ཊི་རུམ་ཕིའི་དམ་འབུལ་ཉིན་མོ་ཨ་རིའི་རྒྱལ་ཞེན་ཉིན་མོ་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་སྲིད་འཛིན་ལས་འཁུར་དམ་འབུལ་ཞུས་པའི་ཉིན་མོ་དེ་ཨ་རིའི་རྒྱལ་ཡོངས་རྒྱལ་ཞེན་ཉིན་མོར་གཏན་འཁེལ་གསལ་བསྒྲགས་བྱས་ཡོད་འདུག

usa-trump-inauguration

གཟའ་ཉི་མའི་ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་གཞུང་གིས་ཡིག་ཆ་ཞིག་གསལ་བསྒྲགས་བྱས་པའི་ནང་། ཨ་རིའི་སྲིད་འཛིན་སྐབས་ ༤༥ པ་སྐུ་ཞབས་ཌོ་ནལ་ཊི་རུམ་ཕི་ཡིས་སྲིད་འཛིན་ལས་འཁུར་དམ་འབུལ་ཞུས་པའི་ཉིན་མོ་སྟེ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ནི། ཨ་རིའི་རྒྱལ་ཡོངས་ཀྱི་རྒྱལ་ཞེན་གྱི་ཉིན་(National Day of Patriotic Devotion)ཞེས་པར་གསལ་བསྒྲགས་གནང་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་སེན་སི་ཧྥེ་སིར་(Sean Spicer)ལགས་ཀྱིས་དེ་སྔོན་སྲིད་འཛིན་ལས་འཁུར་མཛད་སྒོའི་ཉིན་དེར་ཁོང་སྒེར་གྱི་དྲ་ལམ་ཐོག ཊི་རུམ་ཕིའི་དམ་འབུལ་མཛད་སྒོ་དེ་མ་འོངས་པར་གཞུང་འབྲེལ་ལས་དོན་གལ་ཆེན་གྱི་མིང་གཞུང་ལས་གཅིག་ལ་ངོས་འཛིན་ཡོང་གི་རེད་ཅེས་སྤེལ་ཡོད་པ་དང་། རྗེས་སུ་སྤྱི་མཐུན་ཚོགས་པའི་གཞུང་ངོས་ནས་དེ་ལྟར་གསལ་བསྒྲགས་གནང་ཡོད་པ་རེད། དེ་ལྟར་གསལ་བསྒྲགས་གནང་དགོས་པའི་རྒྱུ་མཚན་སྐོར་ལ་ ” སྲིད་གཞུང་གི་དབང་ཆ་དེ་མི་མང་ལ་རྩིས་སྤྲད་པའི་ཉིན་མོ་དང་། ང་ཚོས་རྒྱལ་ཁབ་གྱི་ཆེད་དུ་ཕན་ཚུན་ལ་བཞག་པའི་གན་རྒྱ་སྲ་བརྟན་ཡོང་ཆེད་ཡིན།” ཞེས་བརྗོད་ཡོད་པ་རེད།

གསལ་བསྒྲགས་ནང་ “སྲིད་གཞུང་གསར་བས་ཨ་རི་བའི་ནང་སེམས་ལ་བློ་སྤོབས་དང་སྐུལ་ལྕག་གཏོང་རྒྱུར། ང་ཚོ་ཚང་མ་མི་སེར་གཅིག་རེད། ང་ཚོའི་ལས་དབང་གཅིག་དང་དམིགས་ཡུལ་གཅིག་གི་ཆེད་དུ་མཉམ་གནས་བྱས་ཡོད།” ཞེས་དང་། “རང་དབང་ནི་ཨ་རི་བ་ཡོངས་ཀྱི་སྐྱེས་ཐོབ་ཀྱི་ཁེ་དབང་ཡིན་པ་དང་། ང་ཚོས་ངེས་པར་དུ་རང་གི་ཕ་མེས་ནས་བརྒྱུད་པའི་རྩ་ཆེ་བའི་རང་དབང་ལ་བདག་ཉར་དང་དད་གུས་ཞུ་དགོས།” ཞེས་སོགས་བཀོད་ཡོད་འདུག

མུ་མཐུད་དུ། “ང་ཚོའི་རྩ་ཁྲིམས་དེ་ཀོ་ཤོག་(parchment)སྟེང་དུ་བྲིས་ཡོད་ན་ཡང་། དེ་ནི་ནམ་ཡང་ཨ་རི་བའི་སེམས་ཁོངས་སུ་གསོན་པོར་ཡོད། གང་ན་རང་དབང་མེད་ན་དེ་ན་མི་མང་གིས་རང་དབང་ལ་ཡིད་ཆེས་མེད། གང་ན་ཁྲིམས་ལུགས་མེད་ན་དེ་ན་མི་མིང་གིས་ཁྲིམས་ལུགས་ལ་བརྩི་བཀུར་མེད། གང་ན་ཞི་བདེ་མེད་ན་དེ་ན་མི་མིང་གིས་ཞི་བདེ་ལ་རེ་སྨོན་མེད།” ཞེས་དང་། “ང་ཚོས་རང་ཉིད་དང་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བྱོས་དང་། ཨ་རིའི་མི་སེར་ལྟ་བུའི་མི་སེར་རླབས་ཆེ་བ་སུ་ཡང་མེད།   ང་ཚོས་སྒྲུབ་མི་ཐུབ་པའི་བྱ་གཞག་གང་ཡང་མེད།” ཅེས་སོགས་འཁོད་འདུག

ཨ་རིའི་སྲིད་འཛིན་སྔོན་མ་དག་གིས་ཀྱང་དེ་ལྟར་གསལ་བསྒྲགས་སྣ་ཚོགས་གནང་བའི་ལམ་སྲོལ་ཡོད་འདུག ༢༠༠༩ ལོའི་ཨོ་བྷ་མའི་དམ་འབུལ་ཉིན་མོ་དེ་རྒྱལ་ཡོངས་ཀྱི་བསྐྱར་གསོ་དང་འདུམ་འགྲིག་(Renewal and Reconciliation)ཞེས་པའི་ཉིན་མོར་ངོས་འཛིན་གསལ་བསྒྲགས་དང་། སྲིད་འཛིན་ཟུར་བ་བྷུ་ཤི་ཡིས་ ༢༠༠༤ ལོའི་དམ་འབུལ་ཉིན་མོ་དེ་ཨ་རིའི་འཛིན་ཐེངས་ ༤༠ པ་རོ་ནཱ་སྒྲི་རེ་གཱོན་(Ronald Reagan)སྐུ་གྲོངས་པའི་ཉིན་དེ་རྒྱལ་ཡོངས་མྱ་ངན་ཉིན་མོར(National Day of Mourning)ཞེས་པར་གསལ་བསྒྲགས།   དེ་བཞིན་ ༩། ༡༡ དོན་རྐྱེན་དེ་ཨ་རིའི་རྒྱལ་ཡོངས་རྒྱལ་གཅེས་ཀྱི་ཉིན་མོར་ (Patriot Day)གཏན་ཁེལ་ཡོད་པ་རེད།

སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply