མི་ཚེ་དཀྱུས་མར་སྙེག་པའི་ཉི་ཧོང་གི་སྲས་མོ།

ཉི་ཧོང་གི་སྲས་མོ་ཞིག་གིས་གོང་མའི་རྒྱལ་རྒྱུད་ཀྱི་མཚན་གནས་གཡུགས་ཏེ་མི་ཚང་དཀྱུས་མ་ཞིག་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་གྲོགས་ཤིག་ལ་གཉེན་སྒྲིག་བྱ་རྒྱུ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གོང་མའི་རྒྱལ་རྒྱུད་ཀྱི་སྲས་མོ་མཱ་ཁོ་ཡིས་མི་ཚང་དཀྱུས་མ་ཞིག་ནས་ཡིན་པའི་མོ་རང་གི་མཐོ་སློབ་ཀྱི་སློབ་གྲོགས་ཤིག་ལ་གཉེན་རྟགས་བརྒྱབ་ཡོད་པ་དང་། ལོ་རྗེས་མར་ཁོང་གཉིས་གཉེན་སྒྲིག་བྱ་རྒྱུ་ཡིན་འདུག ཉི་ཧོང་གོང་མའི་རྒྱལ་ཁྲིམས་ནང་རྒྱལ་རྒྱུད་ཀྱི་བུད་མེད་ཚོས་གཉེན་སྒྲིག་བྱས་རྗེས་རྒྱལ་རྒྱུད་མཚན་གནས་མེད་པ་བཟོ་དགོས་པའི་ཁྲིམས་སྲོལ་ལྟར་ན། སྲས་མོ་མཱ་ཁོ་ཡིས་གཉེན་སྒྲིག་བྱས་རྗེས་རྒྱལ་རྒྱུད་ཀྱི་མཚན་གནས་མེད་པ་ཆགས་རྒྱུ་ཡིན་ཡང་། སྲས་མོ་མཱ་ཁོ་རྒྱལ་པོའི་ཚ་མོ་དང་པོ་དེ་ཡིན་པས་མུ་མཐུད་རྒྱལ་རྒྱུད་ཀྱི་ཐོབ་ཐང་དང་ལས་འགན་མང་པོ་ཞིག་མོས་འཛིན་པའི་ཚོད་དཔག་བྱེད་ཀྱི་འདུག

