ཌོ་ནལ་ཊི་རུམ་ཕིའི་ཨ་རིའི་གྲོས་ཚོགས་ནང་གི་གཏམ་བཤད་ཐོག་མ།

ཨ་རིའི་སྲིད་འཛིན་ཌོ་ནཱལ་ཊོ་རུམ་ཕི་མཆོག་གིས་ ༢༠༡༧ ཟླ་ ༢ ཚེས་ ༢༨ ཉིན། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ནང་གཏམ་བཤད་ཐེངས་དང་པོར་གནང་བ་འདི་གས་བོད་བསྒྱུར་བྱས་ཡོད།

གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག སྲིད་འཛིན་གཞོན་པ། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ། ཨ་རིའི་བུད་མེད་དང་པོ། དེ་བཞིན་ཨ་རིའི་མི་མང་། དོ་ནུབ་ང་ཚོའི་ལོ་རྒྱུས་ནང་གི་ཆེས་དཀའ་སྡུག་གི་དུས་ཚོད་ཅིག་མཇུག་སྒྲིལ་བའི་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད། འདིས་ང་ཚོའི་རྒྱལ་ཁབ་ཀྱིས་རང་གི་མི་མང་གི་ཆེད་དུ་མདུན་སྐྱོད་བྱེད་བཞིན་པ་དང་། ད་དུང་བྱ་རྒྱུ་ལྷག་ཡོད་པ་མང་པོ་ཞིག་དྲན་གསོ་བྱེད་ཀྱིན་ཡོད།

ཉེ་ལམ་འཇིའུ་ཆོས་ལུགས་ཚོགས་པའི་བསྟི་གནས་དང་དེའི་འདས་མཆོད་བྱེད་ཡུལ་གཏོར་བཤིག་ལ་དམིགས་ཏེ་འཇིགས་སྐུལ་བྱས་པ་དང་། བདུན་ཕྲག་སྔོན་མར་ཀཱེན་སཱས་གྲོང་འཁྱེར་(Kansas City)ནང་མེ་མདའ་བརྒྱབ་པའི་དོན་རྐྱེན་སོགས་ཀྱིས་ང་ཚོར་གང་ཞིག་དྲན་གསོ་བྱེད་ཀྱི་ཡོད་ཟེར་ན། སྤྱིར་ང་ཚོའི་རྒྱལ་ཁབ་གཅིག་གི་ནང་ལངས་ཕྱོགས་མ་འདྲ་བའི་དབང་གིས་ཤོག་ཁག་སོ་སོར་ཆགས་ཡོད་ཀྱང་། རང་གི་རྒྱལ་ཁབ་ལ་མི་དགའ་མཁན་དང་གནོད་པ་བྱེད་མཁན་བྱུང་ཚེ་དེ་དག་ལ་གདོང་ལེན་བྱེད་སྐབས་རྒྱལ་ཁབ་གང་ནས་བལྟས་ཀྱང་གཅིག་ཏུ་བསྒྲིལ་ཡོད་པ་བསྟན་ཡོད།

ད་བར་ཨ་རིའི་མི་རབས་ནས་མི་རབས་ལ་དྲང་བདེན་དང་། རང་དབང་། འདྲ་མཉམ་སོགས་ཀྱི་བསམ་བློའི་དཔལ་འབར་དེ་བརྒྱུད་སྤྲོད་བྱས་ཏེ་ཡོང་བ་རེད། དཔལ་འབར་དེ་ད་ལྟ་ང་ཚོའི་མི་རབས་ཀྱི་ལག་པར་བསླེབས་ཡོད་པ་རེད། ང་ཚོས་དཔལ་འབར་འདིའི་འོད་སྣང་འཛམ་གླིང་ལ་འཕྲོ་རུ་འཇུག་ངེས་ཡིན། དོ་ནུབ་ང་འདིར་ཨ་རིའི་ཆིག་སྒྲིལ་དང་སྟོབས་ཤུགས་སྔར་ལས་དར་རྒྱས་སུ་འགྲོ་བར་བརྡ་ལེན་སྤྲོད་པར་ཡོང་བ་ཡིན། བརྡ་ལེན་འདི་ངས་སེམས་གཏིང་ནས་སྤྲོད་ཀྱིན་ཡོད།

ཨ་རི་བའི་རླབས་ཆེན་གྱི་ལེའུ་གསར་བ་ཞིག་ད་ཆར་མགོ་འཛུགས་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་སྤོབས་པ་གསར་པ་ཞིག་ང་ཚོའི་རྒྱལ་ཁབ་ནང་ཁྱབ་བརྡལ་འགྲོ་བཞིན་ཡོད། དེ་བཞིན། རེ་བ་བཟང་པོའི་རྦ་རླབས་གསར་པས་མི་སྲིད་པའི་རྨི་ལམ་དེ་ཚོ་སྲིད་པའི་ཆོས་ལ་བསྒྱུར་ཏེ་ང་ཚོར་ཡིད་ཆེས་དང་རེ་བ་དྲངས་ཡོད།

དེ་རིང་ང་ཚོས་མཐོང་བཞིན་པ་ནི། ཨ་རི་བའི་སྙིང་སྟོབས་སླར་གསོ་བྱེད་བཞིན་པ་དེ་ཡིན། ང་ཚོའི་རྒྱལ་ཁབ་དང་འབྲེལ་ཡོད་དག་གིས་ཨ་རིའི་རྒྱལ་ཁབ་ཀྱིས་སླར་ཡང་མགོ་ཁྲིད་བྱེད་པར་གྲ་སྒྲིག་བྱེད་ཀྱིན་པ་མཐོང་གི་རེད། འཛམ་གླིང་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། ཁ་གཏད་རྒྱལ་ཁབ་ཡོངས་རྫོགས་ཀྱིས་ཨ་རིའི་རྒྱལ་ཁབ་ནི་སྟོབས་ཤུགས་ཅན་དང་། སྤོབས་པ་ཅན། རང་དབང་ཅན་ཞིག་ཡིན་པ་མཐོང་གི་རེད།

ང་ཚོའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༢༥༠ འཁོར་བཞིན་ཡོད། ལོ་དགུའི་ནང་ཨ་རིའི་རྒྱལ་ཁབ་ཀྱིས་རང་བཙན་ཐོབ་ནས་མི་ལོ་ ༢༥༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུ་རྒྱུ་རེད། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འཛམ་གླིང་གི་ཆེས་ཆེ་བའི་མཛད་སྒོ་ཞིག་ཆགས་ངེས་རེད། འོན་ཀྱང་། རྒྱལ་ཁབ་དབུ་བརྙེས་ནས་མི་ངོ་ ༢༥༠ འཁོར་སྐབས་ཨ་རིའི་རྣམ་པ་གང་འདྲ་ཞིག་ཆགས་རྒྱུ་ཡིན་པ་དང་། ང་ཚོས་རང་གི་ཕྲུ་གུ་ཚོར་ཨ་རིའི་རྒྱལ་ཁབ་གང་འདྲ་ཞིག་བརྩིས་སྤྲོད་བྱ་རྒྱུ་ཡིན།

ངས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བྱུང་བའི་ནོར་འཁྲུལ་དེ་ལྟ་བུ་ཞིག་མ་འོངས་པའི་ལོ་ཟླའི་ནང་འབྱུང་འཇུག་གི་མིན། ལོ་ངོ་མང་པོ་ཞིག་ལ་ང་ཚོའི་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་བ་རྣམས་ལ་ལས་ཀ་སྤྲད་པ་དང་། རང་རྒྱལ་གྱི་རྒྱུ་དངོས་དེ་དག་ཕྱིར་འདྲེན་བྱས་སྟབས། ང་ཚོའི་མི་མང་དཀྱུས་མ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པ་ང་ཚོས་དངོས་སུ་མཐོང་ཡོད། ང་ཚོས་གོ་ལ་གཅིག་འགྱུར་གྱི་ལས་འཆར་ཐོག་རོགས་དངུལ་གཅིག་འཕྲོར་གཅིག་མཐུད་དུ་བཏང་སྟེ། རང་རྒྱལ་གྱི་གྲོང་འཁྱེར་ཅཱི་ཀཱ་ཀོ་(Chicago)། བྷལ་ཏཱི་མཱོ་རཱི་(Baltimore)། གྲཱྀ་ཊོ་ཨི་ཡེཊ་(Detroit) སོགས་ཕྱོགས་གང་སར་ཕྲུ་གུ་ཚོའི་ལས་དབང་སྣང་མེད་དུ་བཞག་ཡོད།

ང་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་མཐའ་མཚམས་སྲུང་སྐྱོབ་བྱས་ཤིང་། རང་གི་རྒྱལ་ཁབ་ཀྱི་མཐའ་མཚམས་སྣང་མེད་དུ་བཞག་སྟེ། ཨ་རིའི་ཕྱོགས་སོ་སོའི་སྒོ་མོ་ཡོངས་སུ་ཕྱེས་ནས་སུ་ཞིག་ཡོང་ན་ཡོང་དུ་བཅུག་སྟབས། ད་ལྟ་རང་གི་རྒྱལ་ནང་ཡོངས་རྫོགས་དུག་གིས་ཁེངས་ཏེ་རྒྱལ་ཁབ་ནམ་ཞིག་ལ་འཇིག་རྒྱུ་ཡིན་པ་ཚོད་དཔག་བྱེད་དཀའ་བའི་གནས་སྟངས་ཆགས་ཡོད། ང་ཚོས་རྒྱ་མཚོའི་ཕ་རོལ་གྱི་རྒྱལ་ཁབ་རྣམས་ལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་སྟོང་ཕྲག་མང་པོ་བཏང་སྟེ། རང་གི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་རྣམས་སྣང་མེད་དུ་བསྐྱུར་ཡོད་པ་མ་ཟད། ཕ་མེས་ཚོའི་རླབས་ཆེན་གྱི་འཛུགས་སྐྲུན་དག་ཀྱང་ད་ལྟ་གས་ཆག་ཤོར་དུ་བཅུག་ཡོད།

༢༠༡༦ ལོ་ནས་ང་ཚོས་ཐབས་གདུག་གི་གནས་སྟངས་དེ་དག་ལས་གོམ་པ་མདུན་སྤོ་བྱེད་མགོ་བརྩམས་པ་ཡིན། ཁུ་སིམ་སིམ་ངང་རང་གི་ཐོབ་ཐང་ཆེད་ངོ་རྒོལ་བྱས་ཤིང་། ངོ་རྒོལ་དེར་རིགས་རུས་དབྱེ་བ་མེད་པར་ཁྱིམ་ཚང་རེ་རེ་ནས་མགོ་བཙུགས་སོང་། ངོ་རྒོལ་དེ་ནི་ཧ་ཅང་འོས་ཤིང་འཚམ་པ་ཞིག་རེད། སོ་སོར་ལས་ཀ་དགོས་པ་དང་སོ་སོའི་ཕྲུ་གུར་མ་འོངས་པ་དགོས་ཀྱི་ཡོད། འོན་ཀྱང་། ཁུ་སིམ་པོའི་ངོ་རྒོལ་འབོད་སྒྲ་དེ་གློ་བུར་དུ་ཇེ་མཐོར་སོང་སྟེ། གྲོང་འཁྱེར་དང་གྲོང་བརྡལ་ཡོངས་ཀྱི་མི་མང་གིས་མགྲིན་གཅིག་ཏུ་སྐད་འབོད་བརྒྱབ་པ་རེད། མཐར་སྐད་འབོད་དེའི་ཁྲོད་ཨ་རིའི་མི་མང་ས་ཡ་བཅུ་ཕྲག་འགས་ཆིག་བསྒྲིལ་བྱས་ཡོད་སྟབས། གནམ་ས་གཉིས་ཀར་གཡོ་འགུལ་བསླངས་པ་རེད། སྐད་འབོད་དེའི་བརྗོད་དོན་གསར་པ་ཞིག་མིན་ཡང་། ཧ་ཅང་གལ་འགངས་ཆེ་བའི་དགོས་མཁོ་ཞིག་རེད། དགོས་མཁོ་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་མི་སེར་ཞིག་ཡིན་ན་ཨ་རིའི་རྒྱལ་ཁབ་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ལས་ཨ་རི་བ་དང་པོར་འཇོག་དགོས་པ་དང་། ཨ་རི་བ་དང་པོར་བཞག་སྟེ་ད་གཟོད་ཨ་རི་སླར་ཡང་རླབས་ཆེན་གྱི་རྒྱལ་ཁབ་ངོ་མ་ཞིག་བཟོ་དགོས་པ་དེ་རེད། དེ་ཡང་། ཚེ་སྲོག་འཆད་ཀྱིན་པའི་བཟོ་གྲྭ་རྣམས་སླར་གསོན་དུ་འཇུག་རྒྱུ་དང་། ང་ཚོའི་རྒྱལ་ཁབ་ཀྱི་མཁྱེན་ཡོན་དཔའ་མཛངས་ལྡན་པ་རྣམས་ལ་དགོས་ངེས་ཀྱི་མཐུན་རྐྱེན་མཁོ་སྤྲོད་བྱེད་དགོས་པ་དེ་རེད།

