“ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད” ཁྱབ་གྱུར་ཅིག

དེ་སྔ་༧གོང་ས་མཆོག་གིས་ཡང་ཡང་གསུངས་ཤིང་ཕྱག་དེབ་ཀྱང་བརྩམས་གནང་མཛད་ཡོད་པའི་ “ཆོས་དང་མ་འབྲེལ་བའི་བཟང་སྤྱོད beyond religion ethics ” ཞེས་པ་དེ་  ༼   ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད  ༽  ཞེས་མིང་འདོག་གཏན་འབེབས་གནང་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་ཁྲིད་དབུ་འཛུགས་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་བལ་གཉིས་ནང་གི་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་གྲྭའི་འགན་འཛིན་ ༢༧༥ ཙམ་དྷ་རམ་ས་ལར་འཛོམས་ཏེ། ༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་སྐོར་ལ་ཉིན་གཅིག་རིང་ཟབ་སྦྱོང་གནང་ཡོད་པ་དང་། ད་ནིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་ཚོགས་བཅར་བ་ཡོངས་གཟིམ་ཆུང་ཕོ་བྲང་དུ་མཇལ་ཁར་བཅར་ཏེ། ༧གོང་ས་མཆོག་གིས་སྐར་མ་ ༤༨ རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།

མཇལ་བཅར་གྱི་ཐོག་མར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་སྐོར་ངོ་སྤྲོད་དང་འབྲེལ་ཏེ། ཤེས་ཡོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་༧གོང་ས་མཆོག་ལ་སྙན་སེང་ཞུས་སོང་ལ། དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་ཆེའི་རང་བཞིན་དང་འབྲེལ་ཏེ། ཚོགས་བཅར་བ་རྣམས་ལ་ལས་དོན་དེར་ཧུན་སྐྱེད་གནང་དགོས་པའི་སྐུལ་མ་གནང་སོང་།

སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་མཉམ་རུབ་གནང་དགོས་པ།

བློན་མཆོག་གིས་ “ད་རེས་འདིར་ཆོས་ལུགས་དང་ལ་མ་བརྟེན་པའི་བཟང་སྤྱོད་བཀའ་སློབ་ཀྱི་ཚོགས་འདུའི་བྱུང་རིམ་སྐོར་སྙན་སེང་ཞུ་རྒྱུ་ཞིག་ལ། རྩ་བའི་སྐྱབས་མགོན་རིན་པོ་ཆེས་དེའི་སྐོར་ལ་དུས་ཡུན་རིང་པོ་ནས་བཀའ་སློབ་གནང་བ་དང་། ཕྱག་དེབ་ཀྱང་ཁ་ཤས་བཏོན་གནང་ཡོད་པ་རེད། བོད་རིགས་ཡོད་ས་ཕྱི་རྒྱལ་ཁག་གང་སར་དེའི་སྐོར་ནས་བཀའ་སློབ་གནང་ཡོད་པ་རེད། ན་ནིང་སྐྱབས་མགོན་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་སྐབས། ཨ་རིའི་ཕོ་བྲང་དཀར་པོ་དང་གྲོས་ཚོགས་འཐུས་མི། དེ་བཞིན། ཨ་རི་ཁུལ་གྱི་རྫོང་དཔོན་ལོ་འཁོར་ཚོགས་ཆེན་ནང་གདན་འདྲེན་ཞུས་ཏེ། གཙོ་བོ་བཟང་སྤྱོད་ཐོག་ལ་བཀའ་སློབ་ཞུས་པ་རེད། དངོས་གནས་དྲང་ནས་བཟང་སྤྱོད་ཀྱི་སློབ་དཔོན་ཆེན་པོ་ཞིག་ལ་འཛམ་གླིང་ཁྱོན་ཡོངས་ནས་མངའ་གསོལ་འདྲ་བོ་ཞིག་གི་མཐོང་ཚུལ་བྱུང་སོང་།” ཞེས་གསུངས།

བཀའ་བློན་མཆོག་གིས་ “ང་རང་རྒྱ་གར་བྱང་ཕྱོགས་ཤཱེ་ལོང་དང་ཌེ་མཱ་པུར་གཉིས་ལ་འགྲོ་དགོས་བྱུང་སྐབས། སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས། སྐུ་མདུན་གྱིས་བོད་པའི་དགེ་རྒན་ཚོར་བཟང་སྤྱོད་སྐོར་བཀའ་སློབ་དང་མཇལ་ཁ་ཞུ་ཐུབ་པའི་དགོངས་གཞི་གནང་གི་འདུག་ལ། ཤེས་རིག་ནས་གྲ་སྒྲིག་བྱེད་ཐུབ་མིན་དྲིས་སོང་། སྐབས་དེར་ངས་གྲ་སྒྲིག་བྱ་ཐུབ་ཀྱི་རེད་ཅེས་ཞུས་པ་ཡིན། དེ་ནང་བཞིན། ཚུར་འབྱོར་རྗེས་ཤེས་རིག་ལས་ཁུངས་ནང་གོ་བསྡུར་བྱས་ཏེ། བོད་ཁྱིམ་ཁག་གཉིས་དང་སམ་བྷོ་ཊ་ཚང་མས་དེ་འདྲའི་བཀའ་སློབ་ཕེབས་ཡོད་ན། དེ་ཡིན་དང་ཡིན་ཞེས་ཚང་མས་མཉམ་རུབ་གནང་སྟེ། ང་ཚོས་སློབ་གྲྭ་ཁག་ལ་མགྲོན་ཤོག་ཕུལ་བ་ལྟར་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམ་པ་དང་འགན་འཛིན་རྣམ་པ་ཧ་ལམ་བརྒྱ་ཆ་བརྒྱ་འདིར་ཕེབས་ཡོད།” ཞེས་གསུངས།

བཀའ་བློན་མཆོག་གིས་ “དེ་རིང་འདིར་སློབ་གྲྭའི་དགེ་རྒན་རྣམ་པ་དང་མཉམ་དུ་འགན་འཛིན་རྣམས་ཕེབས་དགོས་པའི་གནད་འགག་ཅིག་ག་རེ་མཐོང་གི་འདུག་ཟེར་ན། སྐབས་རེར་དབུས་ལས་ཁུངས་ནས་ཆར་གཞི་ག་རེ་བཏང་བ་ཡིན་ནའང་འགན་འཛིན་རྣམ་པ་ཚོས་དེའི་ཐོག་ལ་རྒྱབ་སྐྱོར་མེད་པ་ཡིན་ན། སློབ་གྲྭའི་ནང་མར་ཏག་ཏག་མ་བསླེབས་པ་འདྲ་བོ་དང་། དགེ་རྒན་གཅིག་པུར་ཞུས་པ་ཡིན་ནའང་དགེ་རྒན་ཚོར་འགན་འཛིན་གྱིས་ཞུ་དགོས་པ་འདྲ་བོ། ཡང་འགན་འཛིན་གཅིག་པུར་བྱས་པ་ཡིན་ན། དགེ་རྒན་ཚོས་འགུལ་སྐྱོད་མ་བཏང་བ་ཡིན་ན་ཏག་ཏག་ཅིག་ཡོང་གི་མེད་པ་དེ་འདྲ་ཆགས་ཀྱི་འདུག དེར་བརྟེན། ད་རེབ་འདིར་ང་ཚོས་ནམ་རྒྱུན་ཕན་ཚུན་ལ་ཞུས་བསྡད་པ་ཙམ་མ་ཡིན་པར། སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ངོ་མས་བཀའ་སློབ་ཕེབས་པ་ཡིན་ན་འདྲ་བ་མ་རེད་བསམ་པ་བྱུང་སོང་།” ཞེས་གསུངས།

ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས།

བཀའ་བློན་མཆོག་གིས་ “ཉེ་ལམ་བདུན་ཕྲག་གཅིག་གི་གོང་ལ་འཛིན་རིམ་ ༡༢ བའི་ཡིག་རྒྱུགས་ནང་ཕྲུ་གུ་ ༡༢༩༢ འཛུལ་ཞུགས་གནང་བ་དང་། ཕྲུ་གུ་ ༤༠ ཡིག་རྒྱུགས་འཕྲོད་མི་འདུག དེ་ཚོར་ཐབས་ཤེས་ག་རེ་བྱ་དགོས་ན་བསམ་བསྡད་ཡོད། སྤྱི་ཡོངས་ཀྱིས་བརྒྱ་ཆ་ ༨༦.༩༢ ཟིན་ཡོད་པ་དང་། སྔར་ལོ་དང་བསྡུར་ན་བརྒྱ་ཆ་ ༢ གྱིས་དམའ་རུ་ཆགས་འདུག ཡིན་ནའང་སྤྱིར་བཏང་ད་ལོར་ (CBSE) རང་གི་ཡིག་རྒྱུགས་སྤྱི་ཡོངས་ཀྱི་ཐོག་ནས་བརྒྱ་ཆ་ ༢ མར་ཆགས་ཡོད་པ་དང་། བརྒྱ་ཆ་སྤྲོད་སྟངས་ཐོག་ལ་ཁྲིམས་ཁང་ལ་གཏུགས་ཏེ་རྙོག་གཞི་ཏོག་ཙམ་བྱུང་བ་རེད། དེ་འདྲའི་རྐྱེན་ཡིན་མིན་སོགས་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་བསམ་བསྡད་ཡོད། བོད་ཡིག་གི་ཐོག་ནས་འཛིན་རིམ་ ༡༢ གྱི་ཕྲུ་གུ་ཚོ་ཞེ་དྲགས་ཡག་པོ་བྱུང་འདུག དཔེར་ན། བོད་ཡིག་ཐོག་ལ་བརྒྱ་ཆ་ ༡༠༠ ནས་ ༩༩ ལོན་མཁན་ཕྲུ་གུ་ ༡༦ བྱུང་འདུག བརྒྱ་ཆ་ ༩༠ ཡན་ལོན་མཁན་ཕྲུ་གུ་ ༣༩༦ བྱུང་འདུག སྤྱི་ཡོངས་ནས་བརྒྱ་ཆ་ ༧༥ ལོན་མཁན་ཕྲུ་གུ་ ༢༥༨ ཆགས་འདུག ཁ་སང་རང་ལ་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་བསླེབས་སོང་། དེ་ན་ནིང་ལས་ཡག་ཏུ་ཕྱིན་འདུག་ཞུ་རྒྱུ་ཡིན།” ཞེས་གསུངས།

དབུས་བོད་སློབ་འཛིན་ཚོགས་ཀྱི་གནས་སྟངས།

བཀའ་བློན་མཆོག་གིས། “ད་ལྟ་སློབ་གྲྭའི་ཁོངས་ནས་དཀའ་ངལ་ཆེ་ཤོས་དེ་སློབ་གྲྭ་ཁག་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ཆགས་བསྡད་ཡོད། དེའི་ཐོག་ལ་སློབ་གྲྭ་ ༡༤ རྩིས་ལེན་རྒྱུ་ལྷག་བསྡད་ཡོད། སྤྱིར་བཏང་ཤེས་རིག་ལས་ཁུངས་ནས་ཐབས་ཤེས་གང་མང་བྱས་པ་རེད་དེ། གཙོ་བོ་སྐྱབས་མགོན་རིན་པོ་ཆེ་རང་གིས་བཀའ་ཡིག་གནང་བ་དང་། དེའི་རྗེས་འབྲེལ་དུ་ཤེས་རིག་དྲུང་ཆེ་བཅར་ཏེ། ད་ལོའི་ཕྱི་ཟླ་ ༧ དང་ ༨ པའི་ནང་སློབ་ལ་གྲྭ་ཁག་ཚུར་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་གསུངས་སོང་། དེའི་རྗེས་ལ་ལྡི་ལིར་ཐེངས་ཁ་ཤས་ལ་བཅར་སྐབས་ཀྱང་ཤམ་འོག་ལས་བྱེད་ཚོར་བློས་བཏང་སྟེ་རྩིས་སྤྲོད་དགོས་པ་རེད་ཅེས་ཤུགས་ཆེན་པོ་གསུངས་སོང་།” ཞེས་གསུངས།

སློབ་གྲྭ་ཁག་གི་བོད་པའི་སྐད་ཡིག་གི་གནས་སྟངས།

བཀའ་བློན་མཆོག་གིས་ “བོད་པའི་སྐད་ཡིག་ཐོག་ལ་༧གོང་ས་མཆོག་གིས་ནམ་རྒྱུན་ནས་བཀའ་སློབ་ཡང་ཡང་གནང་གི་ཡོད་པ་དང་། བོད་པ་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུའང་བོད་པའི་སྐད་ཡིག་གལ་ཆེན་པོ་ཡིན་པ་གསུང་གི་ཡོད་པ་རེད། བོད་པའི་ཆོས་དང་རིག་གཞུང་དེ་བོད་པ་ཙམ་དུ་མ་ཟད་འཛམ་བུ་གླིང་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། བོད་པའི་ཆོས་དང་རིག་གཞུང་གི་རྟེན་གཞི་དེ་བོད་པའི་སྐད་ཡིག་ཆགས་ཡོད་པ་རེད། དེའི་ཐོག་ལ་གནས་ཚུལ་སྙན་སེང་ཞུ་རྒྱུ་ལ། བར་ལམ་ནས་བོད་པའི་སྤྱི་ཚོགས་ནང་དང་སློབ་གྲྭ་ཁག་ནང་བོད་པའི་སྐད་ཡིག་དེ་གལ་ཆེན་པོ་ཡིན་པ་དང་། དེ་སྦྱང་དགོས་ཀྱི་ཡོད་པ་དང་ཤེས་དགོས་ཀྱི་ཡོད་པའི་ཚོར་བ་ཤུགས་ཆེན་པོ་ཞིག་བསླེབས་འདུག་ཞུ་རྒྱུ་ཡིན། དེའང་ ༢༠༡༣ ལོར་ང་ཚོའི་ཤེས་ཡོན་འགན་འཛིན་རྣམ་པ་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་ལ་ཕེབས་པ་དང་། ༢༠༡༥ ལོ་མཇུག་ལ་བསྐྱར་དུ་ཕེབས་ཏེ་བོད་པའི་སྐད་ཡིག་ཐོག་ལ་རེ་བ་ཏོག་ཙམ་རྒྱག་ས་ཡོད་པ་ཞིག་ཆགས་ཡོང་གི་ཡོད་པའི་མཐོང་ཚོར་བྱུང་འདུག” ཞེས་གསུངས།

མཇུག་ཏུ་བཀའ་བློན་མཆོག་གིས་འབོད་སྐུལ་ཞུས་དོན། ང་རང་གིས་ནམ་རྒྱུན་བརྗེད་མི་རུང་དོན་ཚན་གསུམ་ཞིག་ལབ་བསྡད་ཡོད། དང་པོ་ང་ཚོ་བོད་པ་ཡིན་པ་བརྗེད་མི་རུང་། གཉིས་པ། ༧གོང་ས་མཆོག་གི་བཀའ་དྲིན་བརྗེད་མི་རུང་། གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་རང་བཞིན་བརྗེད་མི་རུང་། ཅེས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་ཆེའི་རང་བཞིན་སྐོར་གསུངས།

སྲིད་སྐྱོང་མཆོག་གིས་ “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། ༧གོང་ས་མཆོག་གང་དུ་ཕེབས་ཀྱང་བཀའ་སློབ་གནང་གི་ཡོད་སྟབས། ང་ཚོ་ཤེས་རིག་ལས་ཁུངས་བརྒྱུད་དེ་སློབ་གྲྭ་ཁག་ནང་བཟང་སྤྱོད་ཐེངས་དང་པོ་ཁྲིད་མཁན་ཡིན་པ་མ་ཟད། སྤུས་དག་ཤོས་ཁྲིད་མཁན་དེ་ཆགས་དགོས་པ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་འཛམ་གླིང་ནང་སེམས་ཁམས་རིག་པ་དང་བཟང་སྤྱོད་ཐོག་བཀའ་སློབ་གནང་གི་ཡོད་སྟབས། ང་ཚོའི་སྤྱི་ཚོགས་དང་སློབ་གྲྭ་ཁག་ནང་དུའང་སློབ་ཚན་འཁྲིད་དེ། ཕྲུ་གུ་སྤུས་ཚད་ལྡན་པ་ཡོད་ཅེས་མིག་དཔེ་བལྟ་དགོས་པ་ཞིག་བྱུང་བ་ཡིན་ན། བོད་པར་ཤོམས་གཤིས་ཡག་པོ་ཡོད་ཟེར་བ་དེ་ངོམས་ཆོག་པ་ཆགས་ཀྱི་རེད། དེར་བརྟེན། གལ་ཆེན་དོན་ཆེན་གནང་རོགས་ཞུས་པ་ཡིན།

