ང་རང་བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དགུ་པར་བརྩི་བ་འདི་བྲག་གཡབ་སྐྱབས་མགོན་མཐའ་མ་དེ་ཡིན།

ད་ལོའི་ཕྱི་ཟླ་བཞི་པའི་ནང་ཡུ་རོབ་འཇར་མན་དུ་གནས་བཞུགས་བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་དྷ་རམ་ས་ལར་ཕེབས་པ་དང་བསྟུན་ཏེ་འདི་ག་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཀྱིས་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་དང་འབྲེལ་ནས་བོད་པའི་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བཅར་འདྲི་ཞུས།

2016

བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དགུ་བ་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག


དོན་འགྲུབ་བཀྲ་ཤིས།
རིན་པོ་ཆེ་མཆོག་གིས་དེ་སྔོན་ ‘འཇར་མན་བོད་ཀྱི་ཁང་པའི’ བགྲོ་གླེང་ཞིག་གི་སྟེང་། སྤྲུལ་སྐུའི་ལམ་སྲོལ་འདི་མཚམས་འཇོག་དགོས་པའི་དུས་ལ་སླེབ་ཡོད་སྐོར་གསུངས་སོང་། རིན་པོ་ཆེ་མཆོག་རང་ཉིད་ཀྱང་བོད་པའི་བླ་ཆེན་ཞིག་གི་སྤྲུལ་སྐུ་ཡིན་བཞིན་དུ་འདི་ལྟར་གསུང་དགོས་པའི་རྒྱུ་མཚན་གང་ཡིན།

བྲག་གཡབ་རིན་པོ་ཆེ། སྤྲུལ་སྐུ་ངོས་འཛིན་ཐོག་ང་རང་ལ་བལྟ་སྟངས་ཡག་པོ་མེད་པའི་རྒྱུ་མཚན་གང་ཡིན་ཟེར་ན། བར་ལམ་ཞིག་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་དམིགས་ཡུལ་ཆོས་ཕྱོགས་ཁོ་ན་མིན་པར་དཔལ་འབྱོར་དང་ཆབ་སྲིད། དབང་ཆ་སོགས་འཛིན་སྐྱོང་གི་ཆེད་དུ་བྱེད་སྤྱོད་གཏོང་མཁན་མང་པོ་ཞིག་ཡོང་གི་ཡོད་པ་ས་རིས་ཐང་གསལ་རེད། ༧རྒྱལ་བ་ལྔ་པའི་རྣམ་ཐར་《དུ་ཀཱུ་ལའི་གོས་བཟང་》ནང་། “རང་འདོད་གང་བྱུང་གིས་བླ་རྒན་རེ་གྲོངས་ན་སྤྲུལ་སྐུའམ། ཞབས་དྲུང་དང་། སྔགས་རྒན་རེ་གྲོངས་ན་སྐུ་ལོའམ། སྐུ་འབའ་ཞེས་གཅེས་མིང་བཏགས་པ་ཞིག་བཙལ་ནས། འདོན་ཆོག་ཙམ་ལས་ཡོན་ཏན་ཅི་ཡང་མི་སློབ་པར། ཟང་ཟིང་སྡུད་པའི་ཚོང་རྟེན་བྱེད་ཅི་ཐུབ་དང་། བླང་དོར་ལ་རྨོངས་པའི་སྐྱེ་བོ་རྣམས་བསླུ་གང་ཐུབ་བྱེད་པ་ནི། ངེས་པར་བསྟན་པ་ལ་གཅེས་པར་འཛིན་པ་ཞིག་གིས་བལྟས་ན་ཤིན་ཏུ་ཡ་ང་བའི་གནས་སོ།།” ཞེས་གསུངས་པ་ནང་བཞིན་རེད། ད་བར་བོད་པའི་སྤྱི་ཚོགས་ནང་དགོན་པ་གྲྭ་ཚང་དང་རི་ཁྲོད། སྒྲུབ་གྲྭ ཆོས་ཚོགས་སོགས་ལ་འབྲེལ་བ་བྱུང་བའི་མཁན་པོ་དང་སློབ་དཔོན། དགེ་བཤེས། བླ་མ། སྒྲུབ་དཔོན་ལ་སོགས་པ་ཚང་མའི་ཡང་སྲིད་གསར་བཟོ་བྱ་རྒྱུར་ཚོད་འཛིན་མེད་པར་ཤ་མོང་སྤང་རྡོལ་ལྟར་བྱུང་བ་མ་ཟད། ཁྱིམ་པའི་རྟེན་དུ་བཞུགས་པའི་བླ་མ་དང་སྤྲུལ་སྐུ་རྣམས་ཀྱི་བུ་རབས་ཚ་རྒྱུད་ཀྱང་སྤྲུལ་སྐུ་ཆགས་པ་དང་། བླ་སྤྲུལ་གཅིག་ལ་ཡང་སྲིད་གཉིས་གསུམ་བྱུང་བ་སོགས་ལ་བལྟས་ཡོང་ན། མ་འོངས་པ་ཞིག་ལ་གྲྭ་བཙུན་གཉིས་ལས་ཀྱང་སྤྲུལ་སྐུ་མང་བའི་དུས་ཚོད་ཅིག་བསླེབ་མི་སྲིད་པ་མ་རེད་བསམ་གྱི་འདུག

1940s

༡༩༥༠ ལོའི་ནང་། བྲག་གཡབ་སྐྱབས་མགོན་མཆོག

རྩ་བའི་ཆ་ནས་དེ་སྔ་ཕྱི་ལོ་ ༡༢༨༩ སྐོར་ནས་ “བླ་མའི་ཡང་སྲིད་” ཟེར་བའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་འདི་བྱུང་བ་ནས་བཟུང་བོད་དང་ཧི་མ་ལ་ཡའི་རི་རྒྱུད། ཆེན་པོ་ཧོར་གྱི་ཡུལ་སོགས་སུ་བསྟན་སྲིད་ལ་མཛད་རྗེས་ཆེ་བའི་སྤྲུལ་སྐུ་སྐྱེས་བུ་དམ་པ་མང་པོ་ཞིག་བྱུང་བ་དེ་རྣམས་དེའི་དུས་དུས་ཚེར་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་མ་ཟད། རླབས་ཆེན་གྱི་མཛད་རྗེས་མང་པོ་བཞག་པའི་བཀའ་དྲིན་ལ་གུས་བཀུར་ཞུ་བཞིན་ཡོད། ང་ཚོས་ཕྱི་མིག་ཅིག་བལྟས་པ་ཡིན་ན། སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དར་ནས་བོད་ལ་དུས་འགྱུར་མ་བྱུང་བར། དཔེར་ན། དགེ་ལུགས་པའི་ཁོངས་སུ་མཚོན་ན། དགའ་ལྡན་ཁྲི་པ་བརྒྱ་ཆ་བཅུ་གྲངས་ཤིག་གི་ཡང་སྲིད་ཁྲིར་བཀོད་པ་ཙམ་མ་གཏོགས། དགའ་ལྡན་ཁྲི་པ་བྱུང་ཚད་ཚང་མའི་ཡང་སྲིད་རྩད་གཅོད་ཞུ་རྐྱང་བྱས་མི་འདུག་ལ། གདན་ས་ཆེན་པོའི་མཁན་སྤྲུལ་དེ་བས་ཧ་ཅང་ཉུང་ཤས་ཤིག་མ་གཏོགས་ཡང་སྲིད་རྩད་གཅོད་བྱས་མི་འདུག དེ་དང་ཕྱོགས་མཚུངས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མའི་ཁོངས་སུ་འཆད་རྩོད་རྩོམ་སྒོམ་བཞིའི་ལམ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཆོས་པ་དཀྱུས་མ་ “རང་བྱུང་གི་བླ་མ་” མཛད་རྗེས་ཆེན་པོ་ཡོད་མཁན་མང་ཆེ་བའི་ཡང་སྲིད་རྩད་གཅོད་ཞུས་ཡོད་པ་མ་རེད།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་གྲྭ་བཙུན་ཁྱིམ་པ་ཕོ་མོ་རྒན་དར་གཞོན་གསུམ་དབྱེ་བ་མེད་པར་ནང་ཆོས་ལ་དད་མོས་ཡོད་མཁན་ཚང་མར་འཁྲི་བའི་ལས་འགན་ཞིག་ཏུ་ངོས་འཛིན་དགོས་པ་དང་། དེ་ཚོ་ཚང་མས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་པ་བྱ་དགོས་པའི་བཀའ་གནང་བ་གཞིར་བཟུང་བྱས་ན། བསྟན་འགྲོར་སྨན་པའི་མཛད་པ་སྐྱོང་མཁན་ཟླ་མི་ཐུང་བ་འོང་ངེས་རེད་ལ། གཞན་ཕན་ཁུར་དུ་བཞེས་མཁན་གྱི་སྤུས་ཚད་ཀྱང་ཡག་པོ་ཤ་སྟག་འོང་རྒྱུར་རེ་ཆེན་པོ་ཡོད་རེད་བསམ་གྱིན་འདུག

1960sདཔེར་ན། བརྒྱ་ཕྲག་བཅུ་གསུམ་པའི་སྔོན་དུ་སྤྲུལ་སྐུའི་ལམ་སྲོལ་ཚུགས་མེད་སྟབས། རྗེ་འབངས་ཉེར་ལྔ་དང་། རིམ་བཞིན་ས་ཆེན་༧གོང་མ་རྣམ་ལྔ། མར་མི་དྭགས་གསུམ། རྗེ་ཡབ་སྲས་གསུམ་དང་། འཁོར་དག་པ་རྣམ་བརྒྱད་ལ་སོགས་པའི་བོད་བརྒྱུད་ནང་བསྟན་གྱི་བཤད་པའི་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པའི་ཁོངས་སུ་རིས་མེད་སྐྱེས་ཆེན་སེར་སྐྱ་ཕོ་མོ་ཧ་ཅང་མང་པོ་བྱུང་བ་ཚང་མ་ “རང་བྱུང་གི་བླ་མ་” ཤ་སྟག་ཡིན་པ་མ་གཏོགས། གཅིག་ཀྱང་སྤྲུལ་སྐུ་མ་རེད། ང་ཚོས་དེ་དག་ལ་ཁ་མིག་ཡར་བལྟ་བྱས་ནས། སྤྲུལ་སྐུ་མིན་པའི་གང་ཟག་དཀྱུས་མ་གྲྭ་བཙུན་ཁྱིམ་པ་ཕོ་མོའི་རྟེན་གྱི་དབྱེ་བ་མེད་པར་ལུང་རྟོགས་གཉིས་ཀྱི་ཡོན་ཏན་ཡོད་པ་དང་། ཐེག་པ་སོ་སོའི་གཞུང་ལུགས་ནས་བཤད་པའི་བླ་མའི་མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་རང་བྱུང་གི་བླ་མ་རྐྱང་རྐྱང་བསྟེན་པ་ཡིན་ན། དེ་ལས་ལྷག་པའི་སྐྱབས་བཅོལ་ས་གཞན་ཞིག་ང་ཚོར་དགོས་མ་རེད་བསམ་གྱི་འདུག