ད་ནི་ང་ཚོས་རང་རྒྱལ་གྱི་དམག་མི་དཔའ་མཛངས་རྟུལ་ཕོད་ཅན་རྣམས་ལ་དགོས་མཁོ་ཡོད་པའི་ཆ་རྐྱེན་ཡོད་ཚད་བསྐྲུན་རྒྱུ་ཡིན། ཐོར་ཞིག་ཏུ་འགྲོ་བཞིན་པའི་རྒྱ་ལམ་དང་། ཟམ་ཆེན། ཕུག་ལམ། གནམ་ཐང་། མེ་འཁོར་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམས་བསྐྱར་གསོ་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱི་ཡིད་དབང་འཕྲོག་པའི་མཛེས་སྡུག་ངོམས་ཆོག་པ་ཞིག་བཟོ་རྒྱུ་ཡིན།

འཇིགས་སུ་རུང་བའི་མྱོས་རྫས་ཁྱབ་བརྡལ་མྱུར་བོར་འགྲོ་བཞིན་པ་དག་རིམ་གྱིས་བཀག་འགོག་བྱས་ཏེ་རྩ་མེད་གཏང་རྒྱུ་ཡིན། ད་བར་སྣང་མེད་བཞག་པའི་གྲོང་འཁྱེར་དེ་དག་ནང་རེ་བ་གསར་པ་ཞིག་འཁྱེར་ཡོང་རྒྱུ་ཡིན་ལ། མི་དང་གྲོང་འཁྱེར་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ལས་ཀའི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན།

ཚང་མའི་ནང་ནས་གལ་འགངས་ཆེ་ཤོས་དེ་མི་མང་ལ་དམ་བཅའ་གང་བཞག་པ་དེ་དག་དངོས་སུ་ལག་བསྟར་བྱེད་པར་འབད་བརྩོན་བྱ་རྒྱུ་དེ་ཡིན། ད་ལྟ་ངས་སྲིད་འཛིན་ལས་འཁུར་དམ་འབུལ་བྱས་ཏེ་ཟླ་གཅིག་ལས་ཕྱིན་མེད་ཀྱང་། འོས་བསྡུའི་སྐབས་མི་མང་ལ་ཁས་ལེན་གང་བྱས་པ་ལྟར། ད་སྔ་ལག་ལེན་ཅི་ཙམ་བསྟར་ཡོད་མེད་ངས་དེ་རིང་མི་མང་ལ་གསལ་བཤད་ཞུ་རྒྱུ་ཡིན། ངའི་འོས་བསྡུའི་རྗེས་ནས་བཟོ་གྲྭ་ཕཱོ་ཊ་(Ford)། ཕཱི་ཨེཊ་ཀཱི་རཱེས་ལཱར་(Fiat Chrysler)། ཇཱི་ནཱི་རཱལ་མོ་ཊར་(General Motors)། ཨེས་པཱི་རེཊ་(Sprint)། སཱོཕ་ཝེང་(Soft Bank)། ལཱོཀ་ཧཱིཊ་(Lockheed)། ཨིན་ཊེལ་(Intel)། ཝལ་མཱཊ་(Walmart)སོགས་བཟོ་གྲྭ་མང་པོས་ཨ་སྒོར་ཐེར་འབུམ་ཁ་ཤས་ཀྱི་མ་རྩ་བཙུགས་ཏེ། ཨ་རི་བ་སྟོང་ཕྲག་མང་པོར་ལས་ཀ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པའི་མི་ཚད། ད་ལྟ་གསལ་བསྒྲགས་ཀྱང་སྤེལ་ཚར་ཡོད།

ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ད་བར་ཚོང་ཟོག་གི་ཁྲོམ་རྭར་(Stock Market)ཕལ་ཆེར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གསུམ་ཙམ་ཐོབ་པ་ནི། ལོ་རྒྱུས་རང་བཞིན་ལྡན་པའི་ཨ་རིའི་རྒྱལ་ཁ་ཞིག་ཆགས་ཡོད། ང་ཚོས་ཡ་མཚན་ཅན་གྱི་མཁའ་དམག་གི་གནམ་གྲུ་གསར་པ་ཨེཕ་ ༣༥ (F-35 jet fighter)ཉོས་སྐབས་གོང་ཚད་ཆག་ཡང་བཏང་སྟེ་ཉོས་ཡོད་སྟབས། དཔྱ་ཁྲལ་གྱི་དངུལ་ཨ་སྒོར་ཐེར་འབུམ་བརྒྱ་ལྷག་སྲུབ་སྐྱོབ་བྱེད་ཐུབ་ཡོད། ད་དུང་ཚོང་དོན་གཞན་ལས་ཀྱང་དེ་ལྟར་བྱས་ཏེ་དངུལ་ཕོན་ཆེན་སྲུང་སྐྱོབ་བྱེད་ཐུབ་ངེས་རེད།

ང་ཚོས་དམག་ཁོངས་དང་གཞུང་གི་གནད་ཡོད་མི་སྣ་འཕུད་པའི་ལས་བྱེད་བསྐོ་འཐེན་མཚམས་འཇོག་བྱས་ཡོད། ས་གནས་ཀཱི་ཨེས་ཊོན་(Keystone)དང་། ཌཱ་ཀཱི་ཊཱ་(Dokota)གཉིས་འབྲེལ་མཐུད་སྦུག་ལམ་བཟོ་སྐྲུན་ཐག་བཅད་ཟིན་པ་དང་། ལས་གཞི་དེའི་ཁྲོད་ཨ་རི་བ་སྟོང་ཕྲག་ཁ་ཤས་ལ་ལས་ཀ་རག་ངེས་ཡིན་པ་མ་ཟད། སྦུག་ལམ་དེ་བཟོ་སྐྲུན་གྱི་རྣོ་ལྕགས་ཡོངས་རྫོགས་ཨ་རིའི་བཟོ་གྲྭ་ཁག་ནས་ཐོན་པའི་རྣོ་ལྕགས་བེད་སྤྱོད་གཏོང་རྒྱུ་བྱས་ཡོད།

ཉེ་ལམ་རང་རྒྱལ་ལ་ཕན་པ་ལས་གནོན་པ་ཆེ་བའི་ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་མཐུན་ཚོགས་(Trans-pacific partnership)ལས་ང་ཚོ་ཕྱིར་འཐེན་བྱས་ཡོད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ཎ་ཌའི་སྲིད་བློན་སྐུ་ཞབས་ཇཱས་ཏིན་ཊཱརུ་ཌཱ་ཨེ་འཱུ་(Justin Trudeau)དང་གྲོས་བསྡུར་བྱས་ཏེ་ཚོགས་པ་ཞིག་བཙུགས་ཡོད། ཚོགས་པ་དེས་བུད་མེད་ཚོའི་ཚོང་ལས་ཀྱི་རྨི་ལམ་མེད་པ་ཆགས་སུ་མ་བཅུག་པར་མུ་མཐུད་ནས་ཁེ་ཎ་ཌའི་རྒྱལ་ཁབ་ཏུ་ཚོང་ཁང་བཙུགས་ཏེ་ཚོང་འབྲེལ་བྱེད་ཆོག་པ་བཟོས་ཡོད།

མི་མང་གི་སྲུང་སྐྱོབ་དང་དྲག་སྤྱོད་དོན་རྐྱེན་ཇེ་ཉུང་དུ་གཏོང་ཆེད་དྲང་བདེན་ལྷན་ཁང་(Department of Justice)ལ་ཆེད་ལས་དཔུང་དམག་རུ་ཁག་(Task force)གསར་དུ་འཛུགས་དགོས་པའི་བཀའ་ཁྱབ་བཏང་ཡོད། དེ་བཞིན། ནང་སྲིད་དང་བདེ་སྲུང་ལྷན་ཁང་། དྲང་བདེན་ལྷན་ཁང་། མངའ་སྡེ་ལྷན་ཁང་། རྒྱལ་ཁབ་གསང་བའི་ལས་ཁུངས་སོགས་ཀྱི་མགོ་ཁྲིད་རྣམས་ལ་རྒྱལ་ཁབ་ཀྱི་ཕྱོགས་གང་སར་ཁྲིམས་འགལ་བྱེད་མཁན་དང་། ལས་དོན་དེ་རིགས་འཆར་འགོད་བྱེད་མཁན་སྔོན་འགོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད།

