ཆོས་དཔོན་ཕོབ་ལ་མཇལ་རྗེས་ཊོམ་ཕུའི་ཞི་བདེའི་ཆོད་སེམས་ཇེ་བརྟན་དུ་གྱུར།

ཡེ་ཤུ་ཆོས་དཔོན་ཕོབ་མཆོག་གིས་སྲིད་འཛིན་ཊོམ་ཕུ་མཆོག་ལ་འཛམ་གླིང་ཞི་བདེའི་ཉིན་མོའི་གསུང་འཕྲིན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྗགས་རྩོམ་གསོལ་རས་སུ་གནང་བ་མ་ཟད། ཞི་བདེ་ཡར་སྐུལ་གནང་མཁན་ཞིག་ཏུ་འགྱུར་བའི་ཐུགས་སྨོན་དང་བཅས་ཨོ་ལིབ་སྡོང་ཕྲུག་གསུམ་གནང་།

ཁ་སང་ཕྱི་ཚེས་ ༢༤ ཉིན་ཡེ་ཤུ་ཆོས་དཔོན་ཕོམ་མཆོག་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་རྣམ་གཉིས་ནས་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ཝི་ཊི་ཁན་དུ་མཇལ་མོལ་ཐེངས་དང་པོ་གནང་ཡོད་པ་དང་། དབུ་འཁྲིད་རྣམ་གཉིས་ནས་ཁོར་ཡུག་སྲུང་སྐྱོབ་དང་སྐྱབས་བཅོལ་བའི་དཀའ་སྡུག དབུལ་ཕོངས་སྐྱོབ་གསོ། དེ་བཞིན་དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་ཁག་ནང་ཡོད་པའི་ཡེ་ཤུ་ཆོས་པར་སྲུང་སྐྱོབ་སོགས་ཀྱི་བརྗོད་གཞིའི་འོག་བཀའ་མོལ་གནང་ཡོད་འདུག་ལ། དེ་བཞིན་ཊོམ་ཕུ་མཆོག་ནས་ཨི་ཊ་ལིའི་སྲིད་འཛིན་སིར་གྷོ་མཱ་ཊི་རི་ལཱ་ (Sergio Mattarella) དང་སྲིད་བློན་ཕོ་ལོ་གྷན་ཊི་ལོ་ནི་(Paolo Gentiloni)ལགས་གཉིས་ལའང་མཇལ་མོལ་གནང་། ཆོས་དཔོན་ཕོབ་མཆོག་གི་ཐུགས་སྐུལ་བཞིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་འགན་དབང་བེད་སྤྱད་དེ་འཛམ་གླིང་ཡོངས་ལ་ཞི་བདེ་བསྐྲུན་ཐབས་བྱ་རྒྱུ་ཁས་ལེན་གནང་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་མཇལ་སྐབས་ནམ་རྒྱུན་ཆོས་དཔོན་མཆོག་ནས་དབུ་འཁྲིད་གཞན་དང་མཇལ་མོལ་སྐབས་དང་མི་འདྲ་བར་ཐུགས་དེ་ཙམ་མཉེས་པོ་མེད་པའི་རྣམ་འགྱུར་བྱུང་ཡོད་ཀྱང་། ཁོང་རྣམ་གཉིས་ནས་ཟུར་དུ་བཀའ་མོལ་གནང་སྐབས། ཆོས་དཔོན་ཕོབ་མཆོག་ནས་ཞལ་འཛུམ་ཤིག་ཤིག་གིས་བཀའ་མོལ་གནང་བ་དང་ཊོམ་ཕུ་མཆོག་ལ་སྐུ་རྩེད་ཡང་གནང་ཡོད་འདུག མཇལ་མོལ་གྲུབ་མཚམས་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཆོས་དཔོན་མཆོག་ལ་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་དམ་པ་མར་ཊིན་ལུ་ཊིར་ཁིན་(Martin Luther King)མཆོག་གི་ཕྱག་དཔེ་དུམ་པ་གཅིག་ཕུལ་ཡོད་པ་དང་། ཕོབ་མཆོག་ནས་ཁོང་གིས་འཛམ་གླིང་ཞི་བདེའི་ཉིན་མོར་གནང་བའི་གསུང་འཕྲིན་ཞིག་དང་། ཁོར་ཡུག་སྲུང་སྐྱོབ་དགོས་པའི་སྐོར་གྱི་ལྗགས་རྩོམ་མཚན་རྟགས་བསྐྱོན་པ་ཞིག་གསོལ་རས་སུ་གནང་ཡོད་པ་མ་ཟད། ཨོ་ལིབ་སྡོང་པོ་(Olive Tree)ཆུང་ཆུང་གསུམ་གནང་སྟེ། ཁྱེད་རང་ཨོ་ལིབ་སྡོང་པོ་ལྟར་གྱུར་ཏེ་ཞི་བདེ་བསྐྲུན་པའི་རེ་བ་ཡོད། ཅེས་གསུངས་ཡོད་པ་དང་། ཊོམ་ཕུ་ཡིས་ང་ཚོས་ཞི་བདེ་ཅུང་ལོངས་སུ་སྤྱོད་ཐུབ་པ་ (We can use some peace) རེད། ཅེས་བཀའ་ལན་གནང་འདུག

