ཉིན་རེར་མི་ཁྲི་གཅིག་ཙམ་རེར་འབྲས་སྐྲན་ཕོག་པ་ར་འཕྲོད་ཀྱི་འདུག

རྒྱ་ནག་ནང་ཁོར་ཡུག་དང་མཁའ་དབུགས་ལ་འབག་བཙོག་ཆེན་པོ་ཤོར་བའི་རྐྱེན་གྱིས་དེང་སང་ཉིན་རེར་མི་གྲངས་ཁྲི་གཅིག་ཙམ་རེར་འབྲས་སྐྲན་གྱི་ན་ཚ་ཡོད་པ་ར་འཕྲོད་ཀྱི་ཡོད་སྐོར་བསྒྲགས་འདུག

དེ་རིང་ཆན་ཅང་དགོང་མོའི་ཚགས་པར་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་རྒྱ་ནག་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱ་ནག་ནང་གི་འབྲས་སྐྲན་བརྟག་ཞིབ་ཐོ་འགོད་ཁང་ ༣༤༧ གྱི་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་ཐོ་གསར་ཤོས་ཤིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་གྲོང་ཁྱེར་ཁག་གི་ནང་གནས་སྡོད་བྱས་ཡོད་པའི་ཕྲུ་གུ་ནས་ལོ་ན་ ༨༥ བར་གྱི་མི་ལ་འབྲས་སྐྲན་ཕོག་པའི་ཉེན་ཚད་བརྒྱ་ཆ་ ༣༥ ཡིན་ཞིང་། དེང་སང་རྒྱ་ནག་ནང་ཉིན་རེར་ཧ་ལམ་མི་ཁྲི་གཅིག་རེར་འབྲས་སྐྲན་གྱི་ན་ཚ་ཡོད་པ་ར་འཕྲོད་བྱུང་བཞིན་ཡོད་སྟབས། ཆ་སྙོམ་བྱས་ན་སྐར་མ་ ༧ རེའི་ནང་མི་གཅིག་རེར་འབྲས་སྐྲན་ཕོག་གི་ཡོད་པ་དང་། གྲོང་ཁྱེར་གྱི་མི་རེ་རེའི་མི་ཚེའི་ནང་འབྲས་སྐྲན་ཕོག་པའི་ཉེན་ཁ་བརྒྱ་ཆ་གསུམ་ཡན་ཆད་ཡིན་སྐོར་བརྗོད་ཡོད་པ་རེད།

འདས་ལོར་<< རྒྱ་ནག་གི་མི་ལ་ག་རེ་བྱས་ནས་འབྲས་སྐྲན་ཕོག་སླ་བ་རེད་>>ཅེས་པའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༡ ལོའི་སྐྲན་ནད་ལོ་འཁོར་སྙན་ཐོ་རུ་རོབ་རྩིས་བྱས་ན། འབྲས་སྐྲན་ནད་པ་ཁྱོན་ས་ཡ་ ༣ དང་སུམ་འབུམ་བདུན་ཁྲི་ལྷག་(༣,༣༧༢,༡༧༥)ཙམ་ཡོད་པ་དང་། ཆ་སྙོམ་བྱས་ན་སྐར་མ་ ༦ རེའི་ནང་མི་གཅིག་རེར་འབྲས་སྐྲན་ཕོག་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་སྙན་ཐོའི་ནང་འབྲས་སྐྲན་ནད་པ་ས་ཡ་བཞི་དང་ཉིས་འབུམ་དགུ་ཁྲི་ཉིས་སྟོང་(༤༢༩༢.༠༠༠)བྱུང་ཞིང་། འབྲས་སྐྲན་ནད་པ་ས་ཡ་ ༢.༨ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་འཛམ་གླིང་འབྲས་སྐྲན་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་སྐམ་སའི་འབྲས་སྐྲན་ཁྱབ་ཚད་འཛམ་གླིང་ནང་གི་ཆེ་ཤོས་ཆགས་ཡོད་པ་དང་། འབྲས་སྐྲན་གྱི་ནང་ནས་གློ་བའི་འབྲས་སྐྲན་གྱིས་འདས་གྲོངས་ཕྱིན་པ་མང་ཤོས་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་བརྒྱུད་ལམ་དུ་ཕྱི་ལོ་ ༢༠༠༤ ནས་ ༢༠༡༤ བར་གྱི་རྒྱ་ནག་ནང་གི་འབྲས་སྐྲན་གྲོང་ཚོ་ཆེན་པོ་ ༡༠ གསལ་འདོན་གྱིས། གྲོང་ཚོའི་ཉེ་འཁོར་གྱི་ཁོར་ཡུག་འབག་བཙོག་ཚབས་ཆེ་བའི་འདྲ་པར་བཅས་བཀྲམས་ཡོད་པ་དང་། སྐམ་སའི་ཆེད་ལས་བས་འབྲས་སྐྲན་གྲོང་ཚོའི་གྲངས་འབོར་ ༤༥༩ ཟིན་གྱི་ཡོད་པ་མ་ཟད། རྒྱ་ནག་དཀྱིལ་དབུས་དང་ནུབ་ཕྱོགས་ཁུལ་དུའང་རིམ་གྱིས་ཁྱབ་འགྲོ་ཡི་ཡོད་པའི་ཚོད་དཔག་དང་སྦྲགས། ཁོར་ཡུག་འབག་བཙོག་ནི་རྒྱ་ནག་གི་འབྲས་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་ཆགས་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྒྱ་ནག་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༦ ལོའི་རྒྱ་ནག་རྒྱལ་ཡོངས་འཐུང་ཆུའི་སྤུས་ཚད་ཧ་ཅང་ཞན་པའི་སྙན་ཐོའི་ནང་། རྒྱ་ནག་གི་ཞིང་ཆེན་ཁག་ ༢༤ ཡི་ནང་གི་ཆུ་ཁོངས་ ༩༨ ཀྱི་ཆུའི་སྤུས་ཚད་ཉེན་འཚབ་ཅན་དུ་གྱུར་ཡོད་པ་དང་། ཆུ་ཁོངས་ ༡༢ ཡི་ས་འོག་ཆུ་ཡི་སྤུས་ཚད་ནུས་མེད་ཉེན་ཁ་ཅན་དུ་གྱུར་ཡོད་པ། དེ་བཞིན་ཆུ་ཁོངས་ ༣ ལ་དུག་རྫས་འབག་བཙོག་ཚབས་ཆེན་ཐེབས་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༢༤

Leave a Reply