ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས།

ཀོ་ལིམ་བྷི་ཡའི་ལྷོ་ཕྱོགས་ཀྱི་མའོ་ཀོའ་གྲོང་སྡེའི་ཁུལ་དུ་ཆུ་ལོག་རྒྱུག་སྟེ་མི་གྲངས་ ༢༥༤ རྐྱེན་འདས་དང་མི་ ༦༠༠ ལྷག་ལ་རྨས་སྐྱོན་བོར་བརླག་བྱུང་ཡོད་འདུག

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཨ་རིའི་ཀོ་ལིམ་བྷི་ཡ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་དྲག་ཆར་བསྟུན་མར་བབས་པར་བརྟེན། ཕྱི་ཚེས་ ༡ ཉིན་གྱི་མཚན་གུང་དུ་མའོ་ཀོའ་(Mocoa)གྲོང་སྡེ་ཁུལ་དུ་ཆུ་ལོག་རྒྱུག་སྟེ་མི་གྲངས་ ༢༥༤ རྐྱེན་ལམ་དུ་ཤོར་བ་དང་། མི་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག མི་ ༢༠༠ གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་སྟབས། ཛ་དྲག་གི་གནས་སྟངས་འོག་ཡུལ་དམག་དང་ཉེན་རྟོག་པ་སོགས་མི་གྲངས་ ༡༠༠༠ བརྒལ་བས་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

རེས་གཟའ་ཉི་མའི་ཉིན་ཀོ་ལིམ་བྷི་ཡའི་སྲིད་འཛིན་སན་ཊོ་སི་(Juan Manuel Santos)ལགས་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ། ཉེ་འགྲམ་ས་ཁུལ་ཚང་མ་རྡོ་དང་ས་འདམ་གྱིས་བསྣན་ཏེ་གནོད་པ་ཚབས་ཆེན་བཟོས་ཡོད་པར་བརྟེན། ཁུལ་དེ་ཛ་དྲག་འོག་ཡོད་པ་ཡོངས་བསྒྲགས་བྱས་ཏེ་དམག་དཔུང་ཆེད་གཏོང་གིས་ཉེན་སྐྱོབ་བྱེད་བཞིན་ཡོད་ཀྱང་། འདས་པོའི་གྲངས་འབོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཉིན་འདི་ཚོར་ཁུལ་དེར་དྲག་ཆར་རླུང་འཚུབ་ཆེ་བ་དང་འགྲིམ་འགུལ་འགྲོ་འོང་གི་གཞུང་ལམ་དང་ཟམ་པ་སོགས་ལ་གནོད་སྐྱོན་ཐེབས་ཡོད་པར་བརྟེན། གནོད་ཐེབས་ས་ཁུལ་དུ་གློག་དང་འཐུང་ཆུ། ཟ་མ་སོགས་འདང་ངེས་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། སྔར་ལས་ཆེ་བའི་གནོད་སྐྱོན་འབྱུང་བར་དོགས་ཏེ་ཡུལ་མི་རྣམས་ས་ཆ་གཞན་དུ་གནས་སྤོར་གྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༠༣

Leave a Reply