ་ཚོ་རེད།

ད་ངོས་ཀྱི་མི་ཚེ་གང་འཚམས་རྫོགས་འགྲོ་བཞིན་ཡོད་པ་རེད། ང་ཚོའི་བོད་པའི་ཁ་རྒྱུན་ལ་ཡོད་པ་ལྟར། ངོས་ལོ་གྱ་བཅུ་གྱ་གྲངས་ལ་བསླེབས་ནས་ཉི་མ་ལ་བརྒལ་གྱི་མི་རེད་མ་གཏོགས། ད་ལོ་མང་པོ་སྡོད་ཐུབ་ཡོད་པ་མ་རེད། ལོ་གྱ་བཅུ་ལ་སླེབས་ཡོང་དུས་ག་ལེར་དཀའ་ལས་མང་དུ་འགྲོ་བཞིན་འདུག སེམས་ཤུགས་ཀྱིས་སླེབས་ས་ལ་གཟུགས་པོས་མི་བསླེབ་པ་མགོ་འཛུགས་ཡོང་གི་འདུག ལོ་རེ་ནས་ལོ་རེར་གཟུགས་པོའི་ནུས་ཤུགས་ཏོག་ཙམ་ཉམས་འགྲོ་གི་འདུག འདི་དངོས་ཡོད་གནས་ཚུལ་རེད། དེར་བརྟེན། དང་པོ་ངོས་ཀྱིས་ང་ཚོར་མི་ཡོད་ཅེས་བཤད་བསྡད་པ་རེད། ངོས་ཀྱིས་ལབ་བསྡད་པ་ལྟར་མཇུག་ཏུ་མི་སྟོན་རྒྱུ་ཞིག་ཡོད་དགོས་པ་རེད། ངོས་ཀྱིས་སྐད་ལུང་པ་གང་བརྒྱབ་རྗེས་མཇུག་ཏུ་མི་སྟོན་རྒྱུ་གཅིག་ཀྱང་མ་བྱུང་ན་ཆོ་གང་ཡང་བྱུང་གི་མ་རེད། ད་ཁྱེད་རང་ཚོ་རེད། ངོས་ཀྱི་མི་རབས་ཚོ་རྫོགས་ཀྱང་རིག་གནས་དེ་ཚོ་མུ་མཐུད་ནས་གནས་དགོས་པ་རེད། དེ་འཛིན་མཁན་ཁྱེད་ཚོ་རེད། གྲྭ་ས་ཁག་ལ་ཡོད་སྡོད་མཁན་གྱི་སློབ་གཉེར་བ་དང་ཁྱེད་ཚོ་རེད། སྔོན་གྱི་ང་ཚོའི་མཁས་པ་ཚོས་དཀའ་ལས་བརྒྱབ་ནས་ཁྱིམ་མཚེས་རྒྱལ་ཁབ་ནས་ལེགས་ཆ་བླངས་བཞག་པ་དེ་ཚོ། མི་རབས་གཅིག་གི་སྐད་ཆ་མ་རེད། མི་རིགས་གཅིག་གི་སྐད་ཆ་རེད། དེར་བརྟེན། མི་རབས་རྫོགས་འགྲོ་གི་རེད། ད་ཁྱེད་ཚོས་མུ་མཐུད་ནས་མཇུག་སྐྱོང་བྱེད་དགོས་ཀྱི་ཡོད་རེད། གོ་སོང་ངམ།” ཞེས་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༠༥

Leave a Reply

2 thoughts on “མེས་པོ་ཚོས་ཆབ་སྲིད་ཐད་ཞབས་འདྲེན་བཞག་ཡོད་ཀྱང་ཆོས་ཕྱོགས་ལ་བྱས་རྗེ་བཞག་ཡོད།

  1. ༄༅། ༧སྐྱབས་མགོན་རིན་པོ་ཆེ་། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། བརྩེ་བས་གཟིགས་རོགས།
    འདི་དང་ཕྱི་མ་བར་དོ་གསུམ་རྗེ་བླ་མ་ཁྱེད་ཀྱི་རྗེས་སུ་འཛིན་པ་ཞུ།

    ༄༅། ཆོས་སྲིད་བསྟན་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ།།
    སྙིགས་དུས་སྐྱེ་འགྲོ་ཡོངས་ཀྱི་ཞི་བདེ་ཡི་དེད་དཔོན།།
    བསླབ་གསུམ་ངུར་སྨིག་འཛིན་པའི་ཡངས་རྩེ་རུ་སོན་པ།།
    མགོན་ཁྱེད་རང་ཡུལ་ཕེབས་རྒྱུའི་བསྐལ་བཟང་ཞིག་ནམ་ཤར།།

  2. ལྷ་རྡོ་རྗེ།

    རྒྱ་བཟའ་ལ་འཁྲུངས་ས་བསྐྱོན་ཞེས་པའི་སྐབས་ཀྱི་འཁྲུངས་ས་མིན་ཁྲུང་ས་གསུང་དགོས། ཆང་སའི་ཞེ་ས་ཁྲུང་ས་ཡིན་རྒྱུ་རེད།