ཊི་རུམ་ཕི་ཡིས་ཨེ་སི་རལ་དང་པ་ལི་སི་ཐན་གྱི་རྙོག་དྲ་འདུམ་འགྲིག་བྱ་རྒྱུ་ཡིན་ཟེར།

ཁ་སང་རེས་གཟའ་ཉིན་མའི་ཉིན་ཨ་རིའི་གཞུང་གསར་བས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕི་ཡིས་ཨེ་སི་རལ་གྱི་སྲིད་བློན་ནི་ཊན་ཡ་ཧུ་ (Netanyahu) ལ་ཁ་པར་བཏང་སྟེ། ཨེ་སི་རལ་དང་པ་ལི་སི་ཐན་གཉིས་བར་གྱི་ས་ཁོངས་རྩོད་གླིང་དེ་ཐད་ཀར་གྲོས་མོལ་ལ་བརྟེན་ནས་འདུམ་འགྲིག་བྱ་དགོས་ཞེས་བརྗོད་ཡོད་སྐོར་བཀོད་འདུག

ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་། ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕི་ཡིས་ཨེ་སི་རལ་གྱི་སྲིད་བློན་ནཱི་ཊན་ཡ་ཧུ་ཨ་རིའི་ནང་མགྲོན་འབོད་བྱས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འབྱུང་བཞིན་པའི་དཀའ་རྙོག ལྷག་པར་དུ་ཨེ་སི་རལ་དང་པ་ལི་སི་ཐན་གཉིས་བར་གྱི་རྩོད་གླེང་བཅས་ཀྱི་ཐད་ལ་གྲོས་མོལ་བྱ་འཆར་ཡོད་པ་དང་། ཨེ་སི་རལ་གྱི་སྲིད་བློན་ནཱི་ཊན་ཡ་ཧུ་ནས། ཨེ་སི་རལ་གྱི་བདེ་འཇགས་དང་པ་ལི་སི་ཐན་དང་ཨེ་སི་རལ་གཉིས་བར་ཞི་འགྲིག་ཡོང་ཐབས་སུ། ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕི་དང་མཉམ་ལས་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཅེས་སོགས་བཀོད་འདུག

ཨ་རིའི་གསར་དེབ་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨེ་སི་རལ་གྱི་གྲོང་ཁྱེར་ཇིར་སི་ལིམ་ (Jerusalem) གྲོང་ཁྱེར་སྤྱི་ཁྱབ་པ་ནེར་བྷར་ཀ་ཊ་ (Nir Barkat) ལགས་ཀྱིས་གསར་འགོད་པར། འདས་པའི་ལོ་ངོ་བརྒྱད་ཀྱི་རིང་ཨོ་བྷ་མས་ཨེ་སི་རལ་དང་པ་ལི་སི་ཐན་གཉིས་གྱི་ས་ཁོངས་རྩོད་གླེང་ཐོག་དྲག་པོའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅིང་། ཨ་རིའི་གཞུང་གསར་བས་ཕྱོགས་གཉིས་བར་གྱི་རྩོད་གླེང་འདུམ་འགྲིག་བྱས་ཏེ། ཇིར་སི་ལིམ་ནང་ཡོད་པའི་ཇེའུ་མི་རིགས་དང་ཨ་རབ་མི་རིགས་ཀྱི་བདེ་འཇགས་དང་འཚོ་གནས་སོགས་ཡར་རྒྱས་གཏོང་བའི་རེ་བ་ཡོད། ཅེས་བརྗོད་ཡོད་སྐོར་བཀོད་འདུག

ཕྱི་ཚེས་ ༢༠ ཉིན་པ་ལི་སི་ཐན་མི་མང་གིས་ནུབ་རྒྱུད་མཚོ་འགྲམ་ (West Bank) དུ། ཊི་རུམ་ཕི་ཡིས་ཨ་རིའི་གཞུང་ཚབ་ཁང་ཇིར་སི་ལིམ་ནང་གནས་སྤོར་རྒྱུ་ཡིན་ལུགས་པ་དང་། ཨེ་སི་རལ་གཞུང་གིས་ཨེ་སི་རལ་ནང་གི་ཨ་རབ་མི་མང་ཐོག་འཛིན་པའི་གཏམ་སྤྱོད་བཅས་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

ཕྱི་ལོ་ ༡༩༧༦ ལོའི་ཟིང་འཁྲུག་ལ་བརྟེན་ནས། ཨེ་སི་རལ་གྱིས་སུ་རུ་ཡན་གྷོ་ལན་ཧེ་ཊི་ (Syrian Golan Heights) དང་། ཨེ་ཇིབ་སེ་ན་ཡ་ (Egyptian Sinai) དང་། ནུབ་རྒྱུད་མཚོ་འགྲམ་ (West Bank) སོགས་བཅད་བཟུང་བྱས་ཡོད་པ་དང་། དེང་སྐབས་ནུབ་རྒྱུད་མཚོ་འགྲམ་དང་ཇིར་སི་ལིམ་གྱི་ཤར་རྒྱུད་ (East Jerusalem) བཅས་ཀྱི་ནང་ཇེའུ་མི་མང་ ༥༣༠༠༠༠ ལྷག་གིས་གཞིས་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ ༢༠༡༤ བར་ཨེ་སི་རལ་གྱི་གནས་སྤོ་མི་མང་གི་གྲངས་འབོར་བརྒྱ་ཆ་ ༢༣ གྱིས་ཇེ་མང་དུ་བཏང་ཡོད་སྟབས། པ་ལི་སི་ཐན་གྱིས་གནད་དོན་དེ་ནི་རྒྱལ་སྤྱིའི་གནས་སྤོའི་རྩ་ཁྲིམས་དང་འགལ་བའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply