ཉི་ཧོང་བའི་སློབ་གསོའི་ལམ་ལུགས་ཀྱི་ཁྱད་ཆོས་བཅུ་འདིས་འཛམ་གླིང་ཡོངས་རྒྱལ་ཁབ་འདི་ལ་འགྲམ་ཆུ་ལྡིང་དགོས་པ་ཆགས།

ཉི་ཧོང་བ་ནི་སྤྱང་གྲུང་ལྡན་པ་དང་འཕྲོད་བསྟེན་ཡོད་པ་དང་གཙང་སྦྲ་བྱེད་པ། ཀུན་སྤྱོད་གཙང་ཞིང་ཧ་ཅང་གུས་ལུགས་ལྡན་པ་ཞིག་ཡིན། ཡིན་ན་ཡང་རྒྱུ་མཚན་ཅིའི་ཕྱིར་ཉི་ཧོང་རྒྱལ་ཁབ་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་སོང་བ་ཡིན་ནམ་ཞེ་ན། དེ་ནི་ཁོ་ཚོར་ཁྱད་དུ་འཕགས་པའི་སློབ་གསོའི་ལམ་ལུགས་ཤིག་ཡོད་པ་དེའོ།

ཤེས་བྱ་ཡི་སྔོན་ལ་ཀུན་སྤྱོད་ཁྲིད་སྟོན་བྱེད་པ།

ཉི་ཧོང་བའི་བྱིས་པ་ཚོས་སློབ་གྲྭ་ལོ་རིམ་བཞི་པ་མ་བརྒལ་བར་དུ་སློབ་གྲྭར་ཡིག་རྒྱུགས་གཏོང་མི་དགོས། ཁོ་ཚོས་སློབ་ཕྲུག་ཚོར་ཚོད་ལྟའི་རྒྱུགས་གཞི་ཆུང་ཆུང་ཞིག་ལས་ཅི་ཡང་མེད། ཁོ་ཚོས་བྱིས་པ་སློབ་འཇུག་གི་ལོ་གསུམ་ནི་བྱིས་པའི་ཤེས་ཚད་དང་སྦྱང་གཞི་ལ་ཞིབ་འཇུག་མི་བྱེད་པར་བྱིས་པའི་ཀུན་སྤྱོད་དང་གཤིས་སྤྱོད་ཡར་རྒྱས་གཏོང་རྒྱུར་དམིགས་ཡུལ་བཟུང་ཡོད། ཁོ་ཚོས་བྱིས་པ་ཚོར་མི་གཞན་ལ་གུས་ཞབས་བྱེད་ཚུལ་དང་། རང་བྱུང་ཁམས་དང་སེམས་ཅན་ལ་བརྩེ་སེམས་བཅངས་ཐབས་ཁྲིད་པ་མ་ཟད། ད་དུང་ཁོ་ཚོས་བྱིས་པ་ལ་བློ་རྒྱ་ཡངས་པོ་དང་བྱམས་སེམས་ལྡན་པ། བྱ་བ་གང་ལ་ཡང་དོ་ནན་བྱ་དགོས་པ་སོགས་ཁྲིད་སྟོན་བྱེད་པས། ཉི་ཧོང་བའི་བྱིས་པ་ཚོར་རང་སྲུང་གི་འདུ་ཤེས་དང་དྲང་པོ་བྱེད་པའི་བསམ་སྤྱོད་ཀྱི་སྤུས་ཚད་ཤིན་ཏུ་ནས་ལྡན་ཡོད་པ་རེད།

 ཉི་ཧོང་བའི་སློབ་མགོ་ཚུགས་དུས་ནི་ཟླ་ ༤ པའི་ཚེས་ ༡ ལ་འཇོག་པ་རེད།

འཛམ་གླིང་གི་སློབ་གྲྭ་ཁག་དང་གཙུག་ལག་སློབ་ཁང་ཁག་གིས་སློབ་དུས་མགོ་ཚུགས་སྐབས་ནི་ཟླ་དགུ་པ་ནས་བཅུ་པའི་བར་ཡིན་མོད། ཉི་ཧོང་བས་ཟླ་བཞི་བར་འཇོག་པ་དང་དེ་ནི་ཁོ་ཚོས་ཤེས་ཡོན་དང་ཚོང་ལས་ཀྱི་ནམ་ཟླ་ཞིག་ལ་ངོས་འཛིན་བྱེད། ཁོ་ཚོས་སློབ་མགོ་ཚུགས་པའི་ཐོག་མའི་ཉིན་དེ་ནམ་རྒྱུན་ཆེས་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་ཞིག་དང་མེ་ཏོག་སྣ་བརྒྱ་བཞད་པའི་དུས་ཚོད་ཅིག་ལ་མགོ་ཚུགས་ཀྱིན་ཡོད། ཁོ་ཚོའི་ལོ་གཅིག་གི་སློབ་འཇུག་དུས་ཡུན་ཆ་གསུམ་དུ་བགོས་ཡོད། སློབ་སྐབས་དང་པོ་དེ་ཕྱི་ཟླ་ ༤ པའི་ཚེས་ ༡ ནས་ཟླ་ ༧ པའི་ཚེས་ ༢༠ ཉིན་བར་དང་། སློབ་སྐབས་གཉིས་པ་དེ་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་ཟླ་ ༡༢ ཚེས་ ༢༦ ཉིན་བར་དང་། སློབ་སྐབས་གསུམ་པ་དེ་ཕྱི་ཟླ་ ༡ ཚེས་ ༧ ཉིན་ནས་ཟླ་ ༣ ཚེས་ ༢༥ བར་དུ་ཡིན། ཉི་ཧོང་བའི་སློབ་མ་ཚོར་དབྱར་ཁའི་གུང་གསེང་ལ་བདུན་ཕྲག་དྲུག་ཡོད་པ་དང་། ཁོ་ཚོར་ད་དུང་དཔྱིད་ཀ་དང་དགུན་ཁ་གཉིས་ལ་གུང་གསེང་བདུན་གཉིས་རེ་ཡོད།

ཉི་ཧོང་བའི་སློབ་གྲྭ་ཁག་དུ་སློབ་ཕྲུག་ཚོས་རང་ཉིད་ཀྱི་སློབ་གྲྭ་གཙང་བཟོ་བྱེད་པ་ལས། ལས་མི་དང་གླ་བ་བཀོལ་སྲོལ་མེད།

ཉི་ཧོང་བས་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོས་རང་ཉིད་ཀྱི་སློབ་ཁང་དང་སློབ་གྲྭ་གཙང་བཟོ་བྱེད་པ་དང་། མཐའ་ན་གསང་སྤྱོད་སོགས་ཀྱང་སློབ་མ་ཚོས་གཙང་བཟོ་བྱེད་ཀྱིན་ཡོད། ཁོ་ཚོས་གཙང་བཟོ་བྱེད་ཚུལ་དེ་ཚོགས་ཆུང་བགོས་ནས་ལོ་རེར་རེ་མོས་ལྟར་འཁོར་བཞིན་ཡོད་པ་དང་། ཉི་ཧོང་བའི་སློབ་གསོའི་ནང་དུ་བྱིས་པར་རང་གི་ཉེ་འཁོར་གཙང་མ་བཟོ་བཅུག་པ་དང་། མི་གཞན་དང་མཉམ་འབྲེལ་གྱིས་ལས་ཀ་བྱེད་བཅུག་པ་ནི་ཕན་ཚུན་རོགས་རམ་བྱེད་ཚུལ་དང་། དེ་བཞིན། སློབ་ཕྲུག་ལ་རང་ཉིད་ཀྱི་ཆུ་ཚོད་གཏོང་བཅུག་ནས་གད་དར་དང་གཙང་བཟོ་བྱེད་བཅུག་པ་སོགས་ཀྱིས་བྱིས་པ་ལ་རང་ཉིད་ཀྱི་ལས་ཀར་གུས་བརྩི་དང་མི་གཞན་ལ་དེ་བཞིན་ཡོང་བར་ཁྲིད་སྟོན་བྱ་བཞིན་ཡོད་པ་རེད།

