ཊི་རུམ་ཕིས་རང་གི་བུ་མོ་རང་གི་སློབ་སྟོན་པར་བསྐོས།

སི་ཨིན་ཨིན་གསར་ཁང་གིས་ ༢༠༡༧ ཟླ་ ༣ ཚེས་ ༣༠ ཉིན་སྤེལ་བའི་གནས་ཚུལ། སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་རང་གི་བུ་མོ་བགྲེས་པ་ལྕམ་ཨཱ་ཝེང་ཀཱ་(Ivanka Trump)ལགས་རང་གི་སློབ་སྟོན་པར་བསྐོ་རྒྱུ་ཡིན་པ་དང་། ཁོང་མོས་དྭངས་བླངས་ཐོག་སྲི་ཞུ་བསྒྲུབ་རྒྱུ་ཡིན་པ་ལས་གླ་ཕོགས་ལེན་རྒྱུ་མིན་སྐོར་གསལ་བསྒྲགས་བྱས་འདུག

ལྕམ་ཨཱ་ཝེང་ཀཱ་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་ “ངས་སྲིད་འཛིན་ལ་ལམ་སྟོན་པའི་བྱ་བ་སྒྲུབ་པའི་རིང་ནུས་ཤུགས་ཡོད་ཚད་ཀྱིས་མི་རིགས་དབྱེར་མེད་ལ་སྲི་ཞུ་བསྒྲུབ་པར་འབད་བརྩོན་ཞུ་རྒྱུ་ཡིན། ངས་ཕོ་བྲང་དཀར་པོའི་ལས་བྱེད་སྤྱི་མཚུངས་ལྟར་ལས་དོན་བསྒྲུབ་རྒྱུ་ཡིན་ཡང་། ལས་ཡུན་རིང་དྭངས་བླངས་ཡིན་པ་ལས་གླ་ཕོགས་ལེན་རྒྱུ་མིན།” ཞེས་སོགས་འཁོད་འདུག

ལྕམ་ཨཱ་ཝེང་ཀཱ་ཡིས་སྲིད་འཛིན་སློབ་སྟོན་པ་བྱ་རྒྱུར་ཡིག་ཆ་ཨང་ ༢༧༨ པ་དེ་བསྐང་དགོས་པ་དང་། ཡིག་ཆ་དེ་བསྐངས་ཚར་རྗེས་ཁོ་མོ་ཁྲིམས་མཐུན་ལས་བྱེད་ཆགས་ཀྱི་ཡོད་འདུག ཕོ་བྲང་དཀར་པོའི་ངོ་ཚབ་པས་ “ལྕམ་སྐུ་ཞབས་ཨཱ་ཝེང་ཀཱ་ལགས་ཀྱིས་སྲིད་འཛིན་ལ་རྒྱབ་སྐྱོར་དང་གཞུང་གི་སྲི་ཞུ་བསྒྲུབ་པར་ཕེབས་པར་དགའ་བསུ་ཡོད་” ཅེས་བརྗོད་ཡོད་འདུག

ལྕམ་སྐུ་ཞབས་ཨཱ་ཝེང་ཀཱའི་ཁྱོ་ག་སྐུ་ཞབས་ཇར་ཌི་ཀུ་ཤི་ནིར་(Jared Kushner)ལགས་ནི། ད་ལོའི་ཕྱི་ཟླ་དང་པོའི་ནང་ཊི་རུམ་ཕི་སྲིད་འཛིན་ཆགས་མ་ཐག་ཁོ་རང་གི་སློབ་སྟོན་པར་མིང་འདོན་བྱས་ཡོད་པ་དང་། ཁོས་ཀྱང་གླ་མེད་ཐོག་ཕོ་བྲང་དཀར་པོའི་ནང་བྱ་བ་སྒྲུབ་བཞིན་ཡོད་འདུག

ལྕམ་ཨཱ་ཝེང་ཀཱ་གཞུང་གི་སྲི་ཞུ་ལས་བྱེད་ལ་ངོས་ལེན་བྱས་པ་དེ་ ༡༩༦༧ ལོར་གཏན་འབེབས་བྱས་པའི་རང་གི་གཉེན་ཚན་འཛིན་སྐྱོང་ནང་བསྐོ་མི་ཆོག་པའི་ཁྲིམས་དོན་རྡོག་རོལ་བཏང་ཡོད་ཚུལ་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་འདུག ཉེ་ལམ་ཕྱི་ཟླ་དང་པོའི་ནང་སྐུ་ཞབས་ཇར་ཌི་ཀུ་ཤི་ནིར་སྲིད་འཛིན་ཊོ་རུམ་ཕིའི་སློབ་སྟོན་པར་བསྐོས་སྐབས་ཀྱང་དགག་པ་རྒྱག་མཁན་བྱུང་ཡོད་མོད། ཨ་རིའི་ཁྲིམས་ཁང་གིས་དེ་ནི་ཁྲིམས་འགལ་མིན་པ་གསལ་བཤད་བྱས་ཡོད་འདུག

ལྕམ་ཨཱ་ཝེང་ཀཱ་ནར་སོན་མ་ཐག་རང་གི་ཨ་ཕ་སྲིད་འཛིན་ཊོ་རུམ་ཕི་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་བྱས་ཡོད་པ་དང་། ཁོ་མོས་དེ་སྔོན་ཊི་རུམ་ཕི་བདེ་རྩ་ཚོགས་པའི་འགན་འཛིན་གཞོན་པའི་ཕྱག་ལས་གནང་ཡོད་པ་མ་ཟད། སྔར་ལོའི་སྲིད་འཛིན་འོས་བསྡུའི་སྐབས་ཨ་ཕར་རོགས་རམ་ཤུགས་ཆེན་བྱས་ཡོད་སྟབས། སྲིད་འཛིན་ཊི་རུམ་ཕིས་ཡིད་ཆེས་བློ་འཁེལ་བྱེད་ཡུལ་ཆགས་ཏེ་ཐེངས་འདིར་སློབ་སྟོན་པར་བསྐོས་པ་ཡིན་འདུག

ཊི་རུམ་ཕི་སྲིད་འཛིན་ཆགས་རྗེས་ཀྱི་བདུན་ཕྲག་ཁ་ཤས་ནང་མི་སྣ་ཆེ་ཁག་ལ་ཐུག་འཕྲད་གྲ་སྒྲིག་བྱེད་མཁན་ལྕམ་ཨཱ་ཝེང་ཀ་ལགས་ཡིན་པ་དང་། འཇར་མན་གྱི་དབུ་འཛིན་ལྕམ་ཨན་ཇཱི་ལཱ་མཱར་ཁིལ་(Angela Merkel)མཆོག་དང་། ཁེ་ཎ་ཌའི་སྲིད་བློན་ཇུ་སི་ཊིན་ཊི་རུ་དེ་ཨཱུ་(Justin Trudeau)སོགས་ཕེབས་སྐབས་ཀྱང་། ཁོང་མོས་མདུན་ཅོག་གོར་མོའི་སྟེང་གྲོས་མོལ་གནང་ཡོད་འདུག

༼བུད་མེད་དང་པོ། དུས་རབས་གསར་པའི་ཨ་རིའི་བུད་མེད་དང་པོ་རྣམས་ཀྱི་ནུས་སྟོབས་དང་བཀའ་དྲིན།༽ཞེས་པའི་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་ཁཱ་ཊི་ཨན་ཌིར་སོན་བྷི་རོ་ཝར་ (Kate Anderson Brower)ལགས་ཀྱིས་བརྗོད་དོན། “སྲིད་འཛིན་ཇོར་ཇི་བྷུ་ཤི་(George Bush)ལགས་ཀྱིས་ཁོ་རང་གི་ཨ་ཕ་སྲིད་འཛིན་འོས་མིར་བཞེངས་སྐབས་རོགས་རམ་ཤུགས་ཆེན་གནང་ཡོད་པ་ལྟར། ཐེངས་འདིར་ཊི་རུམ་ཕི་སྲིད་འཛིན་འོས་མིར་བཞེངས་སྐབས་ཀྱང་ཁོང་གི་བུ་མོ་ཨཱ་ཝེང་ཀཱ་ལགས་ཀྱིས་རོགས་རམ་ཤུགས་ཆེན་པོ་བྱས་ཡོད།” ཅེས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༠༤

Leave a Reply