ཊི་རུམ་ཕི་དང་པུ་ཊིན་བར་ཁ་པར་འབྲེལ་གཏུགས་ཐེངས་གསུམ་པ་བྱ་རྒྱུ་རེད།

དེ་རིང་ཉིན་རྒྱབ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་དང་ར་ཤི་ཡའི་སྲིད་འཛིན་པུ་ཊིན་གཉིས་ཀྱིས་ཁ་པར་བརྒྱུད་དེ་སི་རི་ཡའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་དེ་སྔ་སི་རི་ཡའི་ནང་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་ཆེད་མེ་ཤུགས་འཕུར་མདའ་འཕངས་ཡོད་སྟབས། ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱིས་ཨ་རི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཏེ། ར་ཤི་ཡའི་མཐུན་ཕྱོགས་དང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་ནང་གཏོར་བཤིག་གཏོང་གི་ཡོད་སྐོར་དང་། སི་རི་ཡའི་མགོ་ཁྲིད་ཨལ་སཱ་ཌི་ཡིས་རྫས་སྦྱོར་བཀོལ་སྤྱོད་བྱས་ཏེ་སོ་སོའི་མི་སེར་བརྒྱ་ལྷག་བསད་ཡོད་པའི་གནས་སྟངས་དེར་ཨ་རིའི་གཞུང་གིས་འགན་འཁུར་དགོས་བ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་སྟབས། ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་ཅིག་གིས་དེ་རིང་ཉིན་རྒྱབ་ཨ་རི་དང་ར་ཤི་ཡའི་སྲིད་འཛིན་གཉིས་བར་ཁ་པར་བརྒྱུད་དེ། སི་རི་ཡའི་གནད་དོན་ཐོག་གི་བསམ་ཕྱོགས་མི་མཐུན་ཐོག་གྲོས་མོལ་བྱ་རྒྱུ་གཏན་ཁེལ་ཡོད་སྐོར་བསྒྲགས་ཡོད།

དེ་སྔ་ཊི་རུམ་ཕིས་ར་ཤི་ཡའི་སྲིད་འཛིན་པུ་ཊིན་ལ་ཁ་པར་བརྒྱུད་དེ་ཁ་བརྡ་ཐེངས་གཉིས་བྱས་མྱོང་ཡོད་པ་དང་། ད་རེབ་ནི་ཐེངས་གསུམ་པ་དེ་ཡིན་འདུག་ཅིང་། ཊི་རུམ་ཕིས་སྲིད་འཛིན་ལས་འཁུར་དམ་འབུལ་ཞུས་རྗེས་ཁ་པར་བརྒྱུད་ར་ཤི་ཡའི་སྲིད་འཛིན་པུ་ཊིན་དང་ཁ་བརྡ་ཐོག་མ་བྱས་ཡོད་པ་དང་། དེའི་རྗེས་ཟླ་སྔོན་མའི་ཕྱི་ཚེས་ ༤ ཉིན་ར་ཤི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་བ་སཊི་པེ་ཊར་བྷ་གྷིར་ (ST Peterburg)དུ་དྲག་སྤྱོད་དོན་རྐྱེན་བྱུང་སྐབས། ཊི་རུམ་ཕིས་ཁ་པར་བརྒྱུད་པུ་ཊིན་ལ་ར་ཤི་ཡའི་མི་སེར་ཚོར་གདུང་སེམས་མཉམ་སྐྱེད་དང་། ཨ་རི་ར་ཤི་ཡའི་རྒྱབ་རྩར་ལངས་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཡུ་རོབ་རླུང་འཕྲིན་ཁང་གི་གནས་ཚུལ་ལྟར་ན། ཐེངས་འདིར་ཊི་རུམ་ཕི་དང་པུ་ཊིན་གཉིས་ཀྱི་གྲོས་གཞི་གཙོ་བོ་དག་ནི། ཨ་རིས་སི་རི་ཡའི་གྱེན་ལངས་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་སྲིད་དབང་སྒེར་འཛིན་གཞུང་མགོ་རྟིང་སློག་འདོད་ཡོད་པ་དང་། ར་ཤི་ཡས་སི་རི་ཡའི་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་ཨལ་སཱ་ཌིར་མུ་མཐུད་སྲིད་དབང་སྒེར་འཛིན་གཞུང་ལ་མགོ་འཁྲིད་དུ་འཇུག་འདོད་ཡོད་པ་བཅས་ཀྱི་འགལ་ཟླ་སྐོར་ལ་སྐོར་ཡིན་འདུག

ཟླ་བ་སྔོན་མའི་ནང་ཊི་རུམ་ཕིས་སི་རི་ཡའི་གཞུང་གིས་རྫས་སྦྱོར་བཀོལ་སྤྱོད་བྱས་ཏེ་སོ་སོའི་མི་སེར་བརྒྱ་ལྷག་བསད་ཡོད་པར་སྐྱོན་བརྗོད་བྱས་བ་དང་། ཨ་རིའི་གཞུང་གིས་མེ་ཤུགས་འཕུར་མདའ་ཕངས་ཏེ་སི་རི་ཡའི་གཞུང་གི་མཁའ་དམག་གནམ་ཐང་གཏོར་ཞིག་བཏང་ཡོད། ར་ཤི་ཡའི་གཞུང་གིས་རྫས་སྦྱོར་དོན་རྐྱེན་དེར་ཨ་རིས་འགན་འཁུར་དགོས་སྐོར་སྐྱོན་བརྗོད་བྱས་སྟབས། སྲིད་འཛིན་ཊི་རུམ་ཕིས་ར་ཤི་ཡ་དང་ཨ་རིའི་འབྲེལ་ལམ་དུས་ཡུན་རིང་བོར་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད།

ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་གྲོས་མོལ་དང་འབྲེལ་ཏེ། ཨ་རིའི་སྲིད་འཛིན་འོས་བསྡུའི་ཐོག་ར་ཤི་ཡས་ཐེ་གཏོགས་བྱས་ཡོད་མེད་སྐོར་ལ་བསྐྱར་དུ་དྲི་གཞི་ཆེན་པོ་ཞིག་ཆགས་ཡོད་པ་དང་། གནད་དོན་དེའི་ཐད་ཨ་རིའི་ནང་སྲིད་བདེ་འཇགས་ལྷན་ཁང་གཙོ་བྱས་པའི་ཆབ་སྲིད་སྡེ་ཚན་མང་པོ་ཞིག་གིས་རྟོག་ཞིབ་བྱེད་བཞིན་ཡོད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply