ཊར་ཀཱིའི་གཞུང་གྲོས་ཚོགས་ལམ་ལུགས་ནས་སྲིད་འཛིན་ལམ་ལུགས་སུ་འགྱུར་རྒྱུ་རེད།

ཊར་ཀཱིའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད་སྲིད་འཛིན་ལས་ཐོག་པར་སླར་ཡང་རྒྱལ་ཁ་ཐོབ་ཡོད་ཀྱང་། འོས་ཤོག་བར་ཁྱད་ཆེན་པོ་མེད་སྟབས་རྒྱལ་ཁབ་ནང་རྙོག་གྲ་འབྱུང་སྲིད་པ་མ་ཟད། ཊར་ཀཱིའི་རྒྱལ་ཁབ་གྲོས་ཚོགས་ལམ་ལུགས་ནས་སྲིད་འཛིན་ལམ་ལུགས་སུ་འགྱུར་རྒྱུར་སྟ་གོན་བྱས་ཡོད་འདུག

དེ་རིང་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཊར་ཀཱིའི་ (Turkey)རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད། ད་ལྟའི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་རཱི་སཱིབ་ཊའེ་ཡིབ་ཨིར་ཌོ་གྷན་(Recep Tayyip Erdogan)ལགས་ལ་བསྐྱར་དུ་རྒྱལ་ཁ་ཐོབ་ཡོད་པ་དང་། འོས་བསྡུའི་འགྲུབ་འབྲས་གསལ་བསྒྲགས་བྱས་མ་ཐག ཁ་གཏད་ཕྱོགས་ཁག་གི་མི་ཚོས་མ་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ཀྱང་། གཞུང་འཛིན་ཕྱོགས་ཁག་གི་མི་སྟོང་ཕྲག་མང་པོ་གཞུང་ལམ་སྟེང་ཐོན་ཏེ། རྒྱལ་རྔ་རྡུང་སྟེ་དགའ་སྤྲོའི་གླུ་དབྱངས་ལངས་ཡོད་འདུག

ཊར་ཀིའི་གསར་འགྱུར་བརྒྱུད་ཁག་ཏུ་གནས་ཚུལ་ཐོན་པར། ཐེངས་འདིར་ཊར་ཀིའི་མི་མང་ས་ཡ་ ༤༧.༥ ཡིས་འོས་བསྡུའི་ཆ་ཤས་བླངས་ཡོད་པ་དང་། དེའི་ཁྲོད་བརྒྱ་ཆ་ ༥༡.༤ ཡིས་སྲིད་འཛིན་ཨིར་ཌོ་གྷན་ལ་འོས་བླུགས་ཡོད་པ་དང་། བརྒྱ་ཆ་ ༤༨.༦ གྱིས་སྲིད་འཛིན་གྱི་ཁ་གཏད་ཚོགས་པར་འོས་བླུགས་ཡོད་འདུག ཧང་གྷ་རི་(Hungary)དང་མཱ་སི་ཌོ་ཎི་ཡ་(Macedonia)། སཱའོ་ཌི་ཨ་རཱ་བྷི་ཡ་(Saudi Arabia)། དེ་བཞིན། སཱུ་ཌིན་(Sudan)རྒྱལ་ཁབ་སོགས་ཀྱིས་སྲིད་འཛིན་གསར་པར་དགའ་བསུ་ཞུས་ཡོད་འདུག

ཐེངས་འདིར་བསྐྱར་དུ་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཐོབ་པ་དེས། མ་འོངས་པར་གཞུང་དང་གྲོས་ཚོགས་ལ་སྒྱུར་བཅོས་ཆེན་པོ་བཏང་སྟེ་གཞུང་དབང་ཤུགས་ཆེན་པོ་བཟོ་རྒྱུ་ཡིན་འདུག དེ་རིང་ཁ་གཏད་ཚོགས་པའི་ཕྱོགས་ནས། “འོས་བསྡུ་འགྲོ་བཞིན་པའི་སྐབས་སུ་གློ་བུར་དུ་འོས་བསྡུའི་སྒྲིག་གཞིར་འགྱུར་བ་བཏང་སོང་།”ཞེས་སྐྱོན་བརྗོད་བྱས་ཡོད། དེ་སྔ་འོས་བསྡུའི་ཚོགས་ཆུང་གིས་འོས་ཤོག་སྟེང་ཐམ་ཀ་མེད་ན་འོས་ཤོག་རྩི་མེད་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་དངོས་གཞིའི་ཁ་ཐུག་ལ་འོས་ཤོག་སྟེང་ཐམ་ཀ་ཡོད་མེད་ལྟོས་མེད་ཡིན་པའི་ཐག་གཅོད་བྱས་སོང་ཟེར།

