ཉེན་རྟོག་པ་ ༢༥ དམར་གསོད་བཏང་།

ཁ་སང་རྒྱ་གར་ཆཱ་ལྡི་སི་སྒར་མངའ་སྡེའི་སག་མཱ་རུ་ཡོད་པའི་དབུས་ཉེན་རྟོག་དམག་སྒར་དུ་དྲག་རྒོལ་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་ ༢༥ བསད་པ་དང་དྲུག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་རྒྱ་གར་གྱི་མངའ་སྡེ་ཆཱ་ལྡི་སི་སྒར་(Chhattisgarh)གྱི་ལྷོ་ཕྱོགས་སག་མཱ་(Sukma) ས་ཁུལ་དུ་ཡོད་པའི་དབུས་ཉེན་རྟོག་དམག་སྒར་དུ། གློ་བུར་དྲག་རྒོལ་དོན་རྐྱེན་བྱུང་སྟེ་ཁྱོན་ཉེན་རྟོག་པ་ ༢༥ བསད་པ་དང་ཉེན་རྟོག་པ་ ༦ ལ་རྨས་སྐྱོན་བཟོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག ད་ལན་གྱི་དམར་གསོད་དོན་རྐྱེན་དེ་ནི་འདས་པའི་ལོ་ ༧ ནང་ཉེན་རྟོག་པ་དམར་གསོད་བཏང་བའི་དོན་རྐྱེན་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག

དབུས་ཉེན་རྟོག་དམར་སྒར་ནས་དོན་རྐྱེན་བྱུང་སྐབས་ཉེན་རྟོག་པ་རྣམས་ཀྱིས་ཉིན་གུང་གི་ཟ་མ་ཟ་ཡི་ཡོད་པ་བརྗོད་འདུག་ལ། སྐབས་དེར་ཡུལ་དངོས་སུ་ཡོད་མཁན་ཞིག་གིས་ཐེངས་འདིའི་དོན་རྐྱེན་ཁྲོད་གྱེན་ལོག་པ་ ༣༠༠ ཙམ་ཡོད་ལུགས་བརྗོད་ཡོད་པ་དང་། ད་ལྟའི་ཆར་གྱེན་ལོག་པར་རྨས་སྐྱོན་བཟོས་པའི་གནས་ཚུལ་གང་ཡང་གོ་ཐོས་མེད་པ་རེད།

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་དམར་གསོད་དོན་རྐྱེན་དེ་མའོ་དམར་ཤོག་གྱེན་ལོག་པས་སྤེལ་བ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། མའོ་གྱེན་ལོག་པ་ཚོས་ཕྱི་ལོ་ ༡༩༦༠ ནང་ནུབ་བྷན་གྷལ་གྱི་ཤར་ཕྱོགས་ནས་གྱེན་ལོག་ལས་འགུལ་མགོ་བརྩམས་ཏེ། ད་ལྟའི་ཆར་རྒྱ་གར་གྱི་སྲིད་འཛིན་རྫོང་ཁུལ་ ༦༠༠ ལྷག་གི་གསུམ་ཆ་གཅིག་བརྒལ་བའི་ནང་ཁྱབ་ཡོད་པ་དང་། མའོ་གྱེན་ལོག་པས་དམར་ཤོག་རིང་ལུགས་ཀྱི་དབང་བསྒྱུར་བརྩོན་ལེན་དང་། ཞིང་གྲོང་དབུལ་ཕོངས་མི་མང་ལ་རླབས་ཆེའི་ཁེ་ཕན་བསྐྲུན་པར་འཐབ་རྩོད་བྱེད་ཀྱི་ཡོད་ལུགས་བསྒྲགས་ཀྱི་ཡོད་འདུག

ཁ་སང་ཕྱི་དྲོར་སྲིད་བློན་མུ་ཌི་མཆོག་ནས་ཡོངས་ཁྱབ་ཀྱི་གསུང་འཕྲིན་གནང་བའི་ནང་། ཆཱ་ལྡི་སི་སྒར་ཉེན་རྟོག་དམག་སྒར་གྱི་ཉེན་རྟོག་པ་རྣམ་པའི་སྙིང་སྟོབས་ལ་སྤོབས་པ་སྐྱེས་ཀྱི་ཡོད་པ་དང་། དཔའ་བོ་ཚོའི་བློས་གཏོང་དོན་མེད་དུ་འགྱུར་མི་སྲིད་ལ། ཁོང་ཚོའི་ཁྱིམ་མི་ཚོར་ཐུགས་གསོ་ཞུ་ཡི་ཡོད་སྐོར་གསུངས་འདུག དེ་བཞིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ར་ཇི་ན་སིན་(Rajnath Singh)མཆོག་གིས་སག་མཱ་ཉེན་རྟོག་དམར་སྒར་གྱི་ཉེན་རྟོག་པ་བསད་པའི་གནས་ཚུལ་བྱུང་བར་གདུང་སེམས་ཆེན་པོ་བྱུང་བ་དང་། དཔའ་བོ་ཁོང་རྣམས་ལ་མྱ་ངན་གུས་འདུད་དང་ཁྱིམ་མི་ཚོར་ཐུགས་གསོ་ཞུ་ཡི་ཡོད་སྐོར་གསུངས་འདུག

སག་མཱའི་ཉེན་རྟོག་དམག་སྒར་དག་ལ་གྱེན་ལོག་པས་དྲག་རྒོལ་ཐེངས་མང་བྱས་ཡོད་ཅིང་། ཉེན་རྟོག་པ་དམར་གསོད་གཏོང་བར་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཆགས་ཡོད་འདུག ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་སག་མཱའི་ཉེན་རྟོག་ཁང་ཞིག་ཏུ་གློ་བུར་དྲག་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་དམག་མི་ ༡༢ བསད་ཡོད་པ་དང་། གཞན་ཡང་། ཕྱི་ལོ་ ༢༠༡༠ ཟླ་ ༤ པའི་ནང་ཆཱ་ལྡི་སི་གྷར་གྱི་ཌན་ཊི་ཝ་ཌ་ཞེས་པའི་རྫོང་ཁོངས་ནས་ཉེན་རྟོག་པ་ ༧༦ དམར་གསོད་བཏང་བ་དང་། མའོ་གྱེན་ལོག་པ་ ༨ བསད། དམར་གསོད་དོན་རྐྱེན་དེ་ནི་ཉེ་བའི་ལོའི་ནང་རྒྱ་གར་གྱི་ཉེན་རྟོག་པ་དམར་གསོད་བཏང་བའི་དོན་རྐྱེན་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༥

Leave a Reply