ཊི་རུམ་ཕི་དང་ཕི་ཊེན་གཉིས་མཐུན་པོ་གནང་རོགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སུ་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་སྲིད་འཛིན་ཕི་ཊེན་གཉིས་ནས་མཉམ་ལས་གནང་གལ་ཆེ་སྐོར་གསུངས་ཡོད་འདུག

16244322_1251093704972711_1199589029_nདེ་རིང་ (ABC) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ (Federation House) ཚོགས་ཁང་དུ་རྒྱ་གར་གྱི་ཚོང་ལས་དང་བཟོ་ལས་སྡེ་ཚོགས་ (FICCI) ཀྱི་བུད་མེད་ཚན་པས་ (FLO) གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་རབས་ཉེར་གཅིག་པ་དེ་གྲོས་མོལ་ལ་བརྟེན་དགོས་སྟབས། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་སྲིད་འཛིན་ཕི་ཊེན་གཉིས་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སུ་མཉམ་ལས་གནང་རྒྱུར་ངོས་ཀྱིས་རེ་བ་བྱེད་ཀྱིན་ཡོད། དེང་སྐབས་འཛམ་གླིང་ནང་ཞི་བདེ་དང་འཚེ་མེད་ཞི་བ་གོང་འཕེལ་འགྲོ་བཞིན་པ་དེ་ནི། དཔེར་ན་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་མཚོན་པ་དང་། ངོས་ཀྱིས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཨ་ཧྥི་རི་ཁ་མཉམ་འབྲེལ་སྒྲིག་འཛུགས། ལ་ཊེན་ཨ་མི་རི་ཁ་མཉམ་འབྲེལ་སྒྲིག་འཛུགས་དང་ཨེ་ཤ་ཡ་མཉམ་འབྲེལ་སྒྲིག་འཛུགས་བཅས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། དེང་སྐབས་དྲག་ཤུགས་ལ་བརྟེན་ནས་བཀའ་རྙོག་འབྱུང་གི་ཡོད་སྟབས། དུས་རབས་ཉེར་གཅིག་པ་དེ་གྲོས་མོལ་ལ་བརྟེན་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་དགོས། ཞེས་གསུངས་ཡོད་སྐོར་བཀོད་འདུག

༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ལོ་མང་པོ་ཞིག་གི་སྔོན་ལ་གསར་འགོད་པས་ངོས་རང་ལ་མ་འོངས་པར་བུད་མེད་ཏཱ་ལའི་བླ་མ་ཞིག་འཁྲུངས་སྲིད་མིན་སྐད་ཆ་དྲིས་སྐབས། ངོས་ཀྱིས་བུད་མེད་ཏཱ་ལའི་བླ་མ་འབྱུང་མི་སྲིད་པ་ཅི་ཡོད། གལ་ཏེ་མ་འོངས་པར་གནས་སྟངས་དེ་འདྲ་ཞིག་གི་འོག བུད་མེད་ཏཱ་ལའི་བླ་མ་དེས་ནུས་པ་ཆེན་པོ་འཐོན་པ་ཡིན་ན། བོད་གཅིག་པུ་མིན་པར་འཛམ་གླིང་ནང་བུད་མེད་ཏཱ་ལའི་བླ་མ་འབྱུང་སྲིད་པ་རེད་ཅེས་ལབ་རྒྱུ་བྱུང་། ཞེས་ཀྱང་གསུངས་ཡོད་སྐོར་བཀོད་འདུག

གནས་ཚུལ་འདིའི་ནང་ད་དུང་། ན་ནིང་ཕྱི་ཟླ་ ༡༡ ནང་སོག་ཡུལ་དུ་ཕེབས་སྐབས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས། ཁོང་ཉིད་ནས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ལ་སེམས་ཁྲལ་གནང་གི་མེད་པ་དང་། སྐུ་ཞབས་ཊི་རུམ་ཕི་ཕོ་བྲང་དཀར་པོའི་ནང་འཐོན་རྗེས། ཁོང་ཉིད་སྐུ་ཞབས་ཊི་རུམ་ཕི་ལ་ཐུག་འཕྲད་བྱ་རྒྱུར་རེ་བ་གནང་གི་ཡོད་ཅེས་བརྗོད་ཡོད་པ་དང་། ཨ་རིའི་སྲིད་འཛིན་སྐབས་ ༤༤ ཨོ་བྷ་མ་ཚུད་པའི་ཨ་རིའི་སྲིད་འཛིན་ཟུར་བ་རྣམས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply