ཊི་རུམ་ཕིས་ཨོ་བྷ་མའི་བྱས་རྗེས་མེད་པ་བཟོ་བཞིན་འདུག་ཟེར།

ཊི་རུམ་ཕི་སྲིད་འཛིན་ཆགས་ཏེ་ཉིན་ཤས་ལས་ཕྱིན་མེད་ཀྱང་ཨ་རི་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ཚོང་འབྲེལ་མཐུན་ཚོགས་ལས་ཕྱིར་འཐེན་བྱས་ཏེ། འོས་བསྡུའི་སྐབས་མི་མང་ལ་དམ་བཅའ་བཞག་པ་ཁག་ལག་ལེན་བསྟར་གྱི་ཡོད་པའི་བརྡ་ཞིག་བསྟན་ཡོད་འདུག

Screen Shot 2017-01-24 at 2.18.00 PM

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ཁ་སང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནོལ་ཊི་རུམ་ཕི་ཡིས། ཨ་རི་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ཚོང་འབྲེལ་མཐུན་ཚོགས་(TPP)ལས་ཕྱིར་འཐེན་བྱས་ཏེ། འོས་བསྡུའི་སྐབས་མི་མང་ལ་དམ་བཅའ་བཞག་པ་དེ་ལག་ལེན་བསྟར་མགོ་བཙུགས་པའི་བརྡ་བསྟན་ཡོད། ཅེས་བཀོད་འདུག སྲིད་འཛིན་ཊོ་རིམ་ཕི་ཡིས། “ང་ཚོས་དེ་འདྲ་བྱས་པ་ནི་ཨ་རིའི་མི་མང་ལ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་བསྡད་ཡོད།” ཅེས་བརྗོད་ཡོད་འདུག

ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ཚོང་འབྲེལ་མཐུན་ཚོགས་དེར་ཡུ་རོབ་རྒྱལ་ཁབ་ཁག་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་ཆེ་ཁག་མཉམ་ཞུགས་བྱས་ཡོད་སྟབས། དེས་འཛམ་གླིང་གི་ཚོང་ལས་ཡོང་སྒོ་བརྒྱ་ཆ་ ༤༠ ཙམ་བཟུང་ཡོད་པ་དང་། ཚོང་ལས་མཉམ་འབྲེལ་དེའི་དམིགས་ཡུལ་གཙོ་བོ་རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་ཇེ་བཟང་དང་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ། དེ་བཞིན། ཁྲིམས་ཐོག་ནས་ཚོང་ཟོག་རྫུན་མ་བཟོ་མཁན་བཀག་སྡོམ་བྱེད་ཆེད་སོགས་ཡིན་འདུག

ཨ་རི་ཚོང་འབྲེལ་མཐུན་ཚོགས་དེར་ཐོག་མར་ཞུགས་སྐབས། སྐབས་དེའི་སྲིད་འཛིན་ཨོ་བྷ་མའི་གཞུང་གི་ཁ་གཏད་ཚོགས་པ་ཚོས་ངོ་རྒོལ་བྱས་ཡོད་ཅིང་། དེ་ནི་ཨ་རིའི་མི་མང་ལ་ཚོང་འབྲེལ་མཐུན་ཚོགས་དེས་ཕན་པ་ལས་གནོད་ཚབས་ཆེ་ཚུལ་བརྗོད་ཡོད་འདུག

སི་ཨིན་ཨིན་གསར་ཁང་གི་གནས་ཚུལ་ནང་། འོས་བསྡུའི་ལས་འགུལ་སྐབས་ཊི་རུམ་ཕི་ཡིས་དེ་འདྲའི་ཚོང་འབྲེལ་རིགས་ཀྱིས་ཨ་རིའི་རྒྱལ་ཁབ་གཏོར་བཤིག་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཁ་སང་ཁོས་རང་གི་ལས་རོགས་ཚོར། ཕྱི་རྒྱལ་ཁག་ཏུ་རོགས་སྐྱོར་བྱ་རྒྱུ་མཚམས་འཇོག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ལ་དངུལ་གྱི་འགྲོ་གྲོན་གཏོང་མི་དགོས་ཞེས་བཀའ་ནན་པོ་བཏང་ཡོད་འདུག

དེ་བཞིན། ཊི་རུམ་ཕི་ཡིས་ཨ་རིའི་ཚོང་འབྲེལ་མགོ་ཁྲིད་རྣམས་ལ་ཚོགས་འདུ་བསྐོངས་ཏེ། ད་ཡོད་ཚོང་གི་དཔྱ་ཁྲལ་བརྒྱ་ཆ་ ༣༥ ཡིན་པ་དེ་མར་ཆག་ཡང་བཏང་སྟེ། བརྒྱ་ཆ་ ༡༥ ནས་ ༢༠ བར་བཟོ་དགོས་པ་དང་། གལ་ཏེ་ཁོང་ཚོའི་ལས་ཀ་དེ་དག་ཨ་རིའི་རྒྱལ་ཁབ་རང་དུ་བྱས་ན། དེ་སྔའི་ཚོང་གི་སྒྲིག་ཁྲིམས་ཡོད་པ་ལ་འགྱུར་བཅོས་བཏང་སྟེ། ཁེ་བཟང་བརྒྱ་ཆ་ ༧༥ རང་གིས་ཉར་ཆོག་པ་བཟོ་རྒྱུའི་ཁས་ལེན་བྱས་ཡོད་འདུག

སི་ཨིན་ཨིན་གྱི་གནས་ཚུལ་ནང་། ཨ་རིའི་རྒྱལ་ཁབ་ཏི་པི་པི་(TPP)ཚོང་འབྲེལ་མཐུན་ཚོགས་ནང་མཉམ་ཞུགས་བྱས་ཐུབ་པ་ནི། སྲིད་འཛིན་ཟུར་པ་ཨོ་བྷ་མས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་འཛིན་པའི་སྲིད་ཇུས་ཀྱི་བྱས་རྗེས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། སྲིད་འཛིན་ཊོ་རིམ་ཕིས་གཞུང་བཟུང་སྟེ་ཉིན་ཤས་ལས་མ་ཕྱིན་པར་མཐུན་ཚོགས་དེ་ལས་ཨ་རི་ཕྱིར་འཐེན་བྱས་ཡོད་པ་རེད། སྲིད་འཛིན་ཊི་རུམ་ཕིས་དེ་ལྟར་བྱེད་ཀྱིན་རིམ་གྱིས་སྲིད་འཛིན་ཟུར་པ་ཨོ་བྷ་མས་མགོ་འཛུགས་བྱས་པའི་བྱས་རྗེས་ཆེ་ཁག་ཚང་མ་མེད་པ་བཟོ་རྒྱུའི་འཆར་གཞི་འཐེན་གྱི་ཡོད་ཚུལ་སོགས་བཀོད་འདུག

ཊི་པི་པི་(TPP)ཟེར་བ་དེ་ནི། ༢༠༡༥ ཟླ་ ༨ ཚེས་ ༥ ཉིན་ནིའུ་ཛི་ལེན་ཌི་(New Zealand)རྒྱལ་ཁབ་ཏུ་གསར་འཛུགས་བྱས་ཡོད་པ་དང་། དེར། ཨོ་སི་ཊོ་ལི་ཡ། བྷརུ་ནེ། ཁེ་ན་ཌ། ཅེ་ལེ། ཉི་ཧོང་། མི་ལེ་ཤི་ཡ། མེག་སི་ཁཱོ། ནིའུ་ཛི་ལན་ཌི། པི་རུ། སེགྷ་པུར། ཨ་རི། ཝེ་ཐི་ནམ་བཅས་རྒྱལ་ཁབ་ ༡༢ ལས་གྲུབ་པའི་ཚོང་འབྲེལ་མཐུན་ཚོགས་ཤིག་ཡིན་ཞིང་ ༢༠༡༦ ཟླ་བ་ ༢ ཚེས་ ༤ ཉིན་རྒྱལ་ཁབ་ ༡༢ གྱི་འཐུས་མི་འཛོམས་ཏེ་གྲོས་ཆོད་དེར་མཚན་རྟགས་བཀོད་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིའི་གཞུང་གིས་དེ་སྔོན་ཁ་སྟོང་པ་བཤད་སྡོད་པ་ལས། འཆར་གཞི་བརྟན་པོ་གང་ཡང་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཁོང་གི་སྲིད་འཛིན་ལས་འཁུར་ཉིན་མི་མང་པོས་ངོ་རྒོལ་བྱས་པ་ནི། དེ་སྔོན་ཨ་རིའི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་ཡིན་ཡང་། ཁོའི་སྲིད་འཛིན་དམ་འབུལ་མཛད་སྒོ་དེར་དྲ་འཕུད་པའི་བརྙན་འཕྲིན་བརྒྱུད་ལྟ་མཁན་མི་ས་ཡ་ ༣༠ ལྷག་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཊི་རུམ་ཕིས་ཨོ་བྷ་མའི་བྱས་རྗེས་མེད་པ་བཟོ་བཞིན་འདུག་ཟེར།

  1. ཁ་སང་ཁོས་རང་གི་ལས་རོགས་ཚོར། ཕྱི་རྒྱལ་ཁག་ཏུ་རོགས་སྐྱོར་བྱ་རྒྱུ་མཚམས་འཇོག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ལ་དངུལ་གྱི་འགྲོ་གྲོན་གཏོང་མི་དགོས་ཞེས་བཀའ་ནན་པོ་བཏང་ཡོད་འདུག