 ཉི་ཧོང་བའི་སློབ་མར་གུང་ཟས་སློབ་གྲྭའི་ནང་དུ་མཁོ་སྤྲོད་བྱེད་བཞིན་ཡོད།

ཉི་ཧོང་བའི་ཤེས་ཡོན་ལམ་ལུགས་ནང་སློབ་མར་འཕྲོད་བསྟེན་དང་ཟས་ཚོད་རན་པར་བྱེད་རྒྱུ་གལ་གནད་དུ་འཛིན་པ་དང་། སྔོན་འགྲོའི་སློབ་གྲྭ་དང་མཐོ་འབྲིང་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་ཟ་མ་སོགས་ཚད་ལྡན་གྱི་ཟས་ཐོ་ལྟར་སློབ་གྲྭའི་ནང་དུ་བཟོ་བཞིན་པ་དང་། དེ་ནི་ཡར་རྒྱས་ཙམ་ཞིག་གི་རྣམ་པ་མ་ཡིན་པར་སློབ་མའི་འཕྲོད་བསྟེན་ལ་བདག་སྐྱོང་བྱས་པ་ཞིག་ཡིན། སློབ་ཕྲུག་ཚོས་འཛིན་ཁང་དུ་རང་གི་དགེ་རྒན་མཉམ་དུ་ཟ་མ་ཟ་དགོས་པ་དང་། དེ་ཡིས་དགེ་སློབ་བར་གྱི་འབྲེལ་བ་གཏིང་ཟབ་ཅིག་འཛུགས་ཐུབ་ཀྱིན་ཡོད།

ཉི་ཧོང་གི་སློབ་གྲྭ་གྲོལ་རྗེས་ཟབ་སྦྱོང་སྤྲོད་རྒྱུ་ཡོངས་ཁྱབ་རང་བཞིན་ཞིག་རེད།

ཉི་ཧོང་དུ་སློབ་ཕྲུག་ཚོ་མཐོ་འབྲིང་དུ་ཞུགས་ཆེད་སློབ་ཕྲུག་མང་ཆེ་བས་སློབ་གྲྭ་གྲོལ་རྗེས་སློབ་གྲྭ་དང་མི་སྒེར་གྱི་ཟབ་སྦྱོང་ལ་སྟ་གོན་བྱེད་པ་དང་། སློབ་གྲྭ་དེ་དག་གིས་ཕྱི་དྲོ་སོགས་སུ་འཛིན་གྲྭའི་ནང་དུ་ཟབ་སྦྱོང་འཚོགས་ཀྱིན་ཡོད་ལ། སློབ་ཕྲུག་ཚོས་ཕྱི་དྲོ་ཚོགས་ཆུང་བཙུགས་ཏེ་རང་ཉིད་ཀྱི་སྦྱང་ཚན་ཁག་གི་ཐོག་གྲོས་བསྡུར་བྱེད་པ་ནི་ཉི་ཧོང་ནང་གི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ཉི་ཧོང་བའི་སློབ་ཕྲུག་ཚོར་ཉིན་རེར་སློབ་གྲྭའི་ནང་དུ་ཆུ་ཚོད་བརྒྱད་ཡོད་ན་ཡང་།   ཁོ་ཚོས་མཐའ་ན་གུང་གསེང་དང་གཟའ་མཇུག་སོགས་སུ་སློབ་སྦྱོང་བྱེད་པ་རེད། ཉི་ཧོང་རྒྱལ་ཁབ་ཏུ་སློབ་ཕྲུག་གཅིག་གིས་གཞི་རིམ་དང་དམའ་རིམ་སོགས་ཀྱི་སྐབས་སུ་འཛིན་གྲྭ་བསྐྱར་འདོན་བྱེད་དགོས་པ་ཕལ་ཆེར་གཏན་ནས་ཟེར་ཆོག