ཊོམ་ཕུ་མཆོག་གི་ཡུ་རོབ་གླིང་གི་ཐོག་མའི་གཟིགས་སྐོར་འདིའི་ནང་བཟའ་ཟླ་མི་ལཱ་ནི་ཡ་(Melania)དང་བུ་མོ་ཨ་ཝིན་ཁཱ་(Ivanka)ཁྱོ་ཤུག་གཉིས། རྒྱལ་སྲིད་དྲུང་ཆེ་རག་སི་ཊི་ལིར་སོན་(Rex Tillerson)། རྒྱལ་སྲུང་སློབ་སྟོན་པ་མག་མཱ་སི་ཊིར་(HR McMaster)སོགས་མཉམ་ཕེབས་གནང་ཡོད་པ་དང་། ལྕམ་མི་ལཱ་ནི་ཡ་ཊོམ་ཕུ་ལགས་ནི་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་སྟབས། ཆོས་དཔོན་མཆོག་དང་ཕྱག་འཇུ་གནང་སྐབས་མོ་རང་གི་ཕྲེང་བར་བྱིན་གྱིས་བརླབ་པའི་གསོལ་འདེབས་ཞུས་ཡོད་པ་རེད། སྐབས་དེར་ཕོབ་མཆོག་གིས་ཁྱེད་ཀྱིས་ཁྱོ་ག་ལ་ཞལ་ལག་ག་རེ་ཕུལ་བ་ཡིན། ཕོ་ཊི་ཁ་(potica)ཕུལ་ཡིན་པས་ཞེས་བཀའ་འདྲི་གནང་། ཕོ་ཊི་ཁ་ཟེར་བ་དེ་ལྕམ་མི་ལཱ་ནི་ཡའི་ཕ་ཡུལ་སི་ལོ་ཝེ་ནི་ཡའི་སྒོང་སོབ་མངར་ཟས་ཤིག་ཡིན་ལ། ཆོས་དཔོན་ཕོབ་མཆོག་མངར་ཟས་དེ་ལ་ཐུགས་མཉེས་པོ་ཡོད་པར་བརྗོད།

ཁ་སང་ཨི་ཊ་ལི་ནང་གི་གཟིགས་སྐོར་གྲུབ་རྗེས། བྷར་ཛིལ་ནང་ཕེབས་ཏེ་སྦེལ་ཇམ་གྱི་རྒྱལ་པོ་དང་རྒྱལ་མོར་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་བྱང་ཆིངས་སྒྲིག་འཛུགས་ (NATO)དང་ཡུ་རོབ་མཉམ་འབྲེལ་གྱི་མཐོ་རིམ་དཔོན་རིགས་བཅས་ལ་མཇལ་མོལ་གནང་རྒྱུ་ཡིན་སྟབས། བྷར་ཛིལ་ནང་མི་མང་འདུ་འཛོམས་ཀྱིས་ཊོམ་ཕུ་ལ་ངོ་རྒོལ་སྐད་འབོད་རྒྱག་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༢༥

Leave a Reply