གཞི་རྩའི་ངས་སྲིད་སྐྱོང་དང་ཤེས་རིག་གི་འགན་འཁུར་ཡོང་སྐབས་དུས་ཚོད་ཕྱི་མ་དྲགས་ན་སྔ་མ་དྲགས་པ་ཞིག་འདུག སློབ་གྲྭའི་ནང་དུའང་ཉལ་ཐ་འཐེན་མཁན་དང་ཆང་རག་ཚད་མེད་འཐུང་བའི་གནས་ཚུལ་ཡོང་གི་ཡོད་པ་རེད། དེ་དག་ལ་ཡ་རབས་བཟང་སྤྱོད་དང་སེམས་ཁམས་རིག་པའི་སློབ་གསོ་མ་འདང་པ་གསལ་བོ་ཞེ་དྲགས་རེད། ཉེ་ཆར་ང་ར་རྗི་པུར་གྱི་ཉལ་ཐ་བཀག་ཉར་ཁང་ (drug rehabilitation) ལ་ཕྱིན་སྐབས། ཆང་རག་དང་ཉལ་ཐ་འཐེན་མཁན་ནད་པ་ ༣༠ ཙམ་ཡོད་པའི་གྲས་ཀྱི་ ༢༩ བོད་པ་ཆགས་འདུག དེ་བཞིན། ལྡེ་ར་རྡུན་གཞིས་ཆགས་སུ་ཕྱིན་སྐབས་གནས་ཚུལ་ག་རེ་འདུག་ཟེར་ན། པ་ལགས་དང་ཨ་མ་ལགས་ལོ་རྒན་རྒོན་ཁ་ཤས་ཀྱིས་སེམས་ནད་ (Depression) བྱས་ཏེ་བུ་མོ་ནང་དུ་ཉལ་ནས་ལོ་ ༥ ནས་ ༡༠ ཕྱིན་སོང་ཟེར་མཁན་འདུག དེ་དག་ཏན་ཏན་ཆུང་དུས་སློབ་གྲྭའི་སྐབས་ནས་སེམས་ཁམས་རིག་པ་དང་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་མ་འདང་བའི་རྐྱེན་གྱིས་ཡོང་གི་ཡོད་པ་ཞིག་རེད་འདུག རིམ་བཞིན་མཐོ་སློབ་ཁག་ཏུ་འགྲོ་སྐབས་ང་ཚོའི་སློབ་ཕྲུག་གི་ཤེས་ཚད་དེ་རྒྱ་གར་སློབ་ཕྲུག་དང་ཆ་སྙོམས་(Average) བྱས་ན། བོད་པའི་སློབ་ཕྲུག་གི་ཤེས་ཚད་ཆ་སྙོམས་ཀྱི་འོག་ (Below Average) རེད། དེ་འདྲ་ཆགས་ན་མི་ཚེའི་མདུན་ལམ་ཐོག་ནས་ཀྱང་ག་འདྲ་ཆགས་མིན་ཤེས་ཀྱི་མི་འདུག་གསུང་མཁན་ཡོང་གི་ཡོད་པ་རེད།” ཅེས་གསུངས་སོང་།

བརྩེ་བ་དང་ཚོར་བ་ཡོད་པའི་སློབ་ཁྲིད་ཀྱི་རིན་ཐང་།

སྲིད་སྐྱོང་མཆོག་གིས་ “ང་ཚོས་ད་ལན་ཆོས་དང་མ་བརྟེན་པའི་བཟང་སྤྱོད་ཟེར་དེ་ངེས་པར་དུ་བསླབ་དགོས་པ་ཞིག་དང་། བསླབ་རྒྱུ་དེའང་སློབ་ཚན་གཅིག་པོ་མིན་པར་དགེ་རྒན་ཚོར་ཡང་ངེས་པ་རྙེད་པའི་ཐོག་ནས་བརྩེ་བ་དང་ཚོར་བ། སྤྱི་སེམས་ཡོད་པའི་ཐོག་ནས་བསླབ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ༡༩༦༥ ལོ་ནས་ད་ལྟའི་བར་རྩིས་ན། མཐུན་རྐྱེན་ཐོག་ནས་ད་ལྟ་ཞེ་དྲགས་ཡག་གི་རེད། ཡིན་ནའང་ང་ཚོའི་ཕྲུ་གུ་ཚོ་འཕྲོ་བརླག་འགྲོ་སྟངས་ལ་བལྟས་ན། རང་བཞིན་གྱིས་དགེ་རྒན་དང་ལས་བྱེད་ཚོར་ཡང་སྤྱི་སེམས་དང་བརྩེ་བ། ཚོར་བ་སོགས་ཀྱི་ཐོག་ནས་ག་འདྲ་ཡིན་ན་བསམ་བསམ་གྱི་དྲི་བ་ཞིག་སླེབས་ཡོང་གི་ཡོད་པ་རེད།