ཕྱི་ལོགས་ནས་མྱོས་རྫས་སྣ་ཚོགས་ཁྱེར་ཡོང་སྟེ་ང་ཚོའི་གཞོན་སྐྱེས་རྣམས་འཕྲོ་བརླག་ཏུ་གཏོང་བཞན་པ་གཏན་འགོག་བྱ་རྒྱུ་ཡིན་ལ། ང་ཚོའི་གཞོན་སྐྱེས་མྱོས་རྫས་ངན་གོམས་སོང་ཡོད་རིགས་སྨན་བཅོས་བྱས་ཏེ་མྱུར་སྐྱོབ་བྱ་རྒྱུ་ཡིན།

ཡུལ་གཞན་ནས་ཡོང་མཁན་ཚོར་ཁྲིམས་སྒྲིག་གཏན་འབེབས་བྱས་ཏེ། ལས་མེད་ཚོར་རོགས་སྐྱོར་དང་ལས་བྱེད་ཚོའི་གླ་ཕོགས་སྤར་རྒྱུ་ཡིན། ཨ་སྒོར་ཐེར་འབུམ་མང་པོ་གསོག་འཇོག་བྱས་ཏེ་ཨ་རི་བའི་ཆེད་དུ་ཨ་རིའི་རྒྱལ་ཁབ་འདི་ཉིད་ལྷིང་འཇགས་ལྡན་པ་ཞིག་དང་། མི་མང་ཚང་མའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་བྱེད་རྒྱུ་ཡིན། འོན་ཀྱང་། དེ་འདྲ་ཞིག་ཡོང་བར་ངེས་པར་དུ་སྤྱི་ཚོགས་ཁྱོན་ཡོངས་ཁྲིམས་ལུགས་དང་མཐུན་པར་འགྲོ་ཐུབ་དགོས་སྟབས། ང་ཚོའི་ནང་ཁུལ་མཐུན་འབྲེལ་ཡོང་ཐུབ་དང་ས་མཚམས་ཁག་ཏུ་ཁྲིམས་ལུགས་ཡོད་པ་ཞིག་བཟོ་རྒྱུ་ཡིན།

མི་འགྱངས་བར་ཨ་རིའི་ལྷོ་ཕྱོགས་མཐའ་མཚམས་ཁག་ཏུ་རྩིག་གྱང་སློང་བའི་ལས་གཞི་མགོ་འཛུགས་རྒྱུ་ཡིན། རྩིག་གྱང་དེ་བསླངས་བ་ཡིན་ན། ང་ཚོའི་རྒྱལ་ཁབ་ནང་མྱོས་རྫས་དབོར་འདྲེན་གྱི་ནག་ཉེས་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད་རིམ་གྱིས་རྩ་མེད་བཟོ་ཐུབ་པ་རེད།

གོང་དུ་བཤད་པ་ལྟར། ང་ཚོའི་མི་མང་དང་སྤྱི་ཚོགས་ལ་རྙོག་གྲ་བཟོ་མཁན་དང་མྱོས་རྫས་ལྐོག་ཚོང་བྱེད་མཁན། དེ་བཞིན། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་རྣམས་འཇུ་བཟུང་བྱས་ཏེ། སྤྱི་ཚོགས་ཡོངས་གཙང་བཟོ་བྱེད་ཀྱིན་ཡོད་སྟབས། གང་མགྱོགས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་འགྲོ་ངེས་རེད། འདི་དག་ཐད་ངས་དེ་རིང་ཁྱེད་ཚོར་ཁས་ལེན་དམ་བཅའ་ཞུ་བཞིན་ཡོད།

ངས་དོ་ནུབ་འདིར་གྲོས་ཚོགས་ར་བར་བཞུགས་པའི་སྒྲིག་ཁྲིམས་གསར་བཟོ་ལ་བཀག་འགོག་བྱེད་མཁན་རྣམས་ལ་དྲི་བ་ཞིག་འདྲི། ང་ཚོས་རང་གི་མཐའ་མཚམས་སྲུང་སྐྱོབ་དང་སྒྲིག་ཁྲིམས་ལེགས་པར་བསྐྱངས་མ་ཐུབ་སྟབས། ཨ་རི་བ་མང་པོ་ཞིག་ལས་མེད་ཆགས་པ་དང་། དངུལ་གྱི་ཡོང་འབབ་མེད་པ་ཆགས་པ་མ་ཟད། ཁ་ཤས་ཀྱི་གཉེན་ཉེའི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད། ཁྱོད་ཀྱིས་དེ་དག་གི་ནང་མི་ཚོར་ལན་གང་འདྲ་ཞིག་རྒྱག་རྒྱུ་ཡིན་ནམ།