 ཉི་ཧོང་བས་སློབ་ཕྲུག་ཚོར་སྲོལ་རྒྱུན་སློབ་ཚན་ལོགས་སུ་འཁྲིད་ཀྱིན་ཡོད།

ཉི་ཧོང་བས་སློབ་ཕྲུག་ཚོར་རང་གི་སྲོལ་རྒྱུན་ཡིག་གཟུགས་དང་སྙན་ངག་སོགས་ཆེད་དམིགས་ལོགས་སུ་ཁྲིད་པ་དང་། ཉི་ཧོང་བས་ཡིག་གཟུགས་དེར་ཤཱའོ་ཌོ་(Shodo)ཞེས་ཀྱང་འབོད། ཁོ་ཚོའི་སྲོལ་རྒྱུན་ཡིག་གཟུགས་འབྲི་བར་སྤུ་སྨྱུག་སྤྱད་ནས་བརྡ་རིས་བྲིས་གཟུགས་(hieroglyph)ཀྱི་ཚུལ་དུ་འབྲི་བ་དང་། ཉི་ཧོང་བར་མཚོན་ན་དེ་ནི་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་བྱས་ཏེ། ཁོ་ཚོའི་སྲོལ་རྒྱུན་རི་མོ་དང་ཁྱབ་ཚད་གཅིག་ཏུ་བལྟ། ཕྱོགས་གཞན་ཞིག་ནས་དེ་ཡིས་སྙན་ངག་ཅིག་གྲུབ་ཡོད་ཅིང་། དེས་ཀློག་པ་པོ་ཚོར་སེམས་ཚོར་གཏིང་ཟབ་མོ་ཞིག་བསྟེར་ཐུབ། འདི་ནི་ཉི་ཧོང་བས་བྱིས་པར་རང་གི་སྲོལ་རྒྱུན་རིག་གནས་ལ་གུས་བཀུར་དང་ཁྲིད་སྟོན་བྱ་ཚུལ་ཞིག་ཡིན།

 སློབ་ཕྲུག་ཚང་མས་སློབ་གྲྭའི་སྒྲིག་ཆས་གྱོན་དགོས།

ཉི་ཧོང་དུ་མཐོ་འབྲིང་སློབ་མ་ཚང་མས་ངེས་པར་དུ་སློབ་གྲྭའི་སྒྲིག་ཆས་གྱོན་དགོས་པ་དང་། སློབ་གྲྭ་ཁ་ཤས་ལ་རང་ཉིད་ཀྱི་ཆས་གོས་ཡོད་ན་ཡང་། ཉི་ཧོང་བའི་སྲོལ་རྒྱུན་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཕོ་མོ་གཉིས་ཀྱི་སྒྲིག་ཆས་དེ་དམག་གི་ཚུལ་ལུགས་ལྟར་ཡོད། སྒྲིག་ཆས་གྱོན་པ་དེས་སློབ་ཕྲུག་ཚོར་ལས་ཀ་བྱེད་པར་སྤྲོ་སྣང་དང་དེ་ལས་སློབ་ཕྲུག་ཚོར་སྤྱི་ཚོགས་ཀྱི་གྲལ་རིམ་མེད་པ་བཟོས་ཡོད།  དེ་ལས་ཀྱང་སྒྲིག་ཆས་གྱོན་པ་དེས་སློབ་ཕྲུག་ཚོར་རང་ཉིད་ཀྱི་སྤྱི་ཚོགས་ཤིག་ཡིན་སྙམ་པའི་འདུ་ཤེས་སྐྱེད་སྲིང་ངོས་འཛིན་ཡོང་བའི་ཆེད་དུ་ཡིན།

ཉི་ཧོང་བའི་སློབ་མ་འཛིན་གྲྭར་འབྱོར་ཐོའི་ཚད་རིམ་སྐར་གྲངས་བརྒྱ་ཆ་ ༩༩.༩༩ ཡིན།

ཉི་ཧོང་བའི་བྱིས་པས་སློབ་བྱོལ་བྱེད་པ་སོགས་གཏན་ནས་མེད་པ་དང་། མཐའ་ན་འཛིན་གྲྭར་རྗེས་ལུས་ཀྱང་ཐེབས་མི་སྲིད་པ་མ་ཟད། སློབ་ཕྲུག་བརྒྱ་ཆ་ ༩༡ ལྷག་གིས་དེ་ལྟར་མི་བྱེད་པའི་སྙན་སེང་ཞུ་བ་རེད། འཛིན་གྲྭ་དང་དགེ་རྒན་གྱི་སློབ་ཁྲིད་རེ་གཉིས་ལས་སྣང་ཆུང་དུ་མི་གཏོང་།

 ཡིག་རྒྱུགས་གཅིག་གིས་སློབ་མའི་མ་འོངས་པ་ཐག་གཅོད་པ།

ཉི་ཧོང་བའི་མཐོ་འབྲིང་སློབ་གྲྭའི་མཐའ་མཇུག་དེར་ཆེས་གལ་ཆེ་བའི་ཡིག་རྒྱུགས་ཤིག་ལེན་དགོས་ལ་དེ་ཡིས་ཁོ་ཚོའི་མ་འོངས་པ་ཐག་གིས་གཅོད་པ་རེད། སློབ་ཕྲུག་གཅིག་གིས་རང་ཉིད་ཀྱིས་འདོད་པའི་སློབ་ཆེན་གཅིག་ལས་གདམ་ག་མེད་ལ། སློབ་ཆེན་དེར་འཛུལ་བར་བརྒྱ་ཆ་ངེས་ཅན་ཞིག་ལོན་དགོས། གལ་སྲིད་སློབ་ཕྲུག་ཁོས་བརྒྱ་ཆ་ངེས་ཅན་དེ་ལེན་མ་ཐུབ་ཚེ་སློབ་ཆེན་ལ་ཞུགས་ཐབས་མེད། ཡིན་ནའང་འགྲན་བསྡུར་གྱི་ཚད་གཞི་དེ་ཧ་ཅང་མཐོ་བོ་ཡིན་ཡང་སློབ་ཕྲུག་བརྒྱ་ཆ་ ༧༦ ཡིག་ཚད་འཕྲོད་དེ་སློབ་ཆེན་དུ་ཞུགས་ནས་སློབ་སྦྱོང་མུ་མཐུད་ཐུབ་ཀྱི་ཡོད་པ་རེད། ཁོ་ཚོས་དུས་སྐབས་དེ་ཡི་ཡིག་ཚད་ལ་ལ་དམྱལ་བའི་ཡིག་རྒྱུགས་ (examination hell)ཞེས་ཀྱང་འབོད།

སློབ་ཆེན་གྱི་ལོ་ངོ་དེ་དག་ནི་མི་ཚེའི་ནང་གི་གུང་གསེང་གི་དུས་སྐབས་སྐྱིད་ཤོས་དེ་ཡིན།

ཉི་ཧོང་སློབ་མས་དམྱལ་བའི་ཡིག་རྒྱུགས་གྲུབ་རྗེས་ནམ་རྒྱུན་བར་གསེང་ཅུང་ཙམ་ཡོད་མོད། ཉི་ཧོང་བའི་སློབ་ཆེན་དུས་སྐབས་ནི་མི་ཞིག་གི་མི་ཚེའི་ཁྲོད་ཀྱི་དུས་སྐབས་ཡག་ཤོས་ལ་ངོས་འཛིན་པ་རེད། ཉི་ཧོང་བས་དུས་སྐབས་དེ་ལ་ལས་ཀར་མ་ཞུགས་སྔོན་གྱི་གུང་གསེང་ཞེས་འབོད་པ་རེད།

སངས་རྒྱས་དཀོན་མཆོག

 

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

6 thoughts on “ཉི་ཧོང་བའི་སློབ་གསོའི་ལམ་ལུགས་ཀྱི་ཁྱད་ཆོས་བཅུ་འདིས་འཛམ་གླིང་ཡོངས་རྒྱལ་ཁབ་འདི་ལ་འགྲམ་ཆུ་ལྡིང་དགོས་པ་ཆགས།

  1. རྩོམ་སྒྲིག་པ་ལགས། བཀྲ་ཤིས་བདེ་ལེགས།
    གོང་གི་ཉི་ཧོང་བའི་སློབ་གསོའི་ལམ་ལུགས་ཀྱི་ཁྱད་ཆོས་བཅུ་ཟེར་བ་འདི་གཞན་ནས་བསྒྱུར་བ་ཞིག་ཡིན་ནམ།

    1. བོད་ཀྱི་དུས་བབ། Post author

      རྩེ་བཀྲ་ལགས། འདི་དབྱིན་ཡིག་ལས་བསྒྱུར་བ་རེད། སྒྱུར་གཞིའི་མ་ཡིག་གོང་དུ་འབྲེལ་མཐུད་བྱས་ཡོད།

  2. ས་མཐའི་སྤུན་

    འབྲུག་དང་ཤྲི་ལང་ཀ་སོགས་ནང་པའི་རྒྱལ་ཁབ་མང་པོ་ཡོད་ཀྱང་ཉི་ཧོང་ལ་མ་གཏོགས་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་ཀྱི་མེད། དེ་སྔ་ཐའི་ལེཎྜ་དང་ཐེ་ཝན་དང་སོག་ཡུལ་དུ་ཆིབས་བསྒྱུར་གནང་མྱོང་བ་རེད། ནང་པའི་རྒྱལ་ཁབ་གཞན་རྣམས་བློ་སྟོབས་ཀྱིས་ལྡང་གི་མེད་པ་གསལ་པོ་རེ་འདུག

  3. ཉི་ཧོང་བས་དགེ་རྒན་ལ་ཆེ་མཐོང་དང་གླ་ཕོགས་ལེགས་ཤོས་སྤྲོད་ཀྱི་རེད། བོད་པའི་སྤྱི་ཚོགས་ནང་དགེ་རྒན་ལ་བརྩི་མཐོང་བྱེད་མཁན་མེད་པ།

  4. ཡིག་རྒྱུགས་གཅིག་གིས་སློབ་མའི་མདུན་ལམ་ཐག་གཅོད་བྱེད་པ་དེ་སློབ་གསོའི་བྱ་ཐབས་ཡག་པོ་ཞིག་མ་རེད།

  5. དགུ་ཚིགས་ཕོ་ཉ

    ཉི་ཧོང་གི་སློབ་ཕྲུག་ལ་ད་དུང་ཁྱད་ཆོས་གཞན་གཉིས་ཡོད་པ་ནི། སློབ་གྲྭ་གྲོལ་བའི་ལམ་བར་དུ་དཔེ་དེབ་ཀློག་བཞིན་སྐྱོད་པ་དང་། མེ་འཁོར་དང་ས་འོག་མེ་འཁོར་སོགས་སུ་ཡར་མར་འགྲུལ་བཞུད་བྱེད་སྐབས་རང་ཉིད་རང་གིས་སྐྱོང་བའི་རང་ཚུགས་ལྡན་པ་མ་ཟད་གཞན་ལ་རོགས་རམ་བྱེད་པའི་གོམས་གཤིས་ལ་དང་བ་ལྡན་པ་བཅས་ཡ་རབས་ཀྱི་ཀུན་སྤྱོད་གཙུགས་སུ་འཛིན་པ་མིག་གིས་དངོས་སུ་མཐོང་།