དོན་འགྲུབ་བཀྲ་ཤིས། སྐུ་ཉིད་ཀྱིས་གོང་དུ་ “རང་བྱུང་གི་བླ་མ” ཞེས་པ་ཞིག་གསུངས་སོང་། རང་བྱུང་གི་བླ་མ་ཞེས་པ་དེ་གང་འདྲ་ཞིག་ལ་གོ་དགོས་པ་རེད་དམ།

བྲག་གཡབ་རིན་པོ་ཆེ། “རང་བྱུང་གི་བླ་མ་” ཟེར་བ་དེ་བཤད་སྒྲུབ་ཀྱི་མཛད་བཟང་སྐྱོང་མཁན་ཆོས་པ་རྣམ་དག་སེར་སྐྱ་ཕོ་མོའི་རྟེན་ཅན་གང་ཡིན་ནའང་དེ་ལ་མི་ཚོས་མོས་གུས་སྐྱེས་ཏེ་བླ་མར་བསྟེན། ཁོང་གི་ཆོས་ལ་ཉན་ཏེ་བླ་སློབ་ཀྱི་འབྲེལ་བ་ཆགས། དགེ་ཕྲུག་གམ། སློབ་མ་སྐྱོང་བའི་དུས་དེར་ཁོང་རྣམས་རང་བཞིན་གྱིས་ “རང་བྱུང་གི་བླ་མ་” ཞུ་བ་དེ་ཆགས་ཀྱི་ཡོད་པ་རེད། བླ་མ་དེ་ཚོ་ཕལ་ཆེ་བས་མི་ལོ་ཉི་ཤུ་སུམ་ཅུའི་རིང་ལ་གསན་བསམ་སྒོམ་པ་མཐར་ཕྱིན་གནང་སྟེ་ལུང་གི་ཡོན་ཏན་ཐོབ། དེ་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་ཡང་ཐུགས་ལ་འཁྲུངས་ཏེ། ལྟ་བའི་གདེང་དང་སྒོམ་པའི་དྲོད། སྤྱོད་པའི་རྩལ་ལ་སོགས་པར་མངའ་བརྙེས་ཏེ། གཞན་ཕན་གྱི་མཛད་རྗེས་ཆེན་པོ་འཇོག་གནང་མཁན་མང་པོ་བྱུང་བ་ཆོས་བརྒྱུད་ཚང་མའི་ལོ་རྒྱུས་ནང་ཡོད་པ་ཚང་མས་མཁྱེན་གསལ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བླ་མ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་དང་། སྤྲུལ་སྐུ་ཡིན་ལ་བླ་མ་མ་ཡིན་པ། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་བཅས་མུ་བཞི་འཇོག་གནང་མཛད་དེ། ནང་ཆོས་འཆད་སྤེལ་ཚུལ་བཞིན་གནང་མཁན་ཁོ་ནར་བླ་མའི་ཐ་སྙད་འཐད་ཚུལ་གསུངས་པ་དེ་ཧ་ཅང་གནད་འགག་རེད་བསམ་གྱི་འདུག “བླ་མ་”དང་། “སྤྲུལ་སྐུ་”གཉིས་ཀྱི་ཐ་སྙད་སྤྱོད་སྟངས་ཉ་ཉུང་མཉམ་བསྲེས་བྱས་ན་འགྲིག་གི་ཡོད་མ་རེད།

བྲག་གཡབ་རིན་པོ་ཆེ་མཆོག་དང་འཇར་མན་བོད་ཀྱི་ཁང་པའི་ཚོགས་མི་ཁག་ཅིག

སྤྱིར་བཏང་སྤྲུལ་སྐུ་ཐམས་ཅད་ཀྱི་སྐུ་ཕྲེང་དང་པོ་དེ་རང་བྱུང་གི་བླ་མ་ཆོས་པ་དཀྱུས་མ་ཤ་སྟག་ཡིན་སྟབས། སྤྱིར་བཏང་སྤྲུལ་སྐུ་གསར་པ་ངོས་འཛིན་བྱེད་པར་ཆོས་ཕྱོགས་རང་གི་ངོས་ནས་ཐོབ་ཐང་འདྲ་མཉམ་ཡོད་དུས། བླ་མ་འདིའི་ཡང་སྲིད་ཟེར་བའི་སྤྲུལ་སྐུ་ཞིག་རྩད་གཅོད་ཆོག་པ་དང་། འདིའི་སྤྲུལ་སྐུ་རྩད་གཅོད་མི་ཆོག་ཟེར་བའི་ས་མཚམས་འཛིན་རྒྱུར་དཀའ་ངལ་ཡོད་རེད། སྔོན་ཆད་ཉན་རང་བྱང་སེམས་ཚོ་དང་། པཎ་གྲུབ་བཅུ་བདུན་ལ་སོགས་པས་སྐུའི་སྐྱེ་བ་གང་དུ་བཞེས་མིན་དང་། མཛད་འཕྲིན་སྐོར་ལ་སོ་སོའི་ཐུགས་བཞེད་དང་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྤྱི་སྒེར་གྱི་གནས་ཚུལ་ཚུན་ཆད་ཐག་གཅོད་གནང་བ་མ་གཏོགས། མོ་ལུང་ལ་བརྟེན་པའི་བྱུང་རབས་ལོ་རྒྱུས་དེ་འདྲ་ང་རང་གིས་དེ་སྔ་མཐོང་ཐོས་བྱུང་མ་སོང་། བར་ལམ་ཞིག་ནས་ང་ཚོའི་ཕ་ཆོས་གཡུང་དྲུང་བོན་གྱི་མོ་ཕྱྭ་ཇུ་ཐིག་སོགས་དར་ཁྱབ་ཕྱིན་པར་བརྟེན་ཏེ། ཚང་མ་མོ་ཕྱྭ་དང་ལྷ་འདྲེ་ཀླུ་བཙན་སོགས་ཀྱི་ལུང་ལ་བློ་བཀལ་ཏེ། སོ་སོས་ཀླད་པ་དཀྲུག་མི་དགོས་པར་སྡོད་པའི་དུས་ཚོད་ཅིག་སླེབས་ནའང་། མོ་ལུང་དེ་རིགས་ལ་ནོར་འཁྲུལ་མང་པོ་འོང་གིན་ཡོད་སྟབས་ཉེན་ཁའང་ཆེན་པོ་རེད།

དེང་སང་སྤྲུལ་སྐུ་གདན་འདྲེན་ཞུ་སྐབས། དང་པོ་ཕྲུ་གུ་གང་ཞིག་བླ་མ་ང་ཆེ་ཁོ་འཇིགས་ཟེར་བ་ཚོས་རྒྱབ་སྐྱོར་དང་། སྤྲུལ་སྐུར་ངོས་འཛིན་གནང་བ་གང་འཚམས་འོང་བ་དེ་ཚོ་ཐོག་མར་ “བསྟན་འཛིན་གྱི་སྐྱེས་བུ” ཡིན་ཟེར་ནས་ཁྲི་ལ་བཞག དགོན་པའི་བླ་མ་དང་མཁན་པོ་ཚང་མས་ཕྱག་འཚལ་ནས་རྩ་བ་ཆེན་པོ་ཞེ་དྲགས་བརྩིས་ནའང་། རྗེས་སུ་ཕྲུ་གུ་དེ་འཁྲེབ་ཏོ་ཆགས་ནས་སློབ་གཉེར་ལ་དོ་སྣང་མེད་པ་དང་། སྤྱོད་པ་ཡག་པོ་མ་བྱུང་ན་སྤྲུལ་སྐུ་དེ་ལ་ “བསྟན་བཤིག་འདི་” ཟེར་གྱིན་ཡོད་པ་རེད། སྤྲུལ་སྐུའི་སྤུས་ཚད་ཀྱང་མཐའ་གཅིག་ཏུ་ཡག་པོ་འོང་རྒྱུའི་འགན་ལེན་ཐུབ་ཀྱི་མེད་སྟབས། ཕྲུ་གུ་ཁོ་རང་གི་མི་ཚེའི་ནང་ལའང་དཀའ་རྙོག་མང་པོ་ཞིག་འོང་གིན་ཡོད་པ་མ་ཟད། མོ་ལུང་གསུང་བརྟག་བབས་ལུགས་ཀྱི་རྨོངས་དད་ག་ཚོད་བྱས་ཀྱང་མདའ་མོ་འབེན་ལ་འཁྱོལ་དཀའ་མོ་ཆགས་ཀྱིན་ཡོད་པ་རེད།

གང་ལྟར་སྐྱོན་ཆ་དེ་རྣམས་ “སྤྲུལ་སྐུ་” གཞོན་སྐྱེས་དེ་ཉིད་ལ་ངན་ཁག་འགེལ་རྐྱང་བྱ་འོས་པ་ཞིག་རྩ་བ་ནས་མ་རེད། དེ་ནི་ངོས་འཛིན་གྱི་བརྒྱུད་ལམ་དང་ལས་བསོད་ནམས། བལྟ་སྐྱོང་བྱེད་སྟངས། ཁོར་ཡུག་སོགས་པ་མང་པོ་ཞིག་ལ་བརྟེན་ནས་སྤྲུལ་སྐུའི་གནས་བབ་འཛིན་རྒྱུའི་ཆ་རྐྱེན་མི་ཚང་བ་འདི་འབྱུང་བཞིན་ཡོད་སྟབས་སྤྲུལ་སྐུར་བསྐོས་པ་དང་འདྲ་བོ་རེད། ཐོག་མར་ངོས་འཛིན་ཞུ་མཁན་རྣམས་ནས་སྤྱི་སྒེར་གྱི་ཁེ་ཕན་གང་འདྲ་ཞིག་ཐོག་ལ་ཐུགས་རེ་གནང་མིན་ལ་མ་ལྟོས་པར་མཇུག་འབྲས་འདི་འདྲ་འོང་རྒྱུ་ཡིན་པའི་ཚོད་དཔག་མ་ཐེབས་པ་རེད།

གང་ལྟར། འབྱུང་འགྱུར་སྤྲུལ་སྐུའི་ལམ་སྲོལ་འདིའི་སྐོར་འཕྲལ་དུ་ཐག་གཅོད་ཐུབ་པ་ཞིག་མ་རེད་ལ། གང་ཟག་རེ་ཟུང་གིས་གཏན་འབེབས་ཐུབ་པ་ཞིག་དེ་བས་ཀྱང་མ་རེད། ཡིན་ནའང་ད་ཡོད་སྤྲུལ་སྐུ་ཚང་མས་དགོངས་པ་བཞེས་པའི་ཐོག་ནས་ཚོད་འཛིན་འོང་དགོས་པ་ཞིག་དང་། དེ་ལྟར་གནང་བ་ཡིན་ན་རྩ་བའི་ཆ་ནས་འགྲུབ་ཐུབ་པ་ཞིག་ཀྱང་རེད་བསམ་གྱིན་འདུག

unnamed

༧རྒྱལ་བ་རིན་པོ་ཆེ་མཆོག་འཇར་མན་བྷོན་གཙུག་ལག་སློབ་ཆེན་ནང་གཟིགས་སྐོར་གནང་སྐབས།

དོན་འགྲུབ་བཀྲ་ཤིས། རིན་པོ་ཆེ་མཆོག་གིས་བོད་པའི་སྤྲུལ་སྐུའི་ལམ་སྲོལ་དེ་དགོས་བ་མི་འདུག་གསུངས་ཏེ་ལོ་གཉིས་གསུམ་ཞིག་ཕྱིན་པ་རེད། སྤྱི་ཚོགས་ནང་དགོངས་འཆར་དེའི་ཐོག་ལ་གླེང་སློང་དང་བལྟ་ཚུལ་གང་འདྲ་འོང་གིན་འདུག

བྲག་གཡབ་རིན་པོ་ཆེ། དེའི་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཧ་ཅང་མང་པོ་ཡོང་གི་འདུག དགོངས་ཚུལ་མ་མཐུན་པ་གསུང་མཁན་ཡང་འགའ་རེ་འདུག མི་རེར་བསམ་ཚུལ་རེ་འོང་བ་ཆོས་ཉིད་རེད། དོ་སྣང་གནང་བ་དེ་གལ་ཆེན་པོ་ཡིན་སྟབས། དགོངས་འཆར་གསུང་མཁན་ཚང་མར་དགའ་བསུ་ཡོད། འགའ་ཤས་ནས་ངའི་བསམ་ཚུལ་དེ་ལ་གནད་འགག་ཡོད་པར་གཟིགས་ནས་ཡིག་ཐོག་ཏུ་བཀོད་ཤོག་གསུང་མཁན་ཡང་བྱུང་སོང་།

དོན་འགྲུབ་བཀྲ་ཤིས། བོད་པའི་སྤྲུལ་སྐུའི་ལམ་སྲོལ་འདི་དགོས་དང་མི་དགོས་རྩོད་པ་སྔོན་མ་ནས་ཡོད་པ་རེད། ཁག་ཅིག་གིས་སྤྲུལ་སྐུ་དེ་ཚོ་སྤུས་དག་པོ་འོང་གིན་མི་འདུག་ཟེར་ནས་དགག་པ་རྒྱག་གིན་འདུག རིགས་གཅིག་གིས་ཆོས་ཁས་ལེན་དང་མི་ལེན་ཟེར་ན་འདྲ། རྣམ་པར་ཤེས་པའི་རྒྱུན་འདོད་དང་མི་འདོད་ཀྱི་དབང་གིས་བླ་མ་སྤྲུལ་སྐུའི་སྐྱེ་རྒྱུན་ལ་དགག་པ་རྒྱག་གིན་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་གང་འདྲ་ཡོད།

བྲག་གཡབ་རིན་པོ་ཆེ། སྤྱིར་བཏང་སྤྱི་ཚོགས་ནང་གི་ “སྤྲུལ་སྐུ” ཟེར་ཚད་ཐམས་ཅད་སངས་རྒྱས་བྱང་སེམས་སོགས་ཀྱི་སྤྲུལ་པ་ནང་བཞིན་བསམ་བཞིན་སྲིད་པ་བཟུང་བ་ཤ་སྟག་ཡིན་པའི་ངེས་པ་ཡོད་པ་མ་རེད། དེའི་ཁོངས་སུ་བླ་མ་གོང་མ་དེའི་གཉུག་སེམས་ཕྲ་མོ་གཅིག་གི་རྒྱུན་དེ་རང་གི་ཐོག་ཏུ་བསམ་བཞིན་སྲིད་པ་བཟུང་ཆེད་སྐྱེ་བ་བཞེས་ནས་འོང་བའི་རིགས་ཤིག་དང་། གཉུག་སེམས་གཅིག་མ་ཡིན་པར། བླ་མ་སྐུ་གོང་མའི་ཐུགས་བསྐྱེད་སོགས་ལ་དམིགས་བསལ་འབྲེལ་བ་ཡོད་པ་དང་། ཡང་ན་ལས་དང་སྨོན་ལམ་གྱི་དབང་གིས་སྐུ་གོང་མའི་འཕྲིན་ལས་ཐོག་ལ་ཞབས་འདེགས་སྒྲུབ་ཐུབ་པའི་སྐལ་བ་ཡོད་པའི་གང་ཟག་རྒྱུད་ཐ་དད་པ་ཞིག་ལ་འཕྲིན་ལས་འཕོ་ནུས་པ་ལྟ་བུ་བྱུང་བའི་རིགས་ཀྱང་ཡོད་ཚོད་འདུག་ལ། དེ་འདྲའི་ནུས་པ་མེད་ནའང་ལས་སྨོན་གྱི་འཕངས་འབྲས་ཙམ་ལས་གྲུབ་པ་ཅི་རིགས་འོང་གིན་ཡོད་ས་རེད། བླ་ཆེན་ཚོ་ལ་སྔོན་མའི་འཁྲུངས་རབས་ཟེར་བའི་སྐུ་ཕྲེང་དེ་འདྲ་བགྲང་པ་འོང་གིན་འདུག འཁྲུངས་རབས་དེ་ཚོའི་ལོ་དུས་ཐད་ནས་བླ་མ་སྐུ་གོང་མ་མ་གཤེགས་སྔོན་ནས་སྐུ་རྗེས་མ་འཁྲུངས་པ་དང་། འཁྲུངས་གཤེགས་བར་ལ་ཟླ་དགུ་ཞག་བཅུ་མ་ཚང་བ་དེ་འདྲའང་འདུག དེ་ཚོ་རྫུན་མ་རེད་ཟེར་དཀའ་མོ་ཡིན་སྟབས་བྱིན་རླབས་དང་ལས་སྨོན་སོགས་ཀྱི་དབང་གིས་དེ་འདྲ་འོང་གིན་ཡོད་ས་རེད།

tibettimes

དོན་འགྲུབ་བཀྲ་ཤིས། སྔོན་མ་ ༢༠༠༩ ལོའི་ཟླ་ ༣ པའི་ནང་། དྷ་རམ་ས་ལའི་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་དབུ་འཛུགས་མཛད་སྟེང་། བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་གདན་འཛོམས་པའི་ཐོག སྐབས་དེའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། * “ང་ལྟ་བུར་ཆ་བཞག་ན་སྟབས་ཡག་ཉེས་ཇི་ལྟར་ཡང་སྤྲུལ་སྐུའི་མིང་ཞིག་འཁྱེར་ཡོད། འོན་ཀྱང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་དང་ཡག་པོ་ཞིག་ཡིན་པའི་བསམ་ཚུལ་མེད། གང་ཡིན་ཟེར་ན། ང་རང་གང་གི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེའི་རྒྱུད་གཅིག་པའི་ཡང་སྲིད་ཅིག་མིན་པ་ངས་ཤེས་ཀྱི་ཡོད། དེར་བརྟེན་ང་ལྟ་བུ་རྒྱུད་མི་གཅིག་པའི་ཡང་སྲིད་མང་པོ་ཞིག་ཡོད་སྲིད་སྟབས། ངས་ནམ་རྒྱུན་ཡང་སྲིད་ངོས་འཛིན་གནང་སྲོལ་དེ་རྩ་བ་ཆེན་པོ་དང་། རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པར་མཐོང་གི་མེད།” ཅེས་གསུངས་སོང་། རིན་པོ་ཆེ་ཁྱེད་རང་ལ་མཚོན་ན་སྐུ་གོང་མའི་ཡང་སྲིད་ཡིན་པའི་རྟགས་དང་མཚན་མ་དེ་འདྲ་བྱུང་མྱོང་ཡོད་དམ།