ང་ཚོའི་ལས་འགན་ནི་ཨ་རིའི་མི་མང་ལ་ཞབས་ཞུ་དང་། སྲུང་སྐྱོབ། རོགས་རམ་བྱེད་རྒྱུ་དེ་ཡིན། ད་ལྟ་ང་ཚོས་ཨ་རིའི་རྒྱལ་ཁབ་འདི་ཁ་ཆེ་དྲག་སྤྱོད་པའི་ཉེན་ཁ་ལས་སྐྱོབ་པའི་ཐབས་ཤེས་གང་ཡོང་བྱེད་ཀྱིན་ཡོད།

དྲང་བདེན་ལྷན་ཁང་གིས་ཐོ་འགོད་བྱས་པ་ལྟར་ན། ༩།༡༡ གྱི་དོན་རྐྱེན་རྗེས་ནས་ང་ཚོའི་རྒྱལ་ཁབ་ཀྱི་རྐྱེན་ཆག་ཆེན་པོ་ཐམས་ཅད་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་དྲག་སྤྱོད་པ་ཚོས་བྱས་པ་ཤ་སྟག་ཆགས་འདུག བྷོ་སི་ཊོན་(Boston)ནས་སཱེན་བྷེར་ནཱར་དྷི་ནཱོ་(Bernardino)དང་། སཱེན་བྷེར་ནཱར་དྷི་ནཱོ་ནས་པཱེན་ཊཱ་གྷོན་(Pantagon)། པཱེན་ཊཱ་གྷོན་ནས་འཛམ་གླིང་ཚོང་ཟོག་གི་བསྟི་གནས་ཁང་(World Trade Center)སོགས་སུ་ཡ་ང་སྙིང་རྗེ་མེད་པའི་གནས་ཚུལ་ག་རེ་བྱུང་བ་ང་ཚོས་དངོས་སུ་མཐོང་ཡོད། དེ་བཞིན། ང་ཚོས་འཇིགས་སྐུལ་རིང་ལུགས་པ་དེ་ཚོས་ཧྥ་རན་སི་(France)དང་། འཇར་མན་(Germany)སོགས་འཛམ་གླིང་གི་ས་ཕྱོགས་གང་སར་འཐབ་རྒོལ་བྱས་དང་བྱེད་བཞིན་པ་མཐོང་ཡོད།

ཨ་རིའི་རྒྱལ་ཁབ་ནང་གནས་སྤོ་བྱེད་པར་སྲུང་སྐྱོབ་དང་སྟངས་འཛིན་མེད་པའི་ས་མཚམས་གང་ནས་འཛུལ་ཡང་སྙིང་རྗེས་གཟིགས་རྒྱུ་མིན་ལ། ཐད་ཀར་ཕྱིར་འཕུད་གཏང་རྒྱུ་ཡིན། ཨ་རིར་འབྱོར་ནས་མི་སེར་ཆགས་ཡོད་པ་ཚང་མས་ཨ་རིའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་དེའི་མི་མང་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་དགོས།

ད་ནི་ང་ཚོས་ཨ་རིའི་རྒྱལ་ཁབ་ནང་འཇིགས་སྐུལ་རིང་ལུགས་པ་མཚོ་མོ་ལྟར་འཁྱིལ་དུ་འཇུག་རྒྱུ་མིན་ལ། ང་ཚོས་དུས་ནམ་ཡང་ཨ་རིའི་རྒྱལ་ཁབ་དེ་དྲག་སྤྱོད་པ་ཚོའི་སྐྱབས་བཅོལ་ཁང་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་མིན། ད་ཆར་སྲིད་གཞུང་གིས་གནས་སྤོ་བར་ཞིབ་འཇུག་གི་ལས་གཞི་མགོ་བཙུགས་ཡོད་ལ། ང་ཚོས་རང་གི་རྒྱལ་ཁབ་ལ་གནོད་འཚེ་གཏོང་མཁན་རྣམས་རྩ་མེད་བཟོས་ཏེ། སྤྱི་ཚོགས་བདེ་འཇགས་ཡོང་ཐབས་ཀྱི་ལས་གཞི་གསར་པ་མང་པོ་བརྩམ་རྒྱུ་ཡིན།