ཉི་ཧོང་རྒྱལ་རྒྱུད་ཀྱི་སྲས་མོས་བརྩེ་དུང་ཆེད་ཕོ་བྲང་གི་རྒྱས་སྤྲོས་ལོངས་སྤྱོད་གཡུགས་ཏེ་མི་སེར་དཀྱུས་མའི་འཚོ་བ་རོལ་བ་སྲས་མོ་མཱ་ཁོ་ཐེངས་དང་པོ་མ་རེད། ཕྱི་ལོ་ ༢༠༠༥ ལོར་སྲས་མོ་མཱ་ཁོ་ཡི་ཨ་སྲུ་སཱ་ཡཱ་ཁོ་(Sayako)ཡིས་མི་སེར་དཀྱུས་མ་ཞིག་དང་ལྷན་དུ་གཉེན་སྟོན་གྱི་མཛད་སྒོ་ཕལ་བ་ཞིག་བྱས་ཏེ། ད་སྐབས་ཧ་ཅང་ཡིད་ཚིམས་པའི་ངང་མི་སེར་དཀྱུས་མའི་འཚོ་བ་རོལ་བཞིན་ཡོད་འདུག ད་ལྟ་གོང་མའི་ཕོ་བྲང་དུ་རྒྱལ་རྒྱུད་དུ་གཏོགས་པའི་མི་ ༡༩ ཡོད་ཀྱང་། སྲས་མོ་མཱ་ཁོས་གཉེན་སྒྲིག་བྱས་རྗེས་མི་གཅིག་ཉུང་དུ་འགྲོ་བ་མ་ཟད། མོའི་མི་ཚེའི་ཁ་ཕྱོགས་དང་འཚོ་བའི་ཁ་དོག་རྦད་དེ་འགྱུར་འགྲོ་རྒྱུ་ཡིན་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཉི་ཧོང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲས་མོ་མཱ་ཁོ་ནི་ཆུང་དུས་ནས་ངང་རྒྱུད་འཇམ་ཞིང་འཚོ་བ་དཀྱུས་མར་སྤྲོ་སྣང་ལྡན་པ་ཞིག་ཡིན་ལ། མོ་རང་ཉི་ཧོང་གི་རྒྱལ་སྤྱིའི་ཡེ་ཤུ་ཆོས་ལུགས་གཙུག་ལག་སློབ་ཆེན་ནས་མཐར་ཕྱིན་རྗེས་དབྱིན་ཇིར་སོང་ནས་སློབ་སྦྱོང་གནང་ཡོད་པ་དང་། དེ་ནས་ཕྱིར་ཉི་ཧོང་དུ་ལོག་སྟེ་རྒྱལ་པོའི་ཕོ་བྲང་ནང་ཕྱག་ལས་མང་པོ་གནང་ཡོད་པ་རེད། ལོ་གཅིག་ཙམ་གྱི་གོང་ནས་བཟུང་མོས་ཊོག་ཡོ་གཙུག་ལག་སློབ་ཆེན་གྱི་འགྲེམས་སྟོན་ཁང་དུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད་ལ། དེ་སྔོན་གོང་མའི་ཕོ་བྲང་གི་སྐུ་ཚབ་བྱས་ཏེ་ཕྱི་རྒྱལ་ཁག་ཏུ་བྱ་འགུལ་མང་པོའི་ནང་ཞུགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་སྲས་མོ་མཱ་ཁོ་དང་མོའི་མ་འོངས་པའི་ཁྱོ་ག་ཁེ་ཁོ་མོ་རོ་(Kei Komuro)གཉིས་ཉི་ཧོང་ཡེ་ཤུ་ཆོས་ལུགས་གཙུག་ལག་སློབ་ཆེན་ནས་ངོ་ཤེས་སུ་གྱུར་ཞིང་། ཡབ་ཡུམ་གཉིས་ཀྱི་བཀའ་འཁྲོལ་འོག་འདས་པའི་ལོ་ ༥ ལྷག་རིང་ཁོང་གཉིས་འབྲེལ་འདྲིས་བྱས་ཡོད་པ་རེད། རང་ལོ་ ༢༥ ཡིན་པའི་མོའི་མ་འོངས་པའི་ཁྱོ་ག་ཁེ་ཁོ་མོ་རོ་ཕྱི་ལོ་ ༢༠༡༠ ལོར་ཉི་ཧོང་གི་མཚོ་གླིང་ཞིག་གི་རྒྱལ་སྲས་སུ་འདེམས་མྱོང་བའི་ཤེས་འཇོན་ལྡན་པའི་ཕོ་གསར་སྐྱེས་ཡག་ཅིག་ཡོད་པ་དང་། ཁོས་ད་ལྟ་ཊོག་ཡོའི་སློབ་ཆེན་ཞིག་ཏུ་ཁྲིམས་ལུགས་རིག་པའི་ཐོག་འབུམ་རམས་པའི་སློབ་གཉེར་གནང་བའི་ཞོར་དུ་ཊོག་ཡོའི་ཁྲིམས་རྩོད་པའི་ཞབས་ཞུ་ཁང་ཞིག་ཏུ་ཕྱག་ལས་གནང་གི་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཉི་ཧོང་རྒྱལ་པོ་ཨ་ཁི་ཧི་ཐོ་(Akihito)ལགས་ལ་སྲས་ནཱ་རོ་ཧི་ཐོ་(Naruhito)དང་ཧྥ་མི་ཧི་ཐོ་(Fumihito)གཉིས་འཁྲུངས་ཡོད་ཀྱང་། རྒྱལ་སྲིད་སྐྱོང་མཁན་སྲས་ཆེ་བ་ནཱ་རོ་ཧི་ཐོ་ལ་སྲས་མོ་ཨེ་ཁོ་(Aiko)ལས་བྱུང་མེད་པ་དང་།  སྲས་ཆུང་བ་ཧྥ་མི་ཧི་ཐོ་ལ་སྲས་མོ་མཱ་ཁོ་(Mako)དང་སྲས་མོ་ཁཱ་ཁོ (Kako)། སྲས་ཧི་སཱ་ཧི་ཐོ་(Hisahito)བཅས་སྲས་སྲས་མོ་གསུམ་བྱུང་ཡོད་པ་རེད། ཉི་ཧོང་གོང་མའི་རྒྱལ་རྒྱུད་དུ་དུས་རབས་ཕྱེད་ཙམ་རིང་སྲས་མ་བྱུང་སྟབས། མ་འོངས་པར་རྒྱལ་རྒྱུད་འཛིན་སྐྱོང་གི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༦ ལོར་སྲས་ཧི་སཱ་ཧི་ཐོ་འཁྲུངས་ཏེ་རྒྱལ་རྒྱུད་འཛིན་སྐྱོང་ལ་རེ་བ་ཆེན་པོ་ཞིག་བསྐྲུན་ཡོད་ཀྱང་། ཉི་ཧོང་རྒྱལ་པོ་ཨ་ཁི་ཧི་ཐོ་དགུང་ལོ་ ༨༤ ལ་ཕེབས་བསྡད་ཡོད་ཀྱང་ཚ་བོ་ཧི་སཱ་ཧི་ཐོ་དགུང་ལོ་ ༡༠ ལྷག་ལས་སོན་མེད་སྟབས། ཧི་སཱ་ཧི་ཐོ་ཡིས་རྒྱལ་སྲིད་འཛིན་སྐྱོང་བྱེད་པར་ད་དུང་རྒྱང་ཐག་རིང་པོ་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

 

 

བསྐྱར་བཅོས།: ༢༠༡༧/༠༥/༡༩

Leave a Reply