ད་ལན་སློབ་དེབ་དེ་སློབ་ཁྲིད་བྱེད་སྟངས་ཀྱི་ཐོག་ནས་ཀྱང་། སློབ་ཕྲུག་ཚོར་འཁྲིད་ཀྱི་ཡོད་ཀྱང་། དང་པོ་དགེ་རྒན་ཚོས་སློབ་དེབ་དེ་ཡག་པོ་སྦྱངས་ཏེ། ངེས་པ་རྙེད་དེ་ཚོར་བ་དང་བརྩེ་བ་ཡོད་པའི་ཐོག་ནས་སློབ་ཕྲུག་ལ་བསླབ་པ་ཡིན་ན། ཏན་ཏན་རང་ཐུགས་ཕན་གསོ་བ་ཡོང་གི་རེད། ང་རང་ཆུང་དུས་སྐབས་སུ་ཡིན་ནའང་དགེ་རྒན་ཡག་པོ་དང་སྡུག་པོ་གང་ཡིན་སློབ་ཕྲུག་གི་མི་ཚེ་ཧྲིལ་བོར་མི་བརྗིད་པ་ཞིག་ཆགས་ཡོང་གི་ཡོད་པ་རེད། དེར་བརྟེན། དགེ་རྒན་རྣམ་པ་ཚོས་ད་རེས་འདིར་ཕེབས་པའི་རྗེས་ལ། སྤྱི་ཡོངས་ནས་རྣམ་པ་ཚོས་ཧུར་ཐག་འབད་ཐག་གནང་གི་ཡོད་ཀྱང་། ད་ལན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ནས་སློབ་ཚན་འཁྲིད་སྐབས། ཐུགས་སྣང་ཆེན་པོ་དང་འགན་འཁུར་ཆེན་པོ་གནང་སྟེ། འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པ་དང་། མིག་དཔེར་ལྟ་ཆོག་པའི་སློབ་ཕྲུག་དང་མ་འོངས་གསོན་རྩ་འདོན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།” ཅེས་གསུངས་སོང་།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ངོ་སྤྲོད་གནང་བ་ལྟར་ན། དེ་རིང་ཞོགས་པར་༧གོང་ས་མཆོག་ལ་མཇལ་ཁར་བཅར་མཁན་ཁྲོད། དྷ་ས་བོད་ཁྱིམ་ཁོངས་ཀྱི་སློབ་གྲྭ་ ༢༡ ནས་ཚོགས་བཅར་བ་ ༡༢༧ དང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་ ༣ ནས་ཚོགས་བཅར་བ་ ༣༡། སམ་བྷོ་ཊའི་སློབ་གྲྭ་ ༢༥ ནས་ཚོགས་བཅར་བ་ ༧༤། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ ༡༤ ནས་ཚོགས་བཅར་བ་ ༢༨། བལ་ཡུལ་གངས་ཅན་བདེ་རྩའི་སློབ་གྲྭ་ ༨ ནས་ཚོགས་བཅར་བ་ ༡༢། བྷོན་དར་དང་ས་ར་མཐོ་སློབ། བྷིང་ལོར་མཐོ་སློབ་བཅས་ཀྱི་ཚོགས་བཅར་བ་ ༣། ཤེས་རིག་ལས་བྱེད་ ༢༤། ལས་འཆར་རོགས་ཚོགས་ཀྱི་མི་ ༤ བཅས་ཁྱོན་བསྡོམས་མི་ ༣༠༣ ཡོད་འདུག

དེའི་ཁྲོད་ལྟ་གྲུབ་དགེ་རྒན་(དེ་སྔ་ཆོས་དགེ་ཟེར།) ༤༣ དང་། འགན་འཛིན་དང་སློབ་སྤྱི་བསྡོམས་པའི་ ༡༠༧ ། དེ་བཞིན། རྒྱུས་སྟོན་པ་དང་ཤེས་ཡོན་འགན་འཛིན་ ༡༣། ཁྱོན་དགེ་རྒན་ ༣༡༣ བཅས་ཡོད་པ་དང་། ས་ཁུལ་ལ་ཆ་བཞག་ན་ཨ་རུ་ན་ཅལ་གྱི་མེ་འོ་དང་བསྟན་འཛིན་སྒང་། ལྷོ་ཕྱོགས་སྤེལ་ཀོབ་དང་མོན་གྷོ་ཊི་སོགས་ཆ་ཚང་། བལ་ཡུལ། ལ་དྭགས་བྱང་ཐང་དང་རྒྱལ་ས་སླེ་སོགས་ནས་ཕེབས་ཡོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༦/༠༩

Leave a Reply