སྲིད་འཛིན་ཨིར་ཌོ་གྷན་ལ་ཐོག་མར་ ༢༠༡༤ ལོར་སྲིད་འཛིན་ཐོབ་ཡོད་པ་དང་། ཁོང་གིས་དེ་སྔོན་ཊར་ཀཱིའི་རྒྱལ་ཁབ་ཀྱི་སྲིད་བློན་ལོ་ ༡༠ རིང་གནང་ཡོད་འདུག ཀཱ་དྷིར་ཧ་སཱ་གཙུག་ལག་སློབ་ཁང་གི་དགེ་རྒན་ཆེན་མོ་ཨའེ་མཊ་ཀཱ་སིམ་ཧཱན་(Ahmet Kasim Han)ལགས་ཀྱིས་ “མ་འོངས་པར་གཞུང་གི་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་ངེས་རེད། གང་ཡིན་ཟེར་ན། ད་ཡོད་གྲོས་ཚོགས་ལམ་ལུགས་དེ་སྲིད་འཛིན་ལམ་ལུགས་སུ་བཅོས་སྒྱུར་བཏང་སྟེ། དེ་སྔོན་སྲིད་འཛིན་ལ་ཐོབ་ཀྱི་མེད་པའི་དབང་ཚད་མང་པོ་ཞིག་མ་འོངས་པར་ཨིར་ཌོ་གྷན་ལ་ཐོབ་ངེས་རེད།” ཅེས་བརྗོད་ཡོད་པ་དང་། སྲིད་འཛིན་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ “སྲིད་འཛིན་ལ་དབང་ཚད་ཡོངས་རྫོགས་ཐོབ་པ་ཡིན་ན། ༢༠༠༧ ལོའི་རྩ་ཁྲིམས་བསྐྱར་བཅོས་སྐབས་རྒྱལ་ཁབ་ལ་དོ་ཕོག་ཕྱིན་ཡོད་རིགས་ཚང་མ་སླར་ཡང་ཁ་སྐོང་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད།” ཅེས་རྗོད་ཀྱི་ཡོད་འདུག

ཊར་ཀཱིའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ན། འོས་བསྡུའི་ལམ་ནས་མང་མོས་ཐོབ་ན་སྐབས་གསུམ་ལ་བསྟུད་མུར་སྲིད་འཛིན་བྱེད་ཆོག་ཅིང་། ཐེངས་འདིའི་བདམས་ཐོན་སྲིད་འཛིན་ཨིར་ཌོ་གྷན་གྱིས་ཐེངས་གཉིས་པའི་སྲིད་འཛིན་ལས་འཁུར་ཞུ་རྒྱུ་ཡིན་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ད་རེབ་ཊར་ཀཱིའི་སྲིད་འཛིན་འོས་བསྡུའི་སྐབས་རྒྱལ་ཁ་དང་ཕམ་ཁའི་འོས་ལ་ཁྱད་པར་ཆེན་པོ་མེད་སྟབས། མ་འོངས་པར་རྒྱལ་ཁབ་ནང་རྙོག་དྲ་ཆེན་པོ་འབྱུང་རྒྱུའི་ཉེན་ཁ་ཡོད་སྟབས་གཟབ་གཟབ་བྱེད་དགོས་སྐོར་བརྗོད་འདུག

སྐུ་ཞབས་ཨིར་ཌོ་གྷན་ལགས་སུ་རྒྱལ་ཁ་ཐོབ་མ་ཐག ཁོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱལ་དར་དང་ཚོགས་པའི་དར་ཆ་འཕྱར་ཏེ། “ཨིར་ཌོ་གྷན། ང་ཚོར་གསོད་ལབ་དང་། ང་ཚོས་གསད་ཆོག ང་ཚོར་ཤི་ལབ་དང་། ང་ཚོ་ཤི་ཆོག”ཅེས་སྐད་འབོད་བྱས་ཡོད་འདུག རྒྱབ་སྐྱོར་བ་ཞིག་གིས། “ཁ་ཆེ་རྒྱལ་ཁབ་ཀྱི་ཆེད་དུ། འཛམ་གླིང་གི་དཀྱིལ་ཤར་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེད་དུ་ཊར་ཀཱི་རྒྱལ་ཁབ་དེ་སྲིད་འཛིན་ལམ་ལུགས་ཀྱི་འཛིན་སྐྱོང་དུ་འགྱུར་དགོས། རྒྱལ་ཁབ་གཞན་རྣམས་ཁ་ཚུམས་ཤིག འདི་ནི་ཊར་ཀཱི་རྒྱལ་ཁབ་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་མངོན་རྟགས་རེད། འདི་ཨ་རིས་ངེས་པར་དུ་ཤེས་པ་བྱོས། ང་ཚོ་ནི་འཛམ་གླིང་དཀྱིལ་ཤར་གྱི་ཡོད་ཚད་ཡིན།” ཞེས་ཟེར།

ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་འདོད་པ་མེད་མཁན་ཞིག་གིས་ “ང་རང་བློ་ཕམ་ཆེན་པོ་བྱུང་སོང་། ང་མཚན་གང་བོར་ངུས་པ་ཡིན།” ཞེས་དང་། “ང་ཚོས་མི་ལོ་ ༡༥ ནང་ཁ་ཆེའི་ཆོས་ལུགས་པའི་སྲིད་དབང་འཛིན་མཁན་ཞིག་བསླེབས་ཏེ། ད་ལྟ་སྲིད་དབང་སྒེར་འཛིན་རིང་ལུགས་པའི་འོག་ཐམས་ཅད་རྫོགས་སོང་བ་མཐོང་སོང་།” ཞེས་ཟེར། ཊར་ཀཱིའི་སྲིད་བློན་བྷི་ཎ་ལི་ཡིལ་དྷི་རཱིམ་(Binali Yildirim)ལགས་ཀྱིས་རྒྱལ་ཁབ་ནང་ལྷིང་འཇགས་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག ཁོས་ “སུས་ཀྱང་ཁྲིམས་འགལ་བྱས་མེད་ལ། སུ་ལའང་བློ་ཕམ་བྱུང་དུ་བཅུག་མེད།” དེར་བརྟེན། “ང་ཚོས་བཀག་འགོག་བྱེད་དགོས་པ་གང་ཡང་མེད། ང་ཚོ་རང་གི་བགྲོད་ལམ་སྟེང་མུ་མཐུད་དེ་བསྐྱོད་དགོས།” ཞེས་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༡༧

Leave a Reply