ངོ་དེབ་ཚང་གིས་དྲུག་བཞིའི་དོན་རྐྱེན་གླེང་འདོད་མེད་པ་ཨ་ཡིན།

ཕྱི་ཟླ་ ༦ ཚེས་ ༤ བསླེབ་ལ་ཉེ་བ་དང་བསྟུན་ཏེ་ཧོང་ཀོང་གི་དགེ་རྒན་ཞིག་གིས་ངོ་དེབ་སྟེང་དེ་འབྲེལ་གྱི་གནས་ཚུལ་བཀོད་པ་ངོ་དེབ་ཚང་གིས་བཀག་སྡོམ་བྱས་པ་དེར་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཆགས་ཡོད།

ཟླ་འདིའི་ཚེས་ ༢༩ ཉིན། དེང་སྐབས་ཁྱབ་རྒྱ་ཆེ་ཤོས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ངོ་དེབ་ཀྱིས་རྒྱ་ནག་གི་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐོར་གྱི་འདྲ་པར་ཞིག་བརྒྱུད་ལམ་དེའི་དམིགས་བསལ་པར་སྒྲོམ་སྟེང་བཀོད་པ་བཀག་སྡོམ་བྱས་ཡོད་པ་དང་། རྗེས་སུ་བསྐྱར་དུ་པར་དེ་བཀག་པ་ནི་ཁོང་ཚོར་ནོར་འཁྲུལ་ཤོར་ཡོད་སྐོར་བརྗོད་དེ་དགོངས་སེལ་ཞུས་འདུག

ངོ་དེབ་པར་སྒྲོམ་གྱི་རྩ་དོན་ལྟར་ན་ངོ་དེབ་བེད་སྤྱོད་གཏོང་མཁན་ཚོས་པར་ཐོག་ནས་གནད་དོན་ཞིག་ལ་རྒྱབ་སྐྱོར་བྱེད་པའི་ཐོབ་ཐང་ཡོད་པ་དང་། ཐེངས་འདིའི་འདྲ་པར་དེའི་སྟེང་རྒྱ་ནག་གི་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཞི་རྒོལ་བ་ཚོར་དྲང་བདེན་གྱི་ཐག་གཅོད་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་སྲིད་དབང་སྒེར་འཛིན་མཚམས་འཇོག་དགོས་པ་བཅས་ཀྱི་འབོད་སྐུལ་ཞུ་ཚིག་བཀོད་ཡོད་པ་རེད།

ཟླ་འདིའི་ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ བའི་སྟེང་། ཧོང་ཀོང་རྒྱལ་ཡོངས་དགེ་རྒན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧྥོ་ཅང་ཆཱང་(Fung Ka-keung)ལགས་ཀྱིས་རང་ཉིད་ཀྱིས་ཇུས་འགོད་བྱས་བའི་འདྲ་པར་དེ་ངོ་དེབ་ཀྱི་དམིགས་བསལ་པར་སྒྲོམ་ཁོངས་སུ་སྤེལ་བར། ཆུ་ཚོད་ ༢༤ རྗེས་སུ་ངོ་དེབ་ཀྱིས་ཡི་གེ་ཞིག་འབྱོར་ཏེ། དྲ་པར་དེ་ངོ་དེབ་ཀྱི་རྩ་བའི་སྲིད་བྱུས་ལ་འགལ་ཡོད་པ་མ་ཟད། པར་དེས་མི་སྒེར་བའམ་ཚོགས་སྡེ་ཞིག་གམ། ཡང་ན་རྒྱལ་ཁབ་ཅིག་ལ་མཐོང་ཆུང་བྱས་ཡོད་པའི་རྒྱུ་མཚན་བགྲངས་ཏེ་ངོས་ལེན་བྱས་མེད།

ཕྱི་ཚེས་ ༢༧ ཉིན་སྐུ་ཞབས་ཧྥོ་ལགས་ཀྱིས་འདྲ་པར་དེར་བཅོས་བསྒྱུར་བཏང་སྟེ་ངོ་དེབ་ཀྱིས་ངོས་ལེན་བྱེད་པར་བསྐྱར་དུ་རེ་བ་བརྒྱབ་ཡོད་ཀྱང་། ངོ་དེབ་ཀྱིས་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་བརྗོད་དེ་སྤེལ་མེད་པ་རེད། སྐུ་ཞབས་ཧྥོ་ལགས་ཀྱི་འདྲ་པར་གཉིས་བ་དེའི་སྟེང་། ལཱ་སྒྲོན་ཞིག་དང་ལྷན་དུ་ “དྲུག་པའི་ཚེས་ ༤ བརྗེད་མི་ཉན་” ཞེས་བྲིས་ཡོད་པ་རེད།

སྤྱི་ཚོགས་དཔྱད་ཞིབ་པ་འགས་ངོ་དེབ་ཀྱིས་ཆབ་སྲིད་ཀྱི་ཀུན་སློང་ཞིག་ཁྱེར་ཏེ་ཐག་གཅོད་དེ་ལྟར་བྱས་པ་ཡིན་མིན་ལ་དོགས་འདྲི་མང་པོ་བཏང་བ་དང་། གནས་ཚུལ་དེ་གསར་ལམ་ཁག་ཏུ་ཤུགས་ཆེན་པོ་བཏོན་པ་བཅས་ལ་བརྟེན་ཏེ་ངོ་དེབ་ཀྱིས་དགོངས་སེལ་ཞུས་ཡོད་པ་རེད།

ངོ་དེབ་ཀྱི་མགྲིན་ཚབ་པས་ “ང་ཚོ་ནོར་འཁྲུལ་ཤོར་ཏེ་འདྲ་པར་དེ་བཀག་པར་དགོངས་དག་ཞུ་རྒྱུ་ཡིན་”ཞེས་བརྗོད་དེ་འདྲ་པར་དེ་ངོ་དེབ་ནང་སྤེལ་ཆོག་པ་བཟོས་ཡོད་ཀྱང་། སྐུ་ཞབས་ཧྥོ་ལགས་ཀྱིས་ “ངོ་དེབ་ལས་ཁངས་ནས་དགོངས་དག་ཞུས་བ་ཙམ་གྱིས་མི་ཆོག་པར། ངས་པར་སྒྲོམ་གཞན་ཞིག་ངོ་དེབ་ནང་བསྐུར་ཡོད་ཀྱང་། ད་དུང་ངོས་ལེན་མི་བྱེད་པ་དེར་གསལ་བཤད་བྱེད་དགོས་” ཞེས་དང་། སྐུ་ཞབས་ཧྥོ་ལགས་ཀྱིས་མུ་མཐུད་ “ངས་འདྲ་པར་དེ་ཐོག་མ་ཐེངས་གཅིག་ལ་ངོ་དེབ་ནང་ཡར་འཇུག་བྱས་ཀྱང་ངོས་ལེན་བྱས་མ་སོང་། ངས་ཐོག་མ་ང་རང་གི་གློག་ཀླད་ཀྱི་སྐྱོན་ཞིག་དང་། ཡང་ན་འདྲ་པར་བཟོ་སྟངས་ཀྱི་སྐྱོན་ཞིག་ཡིན་ཤག་བྱས་ཏེ་བཞག་པ་ཡིན། འོན་ཀྱང་། འདྲ་པར་དེར་དངོས་ཡོད་གནས་ཚུལ་གཞིར་བཞག་གི་རྩ་དོན་རྒྱབ་ལྗོངས་ཤིག་ཡོད་སྟབས། དེ་ཡང་དང་བསྐྱར་དུ་བཀག་སྡོམ་བྱས་ན་མི་མང་པོ་ཞིག་གིས་འདྲ་པར་དེར་ཆབ་སྲིད་ཀྱི་ཀུན་སློང་ངན་པ་ཡོད་པར་དོགས་པ་ཟ་སྲིད་པ་རེད། ཅེས་བརྗོད་ཡོད།

ད་ལྟ་འདྲ་པར་དེ་ངོ་དེབ་ནང་མི་གྲངས་ ༡༠༠༠ ལྷག་གིས་སོ་སོའི་མགོ་པར་རུ་བཞག་སྟེ། ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༢༠ འཁོར་གྱི་ཡོད། དོན་རྐྱེན་དེའི་ཁྲོད་རྒྱ་ནག་གི་ས་གནས་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་མང་པོ་དམར་གསོད་བཏང་ཡོད་པ་དང་། དོན་རྐྱེན་དེ་ད་ལྟའང་རྒྱ་ནག་མི་མང་གི་སེམས་ནས་བརྗེད་དཀའ་བའི་རྨ་ཁ་ཞིག་ཆགས་ཡོད།

རྒྱ་ནག་གཞུང་གིས་ད་བར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་དེབ་དང་བརྙན། དྲ་རྒྱ་དང་ཡིག་ཆ་སོགས་བཀག་སྡོམ་དང་རྩ་མེད་བཟོ་བཞིན་ཡོད་པ་མ་ཟད། དོན་རྐྱེན་དེའི་ནང་མི་ག་ཚོད་ཀྱི་ཚེ་སྲོག་ཤོར་བའང་ཁ་གསལ་བཟོས་མེད། རྒྱལ་སྤྱིའི་རང་དབང་གི་ཚོགས་སྡེ་ཁག་གིས་སྐབས་དེར་ཉུང་མཐར་མི་ ༡༠༠༠ ལས་བརྒལ་བའི་ཚེ་སྲོག་ཤོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་ ༢༠༠༩ ལོར་ནས་ངོ་དེབ་བཀག་སྡོམ་བྱས་ཡོད་ཀྱང་། དྲ་རྒྱའི་བརྒྱུད་ལམ་ཆེ་ཤོས་ངོ་དེབ་གསར་བཟོ་བྱེད་མཁན་སྐུ་ཞབས་མཱག་རྫ་ཁར་བྷགི་(Mark Zuckerberg)ལགས་ཀྱིས་རྒྱ་ནག་ནང་ངོ་དེབ་བསྐྱར་དུ་བེད་སྤྱོད་གཏོང་ཐུབ་པར་རེ་བ་རྒྱག་གི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༣༡

Leave a Reply