ཊི་རུམ་ཕིའི་སློབ་སྟོན་པས་རྩ་དགོངས་ཞུས།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་རྒྱལ་ཡོངས་བདེ་འཇགས་སྟོན་པ་སྐུ་ཞབས་ཧྥི་ལེ་ཡན་གྱིས་ཨུ་རུ་སུའི་གཞུང་ཚབ་ལ་གསང་བའི་ཐོག་ནས་འབྲེལ་གཏུགས་བྱས་པའི་གནད་དོན་ཐོག་ཁོ་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར་སྲིད་འཛིན་ཊི་རུམ་ཕིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་ཧྥི་ལེ་ཡན་ (Michael Flynn) ལགས་རྩ་དགོངས་ཞུས་ཡོད་པ་དང་། དེ་ནི་སྲིད་འཛིན་ཊི་རུམ་ཕི་ཕོ་བྲང་དཀར་པོའི་ནང་མ་ཡོང་སྔོན་ལ། ཧྥི་ལེ་ཡན་གྱིས་གསང་བའི་ཐོག་ནས་ཨ་རིའི་ནང་གི་ཨུ་རུ་སུའི་གཞུང་ཚབ་ཀེ་སིལ་ཡ་ཀི་ (Sergey Kislyak) ལ་ཁ་པར་བཏང་སྟེ། ཨ་རིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པའི་སྐོར་ལ་གྲོས་མོལ་བྱས་ཡོད་པའི་གནད་དོན་ཞིག་ཡིན་འདུག

ཧྥི་ལེ་ཡན་གྱི་དགོངས་ཞུའི་ཡི་གེ་ནང་། སྟབས་མ་ལེགས་པར་ངས་ཨུ་རུ་སུའི་གཞུང་ཚབ་ལ་ཁ་པར་བཏང་བའི་གནས་ཚུལ་དེའི་སྐོར། སྲིད་འཛིན་གཞོན་པ་དང་དཔོན་རིགས་གཞན་དག་ལ་གསལ་བཤད་བྱེད་མ་ཐུབ་པར། སྲིད་འཛིན་རྣམ་གཉིས་ལ་སེམས་གཏིང་ནས་དགོངས་དག་ཞུས་པ་ཡིན་ལ། ཁོང་གཉིས་ནས་ངའི་དགོངས་གསོལ་ལ་བསམ་ཤེས་གནང་ཡོད་ཅེས་སོགས་འཁོད་ཡོད་འདུག

གནད་དོན་དེའི་ཐད་སྲིད་འཛིན་ཊི་རུམ་ཕིས། ཁོ་རང་གིས་སྲིད་འཛིན་གཞོན་པ་སྐུ་ཞབས་ཕིན་སི་ (Pence) དང་ལྷན་དུ་ཧྥི་ལེ་ཡན་གྱི་གནད་དོན་ལ་ཞིབ་འཇུག་བྱས་ཡོད་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སཱ་ཆེ་ཧྥི་ (Adam Schiff) ལགས་ཀྱིས། ཧྥི་ལེ་ཡན་རྩ་དགོངས་ཞུས་པ་ཙམ་གྱིས་ཁོས་ཨུ་རུ་སུར་ལྐོག་འབྲེལ་བྱས་པའི་གནད་དོན་ཐག་གཅོད་མི་ཐུབ་པར། ཊི་རུམ་ཕི་གཞུང་གིས་གནད་དོན་དེར་རྟོག་ཞིབ་ནན་ཏན་བྱེད་དགོས་སྐོར་བརྗོད་འདུག

གནས་ཚུལ་ནང་། སྐུ་ཞབས་ཧྥི་ལེ་ཡན་གྱིས་ཨུ་རུ་སུའི་གཞུང་ཚབ་ལ་ཁ་པར་བཏང་སྐབས། ཨ་རིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་སྐོར་གླེང་སློང་བྱས་མེད་ནའང་། ཨུ་རུ་སུས་ཡུ་ཁུ་རན་ནང་བཙན་འཛུལ་བྱས་པར་བརྟེན་ཏེ་སྲིད་འཛིན་ཨོ་བྷ་མ་གཞུང་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་ཡོད་ཀྱང་། ད་ལྟའི་ཨ་རི་དང་ཨུ་རུ་སུ་གཞུང་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ། དཔལ་འབྱོར་ཉེས་ཆད་དེ་ལག་བསྟར་བྱེད་དགོས་དོན་མེད་ཅེས་བརྗོད་ཡོད་སྐོར་བཀོད་འདུག

ཨ་རིའི་ཁྲིམས་ཞིབ་ཁང་ (Justice Department) གིས་བདུན་ཕྲག་སྔོན་མར། ཊི་རུམ་ཕིས་སྲིད་འཛིན་ལས་འཁུར་མ་ཞུས་སྔོན་ལ། ཧྥི་ལེ་ཡན་གྱིས་གསང་བའི་སྒོ་ནས་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཀེ་སིལ་ཡ་ཀི་ལ་འབྲེལ་གཏུགས་བྱས་ཡོད་སྐོར་བརྗོད་འདུག

ཨ་རིའི་གཞུང་ཕྱོགས་དཔོན་རིགས་ཁ་ཅིག་གིས། ཧྥི་ལེ་ཡན་རྩ་དགོངས་ཞུས་པར་བརྟེན་ཏེ། སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་སྲིད་འཛིན་ཕི་ཊེན་གཉིས་བར་གྱི་འབྲེལ་ལམ་ལ་འགྱུར་བ་འགྲོ་སྲིད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག་ལ། དཔོན་རིགས་ཁ་ཅིག་གིས་ཧྥི་ལེ་ཡན་རྩ་དགོངས་ཞུས་པར་བརྟེན་ཏེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་ (Rex Tillerson) དང་རྒྱལ་སྲུང་དྲུང་ཆེ་མཱ་ཊེ་ (Jim Mattis) གཉིས་གཙོས་པའི་ད་ལྟའི་ཨ་རིའི་དཔོན་རིགས་ཚོའི་མཐུན་སྒྲིལ་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༤

Leave a Reply