ཉི་ཧོང་གི་སྲིད་བློན་ཨ་བྷེ་ཨ་རིའི་སྲིད་འཛིན་ཊི་རུམ་ལ་ཐུག་ཏུ་སོང་།

སྲིད་འཛིན་ཊི་རུམ་ཕི་ཡིས་ཉེ་ལམ་ཉི་ཧོང་གིས་ཨ་རིའི་རྒྱལ་ཁབ་ཀྱི་ཚོང་འབྲེལ་ལ་སྣང་མེད་བྱེད་པར་སྐྱོན་བརྗོད་བྱས་ཡོད་སྟབས། ཨ་རི་དང་ཉི་ཧོང་གི་ཚོང་འབྲེལ་སྐོར་ལ་གྲོས་མོལ་ཆེད་ཉི་ཧོང་གི་སྲིད་བློན་ཨ་རིར་ཕྱིན་ཡོད་འདུག

དེ་རིང་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨཱ་བྷེ་(Shinzo Abe)ཨ་རིར་སྲིད་འཛིན་ཌོལ་ནལ་ཊི་རུམ་ཕིའི་མཉམ་དུ་ཧ་ཅང་གལ་ཆེ་བའི་དཔལ་འབྱོར་དང་བདེ་སྲུང་གི་སྐོར་གྲོས་བསྡུར་བྱེད་པར་བསྐྱོད་ཡོད་འདུག

ཉེ་ལམ་སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ཚོང་དོན་ཐོག་ཉི་ཧོང་གིས་དེ་ཙམ་ཡ་ལན་སྤྲོད་ཀྱི་མེད་པ་མ་ཟད། ཟླ་བ་སྔོན་མའི་ནང་ཉི་ཧོང་གི་ཊོ་ཡོ་ཊཱ་(Toyota)རླངས་འཁོར་བཟོ་ཚོགས་ཀྱིས་མེཀ་སི་ཁཱོ་(Mexico)རྒྱལ་ཁབ་ཏུ་བཟོ་གྲྭ་གསར་འཛུགས་བྱེད་འཆར་ཡོད་པ་དེར་སྐྱོན་བརྗོད་བྱས་ཡོད་སྟབས། ཐེངས་འདིའི་གྲོས་བསྡུར་བརྒྱུད་དེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཡར་རྒྱས་དང་ལས་གཞི་རྣམ་གྲངས་ཇེ་མང་དུ་གཏོང་ཕྱོགས་དང་། ཉི་ཧོང་གིས་ཨ་རི་ལ་ཚོང་གི་མ་རྩ་འཛུགས་སྟངས། དེ་བཞིན། ཨ་རིས་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་རོགས་སྐྱོར་བྱེད་བཞིན་པ་བཅས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག

ཟླ་བ་སྔོན་མར་སྲིད་འཛིན་ཊི་རུམ་ཕིས་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་(Tweeter)སྟེང་ལ་ཉི་ཧོང་གིས་མེཀ་སི་ཁཱོ་རྒྱལ་ཁབ་ལ་ཊོ་ཡོ་ཊཱ་རླངས་འཁོར་བཟོ་གྲྭ་ཞིག་གསར་འཛུགས་བྱེད་འཆར་ཡོད་པ་དེར། “ བཟོ་གྲྭ་དེ་ཨ་རིར་འཛུགས་པའམ། ཡང་ན། ས་མཚམས་ཀྱི་ཁྲལ་ཆེན་པོ་སྤྲོད་དགོས། དེ་ལ་ཐབས་ལམ་གཞན་མེད། ” ཅེས་བྲིས་ཡོད་པ་དང་། དེར་ཊོ་ཡོ་ཊཱའི་བཟོ་གྲྭས། གང་ལྟར་ཁོང་ཚོའི་བཟོ་གྲྭའི་ཐོན་རྫས་དང་ལས་བྱེད་ལ་དཀའ་ངལ་འོང་མི་སྲིད་ཅེས་ལན་འདེབས་བྱས་ཡོད།

སྲིད་འཛིན་ཊི་རུམ་ཕིས་ཕྱི་ལོ་ ༡༩༨༠ ལོར་ཨ་རི་དང་ཉི་ཧོང་བར་ཚོང་འབྲེལ་གྲོས་ཆོད་བཞག་ཡོད་པ་དེར་དྲན་གསོ་དང་། དེ་ལ་བརྩི་བཀུར་མི་བྱེད་པར་ཨ་རི་ནས་ཐོན་པའི་རླངས་འཁོར་རྣམས་ཉི་ཧོང་གིས་ཉོ་ཚོང་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

ཤིན་ཛོ་ཨཱ་བྷེ་ཡིས་ཐེངས་འདིའི་ཐུག་འཕྲད་དང་བསྟུན་ཏེ། ཉེ་ཆར་ཊི་རུམ་ཕི་ཡིས་ཨ་རི་ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་ཐུན་ཚོགས་( Trans-Pacific Partnership)ལས་ཕྱིར་འཐེན་བྱས་པ་དེའི་སྐོར་ལའང་གྲོས་མོལ་ཡོང་རྒྱུར་རེ་བ་བྱེད་ཀྱིན་ཡོད་འདུག

ད་རེབ་ཀྱི་གྲོས་བསྡུར་ཆེད་སྲིད་བློན་ཨཱ་བྷེ་དང་ཁོའི་བཟའ་ཟླ་གཉིས་ལ་སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ཕཱོ་རི་ཌཱ་(Florida)ས་གནས་སུ་སྣེ་ལེན་ཞུ་རྒྱུ་ཡིན་འདུག་པ་མ་ཟད། ས་གནས་དེར་སྲིད་འཛིན་གཉིས་ནས་རྩེད་མོ་གྷོཕ་(Golf)ཞེས་པ་ཡང་རྩེ་རྒྱུ་རེད་འདུག

ཐེངས་འདི་ནི་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཉི་ཧོང་གི་སྲིད་བློན་ཨ་བྷེ་གཉིས་ཀྱི་ཐུག་འཕྲད་གཉིས་པ་དེ་ཆགས་ཡོད་འདུག དེ་སྔོན་འོས་བསྡུའི་ཁྲོད་སྐུ་ཞབས་ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པའི་ཉིན་ཤས་རྗེས་ཁོ་གཉིས་ཨ་རིའི་ནེའུ་ཡོག་ཏུ་ཐེངས་དང་པོར་ཐུག་འཕྲད་བྱུང་ཡོད་འདུག

སྐུ་ཞབས་ཊི་རུམ་ཕིས་སྲིད་འཛིན་ལས་འཁུར་དམ་འབུལ་ཞུས་རྗེས་འཛམ་གླིང་གི་མགོ་ཁྲིད་ལ་ཐུག་འཕྲད་ཐོག་མ་བྱེད་ཡུལ་ནི། དབྱིན་ཡུལ་གྱི་སྲིད་བློན་ཐཱི་རི་སཱ་མཱེ་(Theresa May)ལགས་ཆགས་ཡོད་པ་དང་། ཐེངས་འདིའི་སྲིད་བློན་ཨ་བྷེ་ནི་ཐུག་འཕྲད་བྱེད་ཡུལ་མགོ་ཁྲིད་གཉིས་པ་དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply