ཊི་རུམ་ཕི་སྲིད་འཛིན་ལས་གནས་ལ་སུན་སྣང་སྐྱེ།

ཌོ་ནིལ་ཊི་རུམ་ཕིས་སྲིད་འཛིན་གྱི་གོ་གནས་དེ་ལས་སླ་བོ་ཞིག་མིན་པ་གཞི་ནས་ཚོར་བ་དང་། སྔར་གྱི་ཚོང་བ་ཕྱུག་བདག་སྐབས་ཀྱི་རང་དབང་དང་རྒྱས་སྤྲོས་ཆེ་བའི་འཚོ་བ་སྐྱེལ་སྟངས་དེར་ཞེན་ཆགས་སྐྱེ་བཞིན་ཡོད་འདུག

ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྐུ་ཞབས་ཌོ་ནལ་ཊི་རུམ་ཕིས་རང་ཉིད་ཨ་རིའི་སྲིད་འཛིན་ཆགས་ཏེ་ཉིན་ ༡༠༠ འཁོར་བར་བསྐྱར་ཞིབ་ཅིག་བྱས་བ་དང་བསྟུན་ཏེ། རུ་ཊིར་གསར་ཁང་གིས་སྲིད་འཛིན་ཊི་རུམ་ཕིར་བཅར་འདྲི་བྱས།

སྐབས་དེར་ཊི་རུམ་ཕིས་དེ་སྔའི་རང་ཉིད་ཀྱི་མི་ཚེར་ཕྱིར་དྲན་ཐེངས་གཅིག་བྱས་ཏེ་སྐྱོ་གདུང་དང་ལྷན་དུ་ “དེ་སྔ་ང་ལ་ལས་དོན་མང་པོ་ཡོད་ཀྱང་། ང་མི་ཚེ་སྐྱེལ་སྟངས་དེར་དགའ་པོ་ཡོད། འོན་ཀྱང་། ད་ལྟ་ང་ལ་ལས་ཀ་སྔར་ལས་མང་དུ་ཕྱིན་སོང་། སྔོན་ཆད་ངས་ལས་ཀ་འདི་ལས་སླ་བོ་ཞིག་རེད་བསམ་སོང་།” ཞེས་བརྗོད་བྱུང་།

ཨ་རིའི་ནེའུ་ཡོག་ནས་ཡིན་པའི་ཕྱུག་བདག་ཅིག་ད་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢༠ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་བསླེབས་ཏེ་ཨ་རིའི་སྲིད་འཛིན་དུ་བསྡད་ཡོད།  དེ་ནི་ཁོས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལྕམ་ཧི་ལ་རི་ཁུ་ལིན་ཊོན་ཕམ་ཉེས་སུ་བཏང་སྟེ་སྲིད་འཛིན་འོས་བསྡུར་རྒྱལ་ཁ་བླངས་པ་ནི། འདས་པའི་ཟླ་ངོ་ལྔ་ལྷག་རིང་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩིས་པ་དང་། ཐེངས་འདིར་ཉིན་གཉིས་རིང་ཁོ་རང་སྲིད་འཛིན་དུ་བསྡད་དེ་ཉིན་ ༡༠༠ འཁོར་བར་བསྐྱར་ཞིབ་བྱས་སྐབས་ཁོ་རང་ངོ་གནོང་དགོས་པའི་གནས་ཚུལ་མང་དག་ཅིག་ཡོད་ཀྱང་། འོས་བསྡུའི་གྲུབ་འབྲས་དེ་ནི་ད་དུང་ཁོས་སེམས་ནས་བརྗེད་མི་འདུག

ང་ཚོས་ཁོང་དང་ལྷན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་སྐོར་གླེང་སྟེ། ང་ཚོར་ཞི་ཅིན་ཕིན་གྱི་གཏམ་བཤད་འདྲ་བཤུས་ཤིག་སྤྲོད་རོགས་ཞེས་རེ་སྐུལ་ཞུས་སྐབས། ཁོས་ཐོག་མར་ཐེ་ཚོམ་དང་བཅས་ང་ཚོེར་སྤྲད་པའི་ཞི་ཅིན་ཕིན་གྱི་གཏམ་བཤད་འདྲ་བཤུས་ནི་ཨ་རིའི་འོས་བསྡུའི་སྐབས་ཀྱི་ས་ཁྲ་ཞིག་རེད།

ཊི་རུམ་ཕིས། “འདི་ང་ཚོའི་འོས་བསྡུའི་གྲུབ་འབྲས་ཀྱི་ས་ཁྲ་མཐའ་མ་དེ་ཡིན། ཁྱེད་ཚོས་ཁྱེར་ན་ཆོག་”ཅེས་ཨ་རིའི་ས་ཁྲ་ཞིག་གི་སྟེང་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་སའི་ས་ཁུལ་ཁག་ལ་དམར་རྟགས་བཀོད་པ་ཞིག་བསྟན་ཏེ། “ས་ཁྲ་འདི་ཡག་པོ་མི་འདུག་གམ། དམར་རྟགས་བཀོད་ཡོད་སར་ང་ཚོས་རྒྱལ་ཁ་ལངས་ཡོད།”ཅེས་བརྗོད་པ་དང་། གསར་འགོད་པ་རེ་རེར་འདྲ་བཤུས་རེ་སྤྲད་སོང་།

ཊི་རུམ་ཕིས་དེ་སྔ་ཁོ་རང་སྦ་གསང་མེད་པའི་མི་ཚེར་གོམས་ཡོད་ཀྱང་། ད་ལྟ་རང་ཉིད་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་གསང་རྒྱ་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོད་པར་ཧང་སང་བའི་རྣམ་འགྱུར་བསྟན་པ་མ་ཟད། ཁོ་ལ་ཆུ་ཚོད་ ༢༤ རིང་བདེ་སྲུང་མི་སྣས་བཀག་སྡོམ་བྱེད་བཞིན་པར་གོམས་ཀྱི་མེད་སྐོར་བརྗོད་བྱུང་། ཁོས་ “ང་ལ་དངོས་གནས་ཁེར་རྐྱང་དུ་ལུས་བའི་ཚོར་བ་ཡོང་གི་འདུག རྒྱུ་མཚན་ནི། བདེ་སྲུང་བ་མང་དྲགས་པས། ང་གང་ལའང་འགྲོ་ས་མི་འདུག” ཅེས་བརྗོད་ཡོད།

ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ་ནས་ཕྱིར་ཐོན་བྱེད་སྐབས། རྒྱུན་པར་ཕྱི་རོལ་མི་མཐོང་བའི་རླངས་འཁོར་ཞིག་གི་ནང་འགྲོ་དགོས་སྟབས། དེའི་སྐོར་ཊི་རུམ་ཕིས་བརྗོད་དོན། “ང་རྟག་པར་རླངས་འཁོར་རྒྱབ་ལོགས་ནས་བསྡད་དེ་ཕྱི་རོལ་དུ་འགྲོ་དགོས་ཀྱི་འདུག སྔོན་ཆད་ང་རླངས་འཁོར་རྒྱབ་ཏུ་རྩ་བ་ནས་འདུག་གི་མེད།  ད་ལྟ་ངས་རླངས་འཁོར་གཏོང་འདོད་ཡོད་ཀྱང་གཏོང་དབང་མི་འདུག ”ཅེས་བརྗོད་ཡོད།

ཊི་རུམ་ཕི་ད་དུང་ཕྱོགས་མང་པོ་ཞིག་གི་ཐོག་འགྱུར་བ་མ་ཕྱིན་པར་དེ་སྔ་བཞིན་གནས་ཡོད་པ་རེད། ཁོས་དེ་སྔ་ཚོང་འབྲེལ་བྱས་ཏེ་ཁེ་སྤོགས་ལངས་བ་དང་། ནེའུ་ཡོག་གི་ཐོག་བརྩེགས་ ༢༦ ཅན་གྱི་ཁང་བརྩེགས་བླངས་ཏེ་འཛམ་གླིང་མཛེས་མའི་འགྲན་བསྡུར་བྱས་བ་དང་། བརྙན་འཕྲིན་མདོ་འཛིན་པ་བྱས་བ་སོགས་ད་དུང་བློས་གཏོང་ཐུབ་ཀྱི་མེད།  འོན་ཀྱང་། ཊི་རུམ་ཕིས་དུས་རྒྱུན་དུ་ཕྱི་ན་ཡོད་པའི་རང་ཉིད་ཀྱི་སློབ་གྲོགས་དང་ཚོང་གྲོགས་རྙིང་བ་ཁག་ནས་ལམ་སྟོན་ཞུས་ཏེ། རང་ཉིད་ཀྱི་སྟོབས་ཤུགས་གོང་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་འདུག་ལ། ཁོའི་ལམ་སྟོན་པ་ཁག་ཅིག་གིས་ཀྱང་ཊི་རུམ་ཕིའི་ཆེད་དུ་བློ་གཅིག་སེམས་གཅིག་གིས་འབད་འབུངས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

ཊི་རུམ་ཕི་དེ་སྔ་འོས་བསྡུའི་སྐབས་ནས་བཟུང་གསར་ཁང་ཁག་ལ་མི་དགའ་སྟབས། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཝ་ཤི་ཊོན་དུ་ཕོ་བྲང་དཀར་པོས་ཨ་རིའི་གསར་འགོད་ལྷན་ཚོགས་ལ་དགོང་མོའི་གསོལ་ཚིགས་ཤིག་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། ཊི་རུམ་ཕིས་ཁོ་རང་མཉམ་ཞུགས་བྱེད་རྒྱུ་མིན་པའི་སྐོར་ལ། “ང་ལོ་རྗེས་མར་ཏན་ཏན་མཉམ་ཞུགས་བྱེད་རྒྱུ་ཡིན་” ཞེས་བརྗོད་དེ་གསར་ཁང་ཁག་གིས་ཁོ་ལ་ལྟ་སྟངས་ཡག་པོ་མེད་པ་སེམས་ནང་ཉར་ཡོད་པ་རེད།

ཐེངས་འདིའི་གསོལ་ཚིགས་དེ་ནི་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། རའུ་ཊིར་གསར་ལམ་འབྲེལ་མཐུད་པ་སྐུ་ཞབས་ཇཱད་ཧྥི་མ་སོན་ (Jeff Mason)ལྷན་ཚོགས་དེའི་ཚོགས་གཙོ་ཡིན།

བསྐྱར་བཅོས།: ༢༠༡༧/༠༤/༢༨

Leave a Reply

4 thoughts on “ཊི་རུམ་ཕི་སྲིད་འཛིན་ལས་གནས་ལ་སུན་སྣང་སྐྱེ།

  1. ཁག་མེད་ཁོས་གསར་འགོད་པར་དྲི་ལན་མ་སློག་ན་ལྐུག་པར་བརྩི། སློག་ན་ཁ་ཤོམ་འཐེན་དགོས་པས་རྣམ་འགྱུར་དེ་འདྲ་མི་སྟོན་ཐབས་མེད་ཡིན་རྒྱུ་རེད།

  2. ཊི་རུམ་ཕི་ད་ཁྱེད་ཉིན་བརྒྱ་ལས་སོང་མེད་ནའང་དབུགས་འཚང་ཁྲག་རླུང་འཕར་སེམས་མི་སྐྱིད་པ་དེ་འདྲ་བྱེད་དགོས་མ་རེད།
    ཐབས་ཤེས་གཅིག་རང་འདུག འཛམ་གླིང་དེད་དཔོན་༸གོང་ས་ཏཱ་ལིའི་བླ་མ་དང་ཞལ་འཛོམས་གནང་དང་ཁྱེད་ཀྱི་སྡུག་ངལ་རྣམས་གཞི་བར་གྱུར་ངེས།

  3. ཁྲོམ་རྒན་སྐྱོ་གླུ།
    སྟོད་ཨ་རིའི་སྲིད་ཁྲིའི་སྟེང་གི།།
    ང་འབྱོར་ལྡན་སྲིད་འཛིན་ཁྲོམ་ཕུ།།
    སྐྱིད་ཅི་ཡོད་ཨ་རིའི་སྲིད་འཛིན།།
    སྡུག་ལོས་ཡོད་ཆབ་སྲིད་མི་ཤེས།།
    དྲག་དམག་གིས་མཐའ་ནས་སྲུང་ཞིང་།།
    སྐུ་སྲུང་བས་གམ་ནས་བསྐྱོར་དུས།།
    ངའི་མཱ་ལིན་ནཱ་ཡི་རྩིབ་ནས།།
    སྐྱིད་མེད་ཀྱང་སྐྱོ་བ་སངས་ཀི།།
    ཁྱེད་ཀུམ་ཇོང་ཞེ་ནག་ཐོན་ནས།།
    བདུད་སྲིན་པོའི་རང་གཟུགས་བསྟན་ཐལ།།
    ཡུལ་ཉི་ཧོང་མཚོ་ཁུག་སྟེང་ལ།།
    ཐོག་འདྲ་བའི་རྡུལ་མཚོན་གཡུག་གི །
    སང་ནང་མོ་ནམ་མཁའལངས་དུས།།
    བྱང་གོ་རེས་རྒྱལ་སྟོན་བྱེད་ཀི །
    དྲག་དམག་གིས་ས་གཞི་བཀང་ནས།།
    ཁྱོད་དགའ་བའི་དགོད་སྒྲ་ལྷང་ལྷང་།།
    ང་ཨ་རིའི་གྲུ་གཟིངས་ལྡོམ་པོ།།
    ཁ་གར་འགྲོ་འདིར་འགྲོ་མེད་ཀི །
    ང་ལྡོམ་ནས་ཨོ་གླིང་ཉུལ་ནས།།
    ཕྱིར་འཁོར་ནས་ཧོང་གོང་བརྒྱུད་ནས།།
    སྐུ་སྲུང་བས་གམ་ནས་བསྐྱོར་ཅིང་།།
    གསར་འགོད་པས་རྒྱབ་ནས་དེད་དུས།།
    ཁྱེད་ཕོ་གསར་སྣང་བ་འབྲོང་རེད།།
    ང་རྒན་པོ་ཁྲོམ་རྒན་སྙིང་རྗེ།།
    —————————-རྨ་དུག་ལྕེ།

  4. ཁྲོ་ལ་མེ་འབར་སེམས་ཤུགས་ཆགས་ཀྱི་ཡོད་པ་འདྲ། ཁོས་ད་དུང་སྔོན་ཆད་ཀྱི་སྐྱིད་པོ་བཏང་བ་ཁག་དྲན་གྱི་ཡོད་ཚོད་འདུག ངོ་མ་ཐབས་སྡུག་རེད།