བྲག་གཡབ་རིན་པོ་ཆེ། ག་གེ་གཅིག་མེད། ང་རང་གི་བསམ་ཚུལ་བྱས་ན། བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་འཚོལ་བའི་སྐབས་ལ་བྱ་རྡོ་ལམ་འཕྲད་ཆགས་ཏེ། ང་བོད་རྒྱའི་ས་མཚམས་ལ་སྐྱེས་པའི་ཕྲུ་གུ་ཞིག་བྲག་གཡབ་༧སྐྱབས་མགོན་སྐུ་གོང་མའི་ཁྲི་ལ་བསྐྱལ་བཞག་པ་ཞིག་རེད། དེ་དུས་བྲག་གཡབ་༧སྐྱབས་མགོན་སྐུ་གོང་མའི་ཉམས་མྱོང་ཚོར་བ་སོགས་བྱུང་བ་གང་ཡང་མེད་ལ། སྐུ་གོང་མའི་ཡོན་ཏན་འཁྱེར་རྒྱུ་ཕར་ཞོག ཀ་ཁ་ཙམ་ཡང་མི་ཤེས་མཁན་ཞིག་ཡིན། རྗེས་ལ་རིམ་པས་ཕྲུ་གུ་སྤྱི་མཚུངས་ལྟར་ཀ་ཁ་ནས་བསླབས་ཏེ། ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་དང་། བསྐུལ་ལྕག་འོག་སློབ་སྦྱོང་ཐོབ་ནས། སངས་རྒྱས་ཀྱི་ཆོས་ལ་གོ་བ་ཕྲན་བུ་ནམ་གསལ་ལ་མ་གསལ་གྱི་ཆ་ཤས་ཙམ་ཞིག་རྙེད། ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་མ་གཞན་དང་། ལྷག་པར་༧སྐྱབས་མགོན་རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ཀྱི་སྐུ་དྲིན་ལ་བརྟེན་ནས་བཀའ་ཆོས་དང་། ལམ་སྟོན་བཟང་པོ་ཐོབ་མྱོང་མཁན་ཞིག་ཡིན་ཡང་རང་ངོས་ནས་གུས་རྟག་གི་བརྩོན་འགྲུས་བརྩམས་ཏེ་ཉམས་ལེན་ཐུབ་ཡོད་ན། ད་ཚོད་འདི་ལས་ལྷག་པ་འོང་དགོས་ངེས་ཤིག་རེད།

དོན་འགྲུབ་བཀྲ་ཤིས། གལ་ཏེ་ཡང་སྲིད་སྤྲུལ་སྐུའི་ལམ་སྲོལ་འདི་མེད་པ་བཟོ་དགོས་ན། ཐབས་ལམ་དང་བརྒྱུད་རིམ་གང་འདྲ་ཞིག་གི་ཐོག་ནས་བཟོ་དགོས་པར་གཟིགས་ཀྱི་ཡོད།

བྲག་གཡབ་རིན་པོ་ཆེ། སྤྲུལ་སྐུའི་ལམ་སྲོལ་མཚམས་འཇོག་བྱེད་པར་དང་པོ་དཔལ་འབྱོར་བློས་གཏོང་། གཉིས་པ་ཆབ་སྲིད་གནས་བབ་བློས་གཏོང་། གསུམ་པ་དབང་ཆ་བློས་གཏོང་འདི་གསུམ་གནང་ཐུབ་པ་ཡིན་ན། སྤྲུལ་སྐུའི་ལམ་སྲོལ་མཚམས་འཇོག་བྱེད་པར་དཀའ་ངལ་ཡོད་པ་མ་རེད་བསམ་གྱིན་འདུག སྤྲུལ་སྐུའི་ལམ་སྲོལ་དེ་མིས་བཟོས་པ་ཞིག་ཡིན་སྟབས། ལམ་སྲོལ་དེ་མཚམས་འཇོག་ཀྱང་མིས་བྱ་ཐུབ་པ་ཞིག་ལོས་ཡིན། སྤྲུལ་སྐུའི་ལམ་སྲོལ་མཚམས་འཇོག་བྱ་ཐབས་ཡག་ཤོས་དེ། ད་ཡོད་སྤྲུལ་སྐུ་དོ་བདག་སོ་སོས་རང་ཐག་རང་གཅོད་གནང་སྟེ། བློས་གཏོང་ཆེན་པོ་དེ་གསུམ་གྱི་སྒོ་ནས་སོ་སོའི་ཡང་སྲིད་ཟེར་བའི་སྤྲུལ་སྐུ་མེད་ཅེས་ནན་གྱིས་གསུང་བ་ཡིན་ན། རང་བཞིན་གྱིས་སྤྲུལ་སྐུ་ཉུང་དུ་ཕྱིན་ཏེ་རིམ་གྱིས་མཚམས་འཇོག་ཐུབ་པ་ཞིག་རེད།

Dagyab

༡༩༥༠ ལོའི་ནང་། བྲག་གཡབ་རིན་པོ་ཆེ་མཆོག་དང་སྒོ་ར་ནང་པ་ཕུན་ཚོགས་དབང་རྒྱལ་ལགས།

དཔེར་ན། ང་རང་ལ་མཚོན་ན། སྔ་མོ་སྤྱི་ཚོགས་རྙིང་པའི་སྐབས་སུ་མདོ་ཁམས་བྲག་གཡབ་ཀྱི་བླ་དཔོན་ཟུང་དུ་སྦྲེལ་བའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་༧སྐྱབས་མགོན་ “ཧོ་ཐོག་ཐུ་” དང་། “ནོ་མོན་ཧན་” ཞེས་བོད་ཀྱི་བླ་ཆེན་མཚན་གནས་ཆེ་གྲས་ཤིག་གི་ཁྲི་ཐོག་ལ་དབང་མེད་དུ་བསྐོས་པ་འདི་སྐུ་ཕྲེང་མཐའ་མར་བརྩིས་ཏེ། གཞན་ལ་མིག་དཔེ་བཟང་པོ་སྟོན་ཆེད་འབྱུང་འགྱུར་བྲག་གཡབ་༧སྐྱབས་མགོན་དེའི་ཡང་སྲིད་སྤྲུལ་སྐུ་རྩད་གཅོད་བྱ་རྒྱུའི་ལམ་སྲོལ་མཚམས་བཞག་པ་ཡིན་ཟེར་ནས་ཁ་གསལ་པོ་བྱས་ཏེ་ཞུ་རྒྱུའི་འོས་བབས་མཐོང་གིན་འདུག་ལ། དེ་ང་རང་གི་ལས་འགན་ལའང་བརྩི་བཞིན་ཡོད། ང་རང་ཤི་ནས་རིག་པ་རྒྱུན་ཆད་མི་འགྲོ་བར་སྔོན་ལས་ལ་བརྟེན་ཏེ་ངའི་ཡང་སྲིད་རིགས་དྲུག་གང་རུང་གི་ལུས་རྟེན་བཟང་ངན་ལ་མ་བལྟོས་པའི་སྐྱེ་བ་ཞིག་ལེན་ངེས་ནའང་རིགས་རུས་དང་། རྟེན་གྱི་དབྱེ་བ་མེད་པར་མིའི་ལུས་རྟེན་བཟང་པོ་ཞིག་ཐོབ་ནས། བྱུང་ན་གཞན་ཕན་ལ་བརྩོན་ནུས་པ་ཞིག་དང་། མ་མཐའ་ཡང་གནོད་པ་མི་བྱེད་མཁན་ཞིག་འོང་བའི་སྨོན་ལམ་འདེབས་བཞིན་ཡོད།

སྤྱིར་བཏང་སྤྲུལ་སྐུ་བདག་པོ་རྒྱག་མཁན་ཚོས་སྐུ་གོང་མའི་བསྟན་པ་དང་འགྲོ་བའི་མཛད་འཕྲིན་རྒྱུན་འཛིན་འོང་བའི་དམིགས་ཡུལ་འཛིན་ཁུལ་བྱེད་ཀྱིན་ཡོད་ནའང་། ལག་ལེན་ངོ་མའི་ཐོག་ལ་བླ་བྲང་རྒྱ་བསྐྱེད་དང་། ཞབས་འབྲིང་པ་ཚོའི་མདུན་ལམ་བཟོ་རྒྱུ། དེ་བཞིན། དཔལ་འབྱོར་དང་ཆབ་སྲིད། དབང་ཆའི་རེ་དོགས་ཅི་རིགས་ཀྱི་འཐབ་རྩོད་སོགས་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་གསལ་པོ་རེད།

བར་ལམ་བླ་མ་དང་སྤྲུལ་སྐུ་མང་པོ་ཞིག་གིས་ “ངའི་ཡང་སྲིད་རེད་ཟེར་བའི་སྤྲུལ་སྐུ་ངོས་འཛིན་མི་དགོས་” གསུང་མཁན་ཇེ་མང་བྱུང་དང་འབྱུང་བཞིན་པ་དེ་ཚོར་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད། སྐུ་འཁོར་དང་སློབ་མ་ཤུལ་ལུས་དེ་ཚོས་སྐད་ཆ་འདྲ་ཆགས་པོ་གང་འདྲ་བཤད་མིན་ལ་མ་བལྟོས་པར། རྩ་བའི་དད་མོས་ལ་འབྲེལ་བ་ཏོག་ཙམ་ཡོད་ཀྱང་། དོན་སྙིང་དཔལ་འབྱོར་སོགས་ཀྱང་བློས་མ་ཐོངས་ནས། སྐུ་གོང་མ་དེའི་དགོངས་པ་དང་མ་བསྟུན་པར། ཡང་སྲིད་ཁྲི་ལ་བཀོད་སྟངས་འདི་ལ་བལྟས་ན། དོན་དུ་བླ་མ་དེ་ཚོའི་ཡང་སྲིད་ཕེབས་མ་ཕེབས་ཀྱི་སྐད་ཆ་མིན་པར། ཡང་སྲིད་སྤྲུལ་སྐུར་ཁྲིར་འདོན་ཞུ་མ་ཞུས་ལ་རག་ལས་འདུག་པ་དེས་ང་ཚོ་སྤྲུལ་སྐུ་མང་པོའི་བླ་བྲང་གི་མདུན་ལམ་སྒྲུབ་བྱེད་ཀྱི་ལག་ཆ་ཆགས་པ་རེད།

དཔེར་ན། སྤྲུལ་སྐུ་དགོན་པའི་ཁོར་ཡུག་ནས་ཁ་བྲལ་ཟིན་ནའང་། བླ་བྲང་ད་དུང་དགོན་པའི་ས་ཁོངས་སུ་འཛིན་སྐྱོང་བྱེད་མུས་འདིས། བླ་བྲང་དེ་རྣམས་སུའི་ཆེད་དུ་ཡིན་པའི་དཔང་རྟགས་ཤིག་ཆགས་ཡོད་པ་རེད། གལ་ཏེ་སྤྲུལ་སྐུ་དེའི་ཡང་སྲིད་ལ་སྒུག་གིན་ཡོད་ན། ད་དུང་ལོ་གྲངས་དྲུག་ཅུ་བདུན་བཅུ་འགོར་སྲིད་པ་དང་། དེ་རྗེས་ཡང་སྲིད་དེའང་གོ་མ་ཆོད་པ་སྔར་བཞིན་བྱུང་ན། སླར་ཡང་མི་ལོ་བརྒྱ་སྐོར་བསྒུག་དགོས་མི་སྲིད་པ་མ་རེད།

གལ་ཏེ་བླ་བྲང་གི་མི་ཚོས་ཡང་སྲིད་མ་བཙལ་ན། སྐུ་གོང་མའི་གཞན་དོན་ཐུགས་བསྐྱེད་འགྲུབ་མི་ཐུབ་པ་དེ་འདྲ་གཏན་ནས་མ་རེད། ལས་སྨོན་གྱི་མཐུ་གྲུབ་པ་དང་རང་དབང་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་ན། དགོངས་པ་གཏད་ཡུལ་གྱི་ས་ཕྱོགས་དེ་ལ་མངོན་མེད་དུ་འཁྲུངས་ནས། སྦས་པའི་ཚུལ་གྱིས་བསྟན་འགྲོའི་མཛད་པ་སྐྱོང་གིན་ཡོད་སྟབས། གསེར་ས་འོག་ཏུ་ཡོད་ན། འོད་ནམ་མཁར་ཁྱབ་པའི་དཔེ་ལྟར་རེད། ཉན་རང་བྱང་སེམས་སོགས་ཀྱིས་གཞན་དོན་མཛད་པར་བླ་བྲང་སོགས་ཡོད་ངས་ཧ་གོ་ཡི་མེད།

སྤྱིར་བཏང་སྤྲུལ་སྐུར་ངོས་འཛིན་ཞུས་པ་ཐམས་ཅད་ནས། བཀའ་ཆོས་འཆད་སྤེལ་གནང་མཁན་རྐྱང་རྐྱང་ཡིན་མི་དགོས་ནའང་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་བག་ཆགས་ཟབ་ཙམ་ཡོད་པ་ཞིག་གི་ཐོག་ནས། བྱ་བ་ལས་ཀྱི་འཁོར་ལོ་སྤྱི་ཚོགས་གཞན་ཕན་གྱི་ལས་རིམ་རང་འཁྲིའི་འགན་དུ་བརྩི་མཁན་ཞིག་ཅིས་ཀྱང་ཡིན་དགོས་པ་རེད།

unnamed (1)

ཆོས་རྫོང་དབུ་བརྙེས་སྐབས།

དོན་འགྲུབ་བཀྲ་ཤིས། བོད་པའི་སྤྲུལ་སྐུ་ཚོར་དགོན་པ་གྲྭ་ཚང་རེ་དང་། དེ་ལ་ལྷ་སྡེ་མི་སྡེ་མང་པོ་ཞིག་ཡོད་སྟབས། སྤྲུལ་སྐུའི་ལམ་སྲོལ་འདི་མེད་པ་བཟོས་ན། དགོན་པ་གྲྭ་ཚང་འཛིན་སྐྱོང་དང་ལྷ་སྡེ་མི་སྡེར་བསླབ་བྱ་ལམ་སྟོན་ཐོག་གནོད་སྐྱོན་མི་འོང་ངམ།

བྲག་གཡབ་རིན་པོ་ཆེ། རྩ་བ་ནས་འོང་གི་མ་རེད། དགོན་པ་ཆེ་ཆུང་སོ་སོར་ཁྲི་པ་དང་མཁན་པོ། སློབ་དཔོན། སྒྲུབ་དཔོན་ཟེར་བ་སོགས་ཆོས་བརྒྱུད་སོ་སོར་མིང་འདོགས་སྟངས་སྣ་ཚོགས་ཡོད་པ་མ་གཏོགས། ཚང་མར་མགོ་འཁྲིད་མཁན་ཡོད་ཡོད་པ་རེད། འབྱུང་འགྱུར་མགོ་འཁྲིད་མཁན་དེ་རྣམས་གྲྭ་བཙུན་དམངས་ནས་འོས་བསྡུ་བྱས་པའི་མང་པོས་བཀུར་བའི་རང་བྱུང་གི་བླ་མ་ཤ་སྟག་དང་། ལས་འགན་གྱི་དུས་ཡུན་ལོ་གྲངས་ངེས་ཅན་བཟོས་པ་ཡིན་ན། ལྐོག་ཟ་རུལ་སུངས་སོགས་ཀྱིས་མཚོན་པའི་གླེང་རྙོག་རིགས་ཉུང་བ་དང་། དགོན་པ་གྲྭ་ཚང་དེ་དང་། ལྷ་སྡེ་མི་སྡེ་ཚང་མར་ཕན་པའི་ཕྱག་རྗེས་བཟང་པོ་འཇོག་ཐུབ་པ་རེད།

སྤྱིར་བཏང་མང་ཚོགས་ནང་སྤྲུལ་སྐུ་ཟེར་བ་རྩ་ཆེན་པོར་བརྩི་སྲོལ་ཡོད་སྟབས། དེ་མེད་པ་བཟོས་ན་འགྲིག་གི་མ་རེད་སྙམ་པའི་འཕྲལ་སེལ་བསམ་ཚུལ་འོང་སྲིད་ཀྱང་། སྤྲུལ་སྐུའི་ལམ་སྲོལ་འདི་མ་དར་སྔོན་གྱི་བླ་མ་གོང་མ་དེ་ཚོར་དཔེ་བལྟ་དགོས་པ་རེད། གོང་དུ་ཞུས་པ་བཞིན་བླ་མ་དང་། དེའི་ཡང་སྲིད་སྤྲུལ་སྐུ་གཉུག་སེམས་གཅིག་གི་རྒྱུན་ཡིན་པ་དང་། སྐུ་ཕྲེང་སྔ་ཕྱི་གཉིས་ཀ་མི་གཅིག་ཡིན་པ་ནང་བཞིན་ངོས་འཛིན་བྱ་རྒྱུ་ཁག་པོ་རེད། སྐུ་ཕྲེང་སྔ་ཕྱིར་མིའི་གཤིས་ཀ་ཐ་དད་དང་། ཡོན་ཏན་ཆེ་ཆུང་། མཛད་འཕྲིན་སྐྱོང་ཐུབ་མིན་སྣ་ཚོགས་རེད། སྤྲུལ་སྐུའི་ཁོངས་སུ་རེ་ཟུང་སྐུ་གོང་མ་ལས་ཡོན་ཏན་དང་མཛད་འཕྲིན་ལྷག་པ་ཡོད་ནའང་མང་ཆེ་བ་སྐྱོ་བ་འོང་གིན་འདུག བླ་མ་ཞིང་གཤེགས་ཤིག་གི་སློབ་མ་ཚོས་ད་ལྟའི་སྤྲུལ་སྐུ་དེའང་སོ་སོའི་བླ་མ་ཡིན་བསམ་ན་ནོར་བ་རེད། སྐུ་གོང་མ་དེ་དང་བླ་སློབ་ཀྱི་འབྲེལ་བ་ཡོད་པ་དེ་སྐུ་ཕྲེང་རྗེས་མ་དེར་རང་ཤུགས་ཀྱིས་འཕོས་ནས་བླ་སློབ་ཀྱི་འབྲེལ་བ་མུ་མཐུད་མི་ཐུབ་པ་ཤེས་དགོས་པ་རེད།

དོན་འགྲུབ་བཀྲ་ཤིས། རིན་པོ་ཆེ་མཆོག་བྲག་གཡབ་ལུང་པའི་ནང་གི་སྤྲུལ་སྐུ་གོ་གནས་དང་ཐོབ་ཐང་ཆེ་ཤོས་ཅན་ཞིག་རེད། ཡིན་ནའང་མ་འོངས་པར་བྲག་གཡབ་༧སྐྱབས་མགོན་གྱི་ཡང་སྲིད་ངོས་འཛིན་མཚམས་འཇོག་གནང་རྒྱུ་ཡིན་གསུང་གིན་ཡོད་སྟབས། དེ་ལ་སྦྱོར་དངོས་མཇུག་གསུམ་གྱི་གྲ་སྒྲིག་གང་འདྲ་ཡོད་དམ།

བྲག་གཡབ་རིན་པོ་ཆེ། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོ་ནས་ང་ཚོའི་ལུང་པ་རྒྱ་ལག་ལ་ཤོར་ཚར་ནས། ང་ལ་རྒྱ་ནག་དམར་པོའི་གཞུང་འཛིན་པ་ཚོས་མིང་ག་རེ་བཏགས་ཡོད་རེད་ཟེར་ན། “མེད་པར་བཟོས་ཟིན་པའི་དགོན་བདག་”ཟེར་གྱིན་ཡོད་པ་ལྟར། སོ་སོ་རང་ངོས་ནས་ཀྱང་ “དགོན་བདག་” ཡིན་བསམ་པའི་འདུ་ཤེས་དེ་འཛིན་གྱི་མེད། ཡིན་ནའང་ང་རང་མ་ཤི་བར་དུ་མིང་སྐམ་པོ་དེ་ནི་འདོར་ཐབས་མེད་སྟབས། དེ་སྔོན་བྲག་གཡབ་ཁུལ་དུ་འགྲོ་སྐབས་སེར་སྐྱ་མང་ཚོགས་དང་རྒྱ་ནག་གཞུང་། ས་གནས་སོ་སོའི་མགོ་ཁྲིད་ཚོས་ང་ལ་འབྲེལ་བ་བྱེད་སྟངས་དང་། ཆ་འཇོག་བྱེད་སྟངས་ཐད་ནས་སྔར་བཞིན་དགོན་བདག་རང་ཡིན་པ་ལྟ་བུའི་རྣམ་པ་མི་སྟོན་ཀ་མེད་ཆགས་ཡོད་པ་མཐོང་བྱུང་།

80s

༡༩༩༠ ལོར། རིན་པོ་ཆེ་མཆོག་བྲག་གཡབ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས།

གཞི་རྐང་དེང་སང་དགོན་པའི་དོ་དམ་ནི། དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གིས་བྱེད་ཀྱིན་ཡོད་པ་རེད་ལ། བྲག་གཡབ་མ་དགོན་དང་བུ་དགོན་ནང་ཁུལ་ལའང་མཁན་པོ་དང་སྔགས་རྒྱུན་པ། སློབ་དཔོན། མཚན་ཉིད་བླ་མ་ཟེར་བ་སོགས་དགེ་བཤེས་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་དེ་ཚོའི་ལམ་སྟོན་འཛིན་སྐྱོང་འོག་ཡོད་སྟབས། སེམས་ཁྲལ་བྱེད་དགོས་པ་གང་ཡང་མཐོང་གི་མེད། གང་ལྟར། མ་འོངས་པ་ན་བྲག་གཡབ་ལུང་པའི་ནང་ལའང་རང་བྱུང་བླ་མ་ལུང་རྟོགས་ཀྱི་ཡོན་ཏན་ལྡན་པ་སུ་འདྲ་ཞིག་གིས་བསྟན་པ་དང་འགྲོ་བའི་དོན་གནང་མཁན་བྱུང་ན། སེར་སྐྱ་མི་མང་ཚང་མས་དེ་ལ་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་རྗེས་སུ་འབྲང་འོས་པ་ཞིག་རེད། ཡིན་ནའང་སྤྲུལ་སྐུ་མེད་ན་གནས་སྐབས་ཕྲན་བུ་སེམས་ནང་མ་བདེ་བ་འོང་སྲིད་ཀྱང་། གོམས་ན་སླ་བ་མ་ཡིན་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །གསུངས་པ་ལྟར་རིམ་གྱིས་གོམས་འགྲོ་བ་རེད།

དོན་འགྲུབ་བཀྲ་ཤིས། དེང་སྐབས་རྒྱ་ནག་གཞུང་གིས་བོད་པའི་དགོན་སྡེ་ཁག་གི་ཆོས་ཀྱི་བྱེད་སྒོར་ཐེ་ཇུས་བྱེད་བཞིན་ཡོད་པ་མ་ཟད། བོད་པའི་སྤྲུལ་སྐུའི་ལམ་ལུགས་ལའང་ཁྲིམས་སྒྲིག་སྣ་ཚོགས་བཟོ་བཞིན་ཡོད་སྟབས། མ་འོངས་པར་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐོག་ལའང་ཐེ་ཇུས་བྱ་སྲིད་པར་གཟིགས་ཀྱི་ཡོད་དམ།

བྲག་གཡབ་རིན་པོ་ཆེ། ངའི་སྤྲུལ་སྐུ་ཟེར་བའི་ཡང་སྲིད་ཅིག་འོང་དགོས་དང་མི་དགོས་དེ་ལྷ་འདྲེ་ཀླུ་བཙན་སུ་ལའང་འདྲི་མི་དགོས་པར། ང་རང་རང་གིས་ཐག་གཅོད་བྱ་འོས་པ་ཞིག་དང་བྱ་དགོས་པ་ཞིག་ཀྱང་རེད། ངས་མི་དགོས་པའི་གཏན་འབེབས་བྱས་ཚར་ནས་གཞུང་ཚོགས་སྒེར་གསུམ་སུ་ཞིག་གིས་དེ་དང་མི་མཐུན་པ་བྱས་ན། དེས་ངའི་དམིགས་ཡུལ་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་དུས། སུ་འདྲ་ཞིག་གིས་ “བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་དགུ་པའི་ཡང་སྲིད་” ཟེར་བའི་སྤྲུལ་སྐུ་ཞིག་ངོས་འཛིན་བྱས་ན། དེ་ནི་བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་བཅུ་པར་བསྐོ་བཞག་བྱས་པ་རེད་མ་གཏོགས། ངའི་ཡང་སྲིད་ཡིན་པར་ང་རང་གིས་ཆ་འཇོག་བྱ་རྒྱུ་མིན།

དོན་འགྲུབ་བཀྲ་ཤིས། རིན་པོ་ཆེ་མཆོག་ཡུ་རོབ་ཏུ་ཕེབས་ཏེ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་འཚོ་བ་རོལ་སྟངས་ཀྱིས་རིན་པོ་ཆེ་མཆོག་གི་ཕྱག་ལས་གནང་ཕྱོགས་དང་དགོངས་པ་བཞེས་ཕྱོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་སོང་།

40s

ཕྱི་ལོ་ ༡༩༤༠ པའི་ནང་།

བྲག་གཡབ་རིན་པོ་ཆེ། ང་ནུབ་ཕྱོགས་ལ་བསླེབས་ནས་མཐོང་རྒྱ་ཐོས་རྒྱ་ཆེན་པོ་བྱུང་སོང་། སྔོན་མ་ཆུང་ཆུང་སྐབས་ང་རང་གི་མི་ཚེའི་གནས་སྟངས་དེ་ཁེར་རྐྱང་ཟུར་དུ་བཞག་པ་ཞིག་རེད། དབྱིན་སྐད་ལ་ “ཨའེ་སོ་ལེ་ཊི་”  (isolate)ཟེར་གྱིན་ཡོད་པ་ནང་བཞིན། ཧ་ལམ་བཟང་བཙོན་གྱི་རྣམ་པའི་འོག་ནས་ཚར་ལོངས་བྱུང་བ་རེད། དཔེར་ན། ནམ་རྒྱུན་དགོན་པར་བསྐོར་བ་ཙམ་ཡང་འགྲོ་རྒྱུའི་དབང་ཆ་ཡོད་མ་རེད། ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོ་ས་རུབ་རྗེས་གཞི་ནས་ངས་ཨུ་ཚུགས་བརྒྱབ་ན། དགོན་པར་བསྐོར་བ་གཅིག་ཙམ་འཁྲིད་ཀྱིན་འདུག དེ་མ་གཏོགས་དུས་རྒྱུན་འཁྲིས་ལ་ཡོད་པའི་ཞབས་འབྲིང་སེར་མོ་བ་བཅུ་གྲངས་ཤིག་དང་། སྐབས་རེ་གཉེན་ཉེ་ཚོ་ལས་གཞན་ལ་འབྲེལ་འདྲིས་ཀྱི་གོ་སྐབས་མེད་སྟབས། སྤྱི་ཚོགས་ཀྱི་གནས་སྟངས་དང་མི་མང་གི་འཚོ་བ་སོགས་གང་ལའང་ཆ་རྒྱུས་ལོན་ཐུབ་མ་སོང་།

ང་རང་སྐྱབས་བཅོལ་དུ་འབྱོར་རྗེས་མིའི་བདེ་བ་སྡུག་བསྔལ་ཕྲན་བུ་ཤེས་པ་དང་། ལྷག་པར་དུ་ཡུ་རོབ་ནང་སླེབས་ནས་ཡུལ་མི་སྤྱི་མཚུངས་ནང་བཞིན་ལས་ཀ་དང་འཚོ་བ་བསྐྱེལ་བ་དེས། “དཔོན་ཉམས་རིང་ལུགས་” འཛིན་རྒྱུའི་གོམས་གཤིས་དང་བྲལ་ནས། མིའི་འདྲ་མཉམ་དང་རང་དབང་ལྡན་པའི་ “བཅིངས་དཀྲོལ་” ངོ་མ་དེ་ཐོབ་སོང་། དེའི་ཐོག་ལ་འཇིག་རྟེན་ཁྱོན་འདིའི་གཞི་རྩའི་བསམ་བློའི་འགྲོ་ཕྱོགས་སྣ་ཚོགས་དང་། ཁོར་ཡུག་འདྲ་མིན་དང་གནས་སྟངས་མང་པོ་ཞིག་འཕྲད་ནས། ནང་ཆོས་དང་དེའི་ལྟ་གྲུབ་ཁོངས་ནས་ལམ་སྟོན་དང་། ལན་གང་འདྲ་ཡོད་མེད་འཚོལ་དགོས་པ་སོགས་ལ་བརྟེན་ནས་ནང་ཆོས་ལའང་རྨོངས་དད་ཙམ་མིན་པར། གང་ལ་གང་འཚམ་རྒྱུ་མཚན་དང་གནས་ལུགས་ཤེས་པའི་ཐོག་ནས་དད་པ་སྐྱེ་བའི་གོ་སྐབས་བཟང་པོ་ཞིག་བྱུང་།

དོན་འགྲུབ་བཀྲ་ཤིས། ད་ལྟ་རིན་པོ་ཆེ་མཆོག་གིས་རྗར་མེ་ནིའི་ནང་ཕྱག་ལས་ག་རེ་གནང་གིན་ཡོད།

བྲག་གཡབ་རིན་པོ་ཆེ། དེ་སྔོན་འཇར་མན་ནུབ་མའི་རྒྱལ་ས་རྙིང་པ་བྷོའོན་གྲོང་ཁྱེར་དུ་ཡོད་པའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ (Bonn University) ནང་དུ་ལོ་ ༣༨ རིང་བོད་རིག་པའི་ཞིབ་འཇུག་པ་དང་། སློབ་ཚན་འཁྲིད་པའི་ལས་ཀ་བྱས་ཏེ་རང་ལོ་ ༦༥ སླེབས་སྐབས་སྤྱི་མཚུངས་ལས་ཡོལ་ཐོབ་པ་རེད། དེའི་གོང་ ༡༩༨༤ ལོ་ཙམ་ནས་ལས་ཀའི་ཞོར་དུ་ཆོས་ཚོགས་ཆུང་ཆུང་ཞིག་ལ་ནང་ཆོས་འཆད་སྤེལ་ཕྲན་བུ་བྱ་རྒྱུ་ཁེལ་སོང་། རིམ་པས་ཆོས་ཚོགས་དེ་ “རྗར་མན་བོད་ཀྱི་ཁང་པ་” ཟེར་བའི་རིག་གཞུང་ཁང་གི་ངོ་བོར་བསྒྱུར་ནས། ད་ཆ་བོད་པའི་ཤེས་རིག་གི་བསྟི་གནས་ཁང་ཞིག་ཆགས་ཏེ། ༧རྒྱལ་བ་རིན་པོ་ཆེས་མཚན་འཛིན་དབུ་ཁྲིད་གནང་བའི་བཀའ་དྲིན་འོག་ཏུ་འཚོ་བཞིན་པ་ཡིན། བོད་ཁང་འདིའི་ལས་རིམ་ནང་ལ་ཕྱི་རྒྱལ་མི་རིགས་དོན་གཉེར་ཅན་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཚན་རིག་སྐོར་གྱི་འགྲེལ་བཤད་དང་། ནང་ཆོས་ཉམས་ལེན་བྱེད་མཁན་ཚོ་ལའང་ཆ་རྐྱེན་བསྐྲུན་རྒྱུ། གཞན་ཡང་བོད་ཀྱི་གསོ་བ་རིག་པ་དང་། ཐང་ཀ་སོགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་སོགས་ཀྱིས་མཚོན་པའི་སྡེ་ཚན་ ༥ ཡོད་པའི་ནང་། ལོ་རེར་ལས་རིམ་འདྲ་མིན་ ༣༠༠ ཙམ་གཉེར་བཞིན་པར་མཐུན་འགྱུར་ཕྲན་བུ་ཞུས་ཏེ་བསྡད་ཡོད།

66

ཕྱི་ལོ་ ༡༩༦༦ ལོར་འཇར་མན་ནང་ཐེངས་དང་པོར་ཕེབས་སྐབས།

དོན་འགྲུབ་བཀྲ་ཤིས། རིན་པོ་ཆེ་མཆོག་གིས་དེ་སྔོན་དྲ་ཚིགས་དང་ཚགས་དཔར་སོགས་གསར་ལམ་ཁག་ཏུ་༼དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།༽ཟེར་བ་སོགས་བོད་ཡིག་བེད་སྤྱོད་གཏོང་ཕྱོགས་སྐོར་ལ་ལྗགས་རྩོམ་དང་གསུང་བཤད་དེ་འདྲ་གནང་སོང་། དེའི་སྐོར་ནས་གནད་འགག་ཁ་ཤས་གསུང་རོགས།

བྲག་གཡབ་རིན་པོ་ཆེ། ང་རང་ཆུང་ངུའི་སྐབས་ནས་ཡོངས་འཛིན་ཚོས་ཡི་གེ་འབྲི་ཀློག་ལ་ཧ་ཅང་དོ་ནན་གནང་བ་དང་། དྲུག་ཅུ་རེ་གྲངས་ནང་བོད་གཞུང་གི་ལས་ཁུངས་ནང་ཞབས་ཕྱི་ཞུས་སྐབས། གཞུང་ཞབས་བགྲེས་པའི་ཕྱག་བྲིས་བཟོ་འདོན་དག་གསུམ་ཧ་ལས་པའི་སྤུས་དག་པོ་དང་བརྗོད་བྱ་གཏིང་ཟབ་འབྲི་སྟངས། ལྷག་པར་དུ་༧སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་ལས་ཡིག་འགྲོས་དང་། སྙན་སུམ་སོགས་ཀྱི་བཀའ་ཁྲིད་ཐོབ་པའི་བཀའ་དྲིན་ལ་བརྟེན་ནས། བོད་གཞུང་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་ “རྩོམ་སྒྱུར་ལས་ཁུངས་” ཀྱི་མཚན་ཐོག་ཏུ་《དུས་གསུམ་རེའུ་མིག་སོམ་ཉིའི་དྲྭ་བ་གཅོད་པའི་རལ་གྲི་》ཟེར་བ་ཞིག་ཕྱོགས་སྒྲིག་ཞུས་ཡོད། ང་རང་གི་མིང་ཐོག་ནས་《བོད་བརྡའི་ཚིག་མཛོད་》ཟེར་བ་ཞིག་ཀྱང་བཏོན་པ་ཡིན། གང་ལྟར། ང་རང་ཆུང་དུས་ནས་ཡི་གེ་འབྲི་རྒྱུར་དགའ་པོ་ཡོད་ལ། རིམ་པས་གུས་ཞབས་ཡོད་མེད་སོགས་ཀྱི་ཚིག་སྦྱོར་རྒྱག་སྟངས་དང་། གཞུང་སྲོལ་གྱི་ཡིག་འགྲོས་རྣམ་གཞག་སོགས་ལ་དོ་སྣང་སླེབས་ཏེ་ད་ལྟའང་དེ་རིགས་ལ་དགའ་མོས་ཡོད།

དེང་སྐབས་ཚགས་དཔར་དང་། དྲྭ་ལམ་སོགས་སུ་བཀོད་པའི་ཡི་གེ་དེ་ཚོར་བལྟས་པ་ཡིན་ན། སྤྱིར་བཏང་ཡག་ཐག་ཆོད་འདུག་ཀྱང་། འབྲི་བརྗོད་བྱེད་སྟངས་གང་འཚམ་ཞིག་སྐྲ་གཟེངས་དགོས་པ་དེ་འདྲ་འདུག དཔེར་ན། “བཀའ་བློན་མཆོག་གིས་བགྲོ་གླེང་གི་ཆ་ཤས་བླངས་” ཟེར་བ་ལྟ་བུ། ཚིག་གྲུབ་གཅིག་གི་ནང་དུའང་གང་ཟག་གཅིག་ལ་ཞེ་ས་དང་ཕལ་སྐད་འདྲེས་ནས་འབྲི་བ་དང་། དེ་བཞིན། དེ་སྔ་བོད་དུ་༧གོང་ས་མཆོག་ལ་ཚང་མས་ “༧རྒྱལ་བ་རིན་པོ་ཆེ་” ཞེས་ཞུ་བ་མ་གཏོགས། དེང་སང་ལྟ་བུར་ “༧སྐྱབས་མགོན་རིན་པོ་ཆེ་” ཞེས་ཞུ་སྲོལ་གཏན་ནས་མེད། བོད་ལ་༧རྒྱལ་བ་རིན་པོ་ཆེ་གཅིག་ལས་ཡོད་པ་མ་རེད། ༧སྐྱབས་མགོན་མང་པོ་ཡོད་སྟབས། མཚན་བརྗོད་ཞུ་སྟངས་འདི་ནི་གུས་ཞབས་ཧ་ཅང་ཆུང་བའི་སྐྱོན་ཡོད་པ་རེད། ཡིག་འགྲོས་མང་པོ་ཉམ་ཆག་ཏུ་འགྲོ་བཞིན་པ་མཐོང་ན་བློ་ཕམ་སྐྱེ་གཞི་ཡིན་ཡང་མིག་ཆུ་ཉལ་སའི་ནང་དུ་བཏང་ཟེར་བ་ལྟར། བསམ་ཚུལ་རེ་ཙམ་ཞུ་རྒྱུ་མ་གཏོགས་ཐབས་ཤེས་གཞན་མི་འདུག

2015

བྲག་གཡབ་རིན་པོ་ཆེ་མཆོག་དང་འཇར་མན་བོད་ཁང་གི་ཚོགས་མི་ཁག་ཅིག

བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གི་ལོ་རྒྱུས་མདོ་བསྡུས།

བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག ༡༩༤༠ ལོར་བོད་ཤར་ཕྱོགས་མི་ཉག་ཡུལ་དུ་སྐུ་བལྟམས་ཤིང་། དགུང་གྲངས་བཞི་ཡི་སྟེང་ལ་བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་ལ་བརྟེན་ནས། སྔར་ལམ་ལྟར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཁ་བ་ཅན་གྱི་སྤྲུལ་སྐུ་མཐོ་རིམ་ “རྒྱལ་སྤྲུལ་”དང་། “ནང་གི་ཧོ་ཐོག་ཐུའི་” ཁོངས་སུ་གཏོགས་ཤིང་། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གཞུང་ཆེན་སློབ་གཉེར་གནང་། ༡༩༥༩ ལོར་བོད་ནས་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་བཀའ་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཆིབས་ཞབས་སུ་ཚུད་པ་དང་། དེ་རྗེས་གཞུང་ཆེན་གསན་བཞེས་འཕྲོ་སྐྱོང་གནང་མཐར་རང་གཞུང་གིས་དགེ་བཤེས་ལྷ་རམ་པའི་ཕྱག་ཁྱེར་ཕུལ་བཞེས་མཛད།

༧གོང་ས་སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ། ༧རྒྱལ་བའི་ཡོངས་འཛིན་རྣམ་གཉིས། བླ་མ་ཀ་ལུ་རིན་པོ་ཆེ་སོགས་ཀྱི་ཐུགས་བརྩེས་རྗེས་འཛིན་གཟིགས་བསྐྱངས་ཟབ་མོ་ཐོབ་སྟེ། ཆོས་བརྒྱུད་སོ་སོའི་མདོ་སྔགས་ཀྱི་གསུང་ཆོས་གསན་རྒྱ་ཆེ་བ་མ་ཟད། ད་ལྟའི་བར་དུ་ལྗགས་བསྙེན་གྱི་རིམ་པ་དུ་མ་ཞིག་ཀྱང་གནང་ཞིང་། བོད་ཕྱི་ནང་གཉིས་སུ་ཕྱི་བོད་མི་རིགས་སློབ་ཚོགས་སེར་སྐྱ་དུ་མར་ལམ་རིམ་བློ་སྦྱོང་གཙོ་བོར་གྱུར་པའི་ཁྲིད་དང་། དབང་བཀའི་རིམ་པ་གདུལ་བྱའི་མོས་ཁམས་དང་འཚམས་པར་བསྟར་ཆགས་སུ་གནང་མུས་རེད།

༡༩༦༢ སྐོར་ནས་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་ “ཤེས་རིག་རྩོམ་སྒྱུར་ཁང་” སྒོ་འབྱེད་ཐོག་ནས་དབུ་འཛིན་དང་། ༡༩༦ ༤ ནས་ ༡༩༦༦ བར་རྒྱལ་ས་ལྡི་ལི་གསར་པའི་བོད་ཀྱི་ཁང་པའི་དབུ་འཛིན་ཐོག་མ་དེ་གནང་འདུག རིན་པོ་ཆེ་མཆོག་ཉིད་ ༡༩༦༦ ལོར་འཇར་མན་གྲོང་ཁྱེར་བྷོན་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་ཕེབས་པ་ནས་བཟུང་། གཙུག་ལག་སློབ་གྲྭ་དེའི་ “ཤར་གླིང་དབུས་མའི་རིག་གཞུང་ཁང་” དུ་བོད་རིག་པའི་སྡེ་ཚན་ནང་ཞིབ་འཇུག་དང་རྩོམ་སྒྲིག སློབ་ཁྲིད་བཅས་པར་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་མཛད་འགན་བཞེས་མཐར་སྤྱི་མཚུངས་རྒན་གསོར་ཕེབས།

རིན་པོ་ཆེ་མཆོག་གིས་ ༢༠༠༥ ལོར་ “འཇར་མན་བོད་ཀྱི་ཁང་པ་” ཞེས་རྒྱལ་སྤྱིའི་ནང་གདེང་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་གི་ལྟེ་གནས་དེ་བཞིན་དབུ་འཛུགས་གནང་ཡོད། www.tibethaus.com ལྟེ་གནས་དེའི་དྲྭ་ཐག་འདི་ཡིན། གང་ཉིད་བོད་ཀྱི་ཆོས་དང་རིག་གཞུང་གི་མཛད་ཁུར་སྐྱོང་བཞིན་སྐུ་ཟླ་དང་། སྲས་སྲས་མོ་གཉེན་ལྟོས་རྣམས་ཀྱིས་ཕན་ཚུན་འཚོ་སྐྱོང་ཐོག་ནས་བཞུགས་མུས་ལྟར། འདི་ལོ་ ༢༠༡༦ ལོར། རིན་པོ་ཆེ་མཆོག་འཇར་མན་དུ་གཏན་བཞུགས་གནང་ནས་མི་ལོ་ལྔ་བཅུ་ཐམ་པ་ཟིན་ཡོད་པ་རེད།། ༎

Dagyab Region

རིན་པོ་ཆེ་མཆོག་གི་གཞིས་ཡུལ་བྲག་གཡབ་ཁུལ།

ཟུར་མཆན།

  • <<སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་གལ་ཆེན་ཁག་ཕྱོགས་བསྡུས།>>ཅེས་པའི་དེབ་ཕྲེང་ལས་བམ་པོ་དྲུག་པའི་ཤོག་ངོས་ ༣༩༣ ལ་གསལ།
  • གོང་གི་སྐུ་པར་ཁག་ལས་བཅར་འདྲིའི་པར་འཕུད་པའི་པར་གཞན་དག་འཇར་མན་བོད་ཁང་ནས་ཞུས་པ་ཡིན་པས་པར་གྱི་བདག་དབང་བོད་ཁང་ལ་ཡོད་པ་མ་ཟད་པར་གྱི་འགྲེལ་བཤད་དག་ཀྱང་བོད་ཁང་གིས་གང་གནང་བ་སོར་བཞག་བྱས་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༦/༡༢/༠༨

Leave a Reply

5 thoughts on “ང་རང་བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དགུ་པར་བརྩི་བ་འདི་བྲག་གཡབ་སྐྱབས་མགོན་མཐའ་མ་དེ་ཡིན།

  1. རྟའུ་བློ་བཟང་དཔལ་ལྡན

    རིན་པོ་ཆེ་མཆོག་གི་དགོངས་ཚུལ་གསུངས་པ་དེ་དེང་སང་ཧ་ཅང་གི་གལ་གནད་ཆེ་བའི་གནས་དོན་ཞིག་ཆགས་འདུག་། ཕྲན་གྱི་མཐོང་ཚུལ་ལའང་དུས་དེང་སང་ནུབ་ཕྱོགས་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཁྲོད་ནང་ཆོས་ལ་དད་ལོག་སྐྱེས་མཁན་ཇེ་མངཇེ་་མང་དུ་འགྲོ་བའི་རྣམ་པ་གསར་པ་ཞིག་ཐོན་བཞིན་འདུག་ འདི་ནི་སྤྲུལ་སྐུའི་ཡངས་སྲིད་ཁག་གི་མཛད་པ་དང་འང་འབྲེལ་བ་ཆེན་པོ་ཡོད་བཟོ་འདུག་ ལྷག་དོན་དུ་སྤྲུལ་སྐུ་དང་དཔལ་འབྱོར་ དབང་ཆ་སོགས་ཀྱི་སྲེ་ལྷད་ནི་ནུབ་ཕྱོགས་ཁུལ་དུ་བཤད་སྲོལ་ཡོད་པ་བཞིན་ མི་རྨོངས་དད་པ་རྣམས་མགོ་འཁོར་གཏོང་བྱེད་ཀྱི་ཐབས་ཇུས་ཙམ་ཞིག་རེད་སྙམ་པའི་བསམ་བློ་འཁོར་བཞིན་འདུག་། འགྱུར་བགྲོད་འདི་ནི་བསྟན་པ་ལ་ཕུགས་ཀྱི་ཉེན་ཚབས་ཧ་ཅང་ཆེན་པོ་ཞིག་རེད་། མགོ་གསེར་ཁ་ཤས་དང་རྒྱ་རིགས་ཁ་ཤསའཕྲལ་གསལ་་རིང་མགོ་འཁོར་བཏང་ཐུབ་པ་ཙམ་གྱི་བསྟན་པ་ཡུན་རིང་གཏན་ནས་གནས་མི་ཐུབ་པ་ས་རིས་ཐང་གསལ་རེད་ བསྟན་པ་ཡུན་རིང་གནས་དགོས་ན་འགྱུར་བ་ཞིག་ངེས་པར་དུ་འགྲོ་དགོས་ཀྱི་འདུག་

  2. ཨོ་རྒྱན་བཀྲ་ཤིས།

    1. བྲག་གཡག་སྐྱབས་མགོན་ཚང་གིས་སྤྲུལ་སྐུའི་ལམ་ལུགས་མཚམས་འཇོག་དགོས་གསུངས་པ། http://tibettimes.net/%E0%BD%A6%E0%BE%A4%E0%BE%B2%E0%BD%B4%E0%BD%A3%E0%BC%8B%E0%BD%A6%E0%BE%90%E0%BD%B4%E0%BD%A0%E0%BD%B2%E0%BC%8B%E0%BD%A3%E0%BD%98%E0%BC%8B%E0%BD%A6%E0%BE%B2%E0%BD%BC%E0%BD%A3%E0%BC%8B%E0%BD%91%E0%BD%BA/

    2. མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུའི་ལམ་ལུགས་དོགས་སློང་མཛད་པ། http://tibettimes.net/%E0%BD%A6%E0%BE%A4%E0%BE%B2%E0%BD%B4%E0%BD%A3%E0%BC%8B%E0%BD%A6%E0%BE%90%E0%BD%B4%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8B%E0%BD%A0%E0%BD%9B%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2-2/

    3. བྲག་གཡབ་སྐྱབས་མགོན་ཚང་གིས་བརྡ་དག་སྐོར་ལ་ཐག་ཐེར་མཛད་གནང་པ། v http://tibettimes.net/%E0%BD%91%E0%BD%BA%E0%BD%84%E0%BC%8B%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%90%E0%BD%91%E0%BC%8B%E0%BD%A1%E0%BD%B2/

  3. གངས་ཅན་ཕོ་ཉ།

    ༧གོང་ས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་མང་དྲག་པ་ལས་ཉུང་དྲག་མི་འདུག གྲངས་མང་བ་ལས་སྤུས་ཚད་གལ་ཆེ་སྤྲུལ་སྐུའི་མིང་འཁྱེར་ནས་ནང་ནས་སྦྱངས་པའི་ཡོན་ཏན་མེད་པའི་ཐོག་ཕྱིའི་སྤྱོད་པ་ཞབས་འད྄ེན་ཞུ་མཁན་ཞིག་བྱུང་ན་བསྟན་པའི་ཞབས་འདྲེན་དངོས་གནས་རེད་དེས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་འདུག་གམ་གནོད་པ་འདུག་ཞེས་སོགས་བཀའ་སློབ་ཟབ་མོ་ཡང་ཡང་ཕེབས་ཀྱང་དེ་ལ་ཚོགས་པ་དང་སྒེར་སུས་ཀྱང་དངོས་སུ་ལག་ལེན་གནང་མཁན་བྱུང་མ་སོང་། དེ་རིང་བྲག་གཡབ་༧སྐྱབས་མགོན་མཆོག་གིས་རང་ཉིད་བྲག་གཡབ་༧སྐྱབས་མགོན་མཐའ་མ་ཡིན་དེའི་རྗེས་སུ་སྐུ་ཕེྲང་མེད་པའི་ཁྱབ་སྒྲགས་གནང་བ་བཞིན་དེ་དང་མཚུངས་པའི་སྤྲུལ་སྐུ་གཞན་གྱིས་ཀྱང་སྐུ་སྐྱེ་རྗེས་མ་མེད་པ་ངོས་འཛིན་དང་བཅས་ཁྱབ་སྒྲགས་གནང་ནས་མི་དམངས་ནས་ཀྱང་མཉམ་དུ་ངོས་ལེན་དང་རྒྱབ་སྐྱོར་ཐོབ་ན་ད་བཟོད་༧རྒྱལ་བའི་བཀའ་སྒྲུབ་དང་སང་རྒྱས་ཀྱི་བསྟན་པ་ལ་བྱས་རྗེས་ཆེན་པོ་འཇོག་པ་ཡིན་པས་ཤིན་ཏུ་ནས་རླབས་ཆེ་ཡིན། ང་ཚོའི་མི་རིགས་ཀྱི་མ་དག་རྒྱུན་འབྱམས་ཕྱིན་པ་དེ། ང་ཚོའི་མི་རིགས་རང་ཉིད་ཀྱིས་མ་བཅོས་ན། མི་རིགས་གཞན་གྱི་ག་ནས་བཅོས། རང་གི་གདོང་གི་དྲེག་པ་དེ། ཉིན་རེ་བཞིན་དུ་བཀྲུས་པ་བཞིན། བསྟན་པ་ཉམས་པ་སླར་གསོ་དེ། ནང་པ་ཡོངས་ཀྱི་ལས་འགན་ཡིན།