ངས་ཁྱེད་ཚོར་དམ་བཅའ་བྱས་པ་བཞིན། ཕོ་མོ་དང་ཕྲུ་གུ། ཆོས་ལུགས་དབྱེ་བ་མེད་པར་གསོད་རྐྱང་བྱེད་བཞིན་པའི་ཁ་ཆེའི་དྲག་སྤྱོད་པ་རྣམས་རྩ་མེད་བཟོ་ཐབས་ཀྱི་འཆར་གཞི་བསྒྲིག་དགོས་པ། སྲུང་སྐྱོབ་ལྷན་ཁང་(Defence Department)ལ་བཀའ་ཁྱབ་བཏང་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁ་ཆེའི་རྒྱལ་ཁབ་ཁག་དང་། ཁ་ཆེའི་གྲོགས་པོ་རྣམས་དང་ལག་གདང་སྦྲེལ་ཏེ་སའི་གོ་ལའི་སྟེང་ནས་ཉེས་ཅན་དེ་དག་རྩ་མེད་གཏོང་རྒྱུ་ཡིན།

མཐའ་དོན་དེར། ངས་ཁྱེད་ཚོར་དམ་བཅའ་བྱས་པ་བཞིན། ཁྲིམས་དཔོན་ཉི་ཤུ་ལས་གཅིག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་དུ་བདམས་ཡོད། ཁོང་གིས་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་ལ་རྡོག་རོལ་གཏོང་མཁན་ཚོར་འཐབ་འཛིང་དྲག་པོ་བྱེད་ངེས་རེད། དོ་ནུབ་འདིར་ང་ཚོ་དང་ལྷན་དུ་ལྕམ་སྐུ་ཞབས་མཱུ་རཱིན་ཨེས་ཀཱེ་ལཱི་ཡ་(Maureen Scalia)ལགས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་མོའི་བཟའ་ཟླ་སྐུ་གཤེགས་དམ་པ་ཨཱན་ཊོ་ནཱིན་ཨེས་ཀཱེ་ལཱི་ཡ་(Antonin Scalia)མཆོག་ནི་ཨ་རི་བ་ཚོས་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་གྱི་མཚོན་བྱེད་ལྟ་བུར་བརྩིས་ཏེ་རྟག་པར་ཡིད་ལ་དྲན་ངེས་རེད། ཁོང་གི་ཚབ་ཏུ་ད་ཆ་ང་ཚོས་ཁྲིམས་དཔོན་ལ་ནཱིལ་གྷོར་སཱུ་ཆ་(Neil Gorsuch)བདམས་ཡོད། ཁོང་ནི་ཁྲིམས་ལུགས་ཐོག་ཡོན་ཏན་ཟབ་ཅིང་རྣམ་དཔྱོད་ཀྱི་རྩལ་འགྲན་ཟླ་མེད་པ་ཞིག་ཡིན།

དོ་ནུབ་ངས་འདི་ནས་ང་ཚོ་རྒྱལ་ཁབ་གཅིག་ཡིན་ན་རང་བཞིན་གྱིས་ཤེས་དགོས་པའི་གནད་དོན་ཁ་ཤས་མདོ་བསྡུས་ཤིག་ཞུ་རྒྱུ་ཡིན།

ང་ཚོའི་རྒྱལ་ཁབ་ཀྱི་མི་གྲངས་ས་ཡ་ ༩༤ ཙམ་གྱིས་ཤུགས་ལས་ངལ་རྩོལ་བྱེད་ཀྱི་ཡོད་པ་མ་རེད། མི་གྲངས་ས་ཡ་ ༤༣ ལྷག་འཚོ་བའི་གནས་སྟངས་སྐྱོ་བ་དང་། མི་གྲངས་ས་ཡ་ ༤༣ ལྷག་གི་འཚོ་བ་གཞུང་གི་རོགས་དངུལ་ལ་བརྟེན་ཡོད། མི་འབོར་ལྔ་ཆ་གཅིག་ཙམ་གཞན་ལ་བརྟེན་མི་དགོས་པར་ལས་ཀ་བྱེད་པའི་ལོ་ཚད་ཟིན་ཡོད་ཀྱང་། ད་དུང་ལས་ཀ་མ་བྱས་པར་བསྡད་ཡོད། དཔལ་འབྱོར་གྱི་འཕར་ཚད་ཞན་པོ་འདི་ལྟ་བུ་ཞིག་འདས་པའི་ལོ་ངོ་ ༦༥ ཙམ་གྱི་ཨ་རིའི་ལོ་རྒྱུས་ནང་བྱུང་མྱོང་མེད། འདས་པའི་ལོ་ངོ་ ༨ ནང་ང་ཚོའི་གཞུང་བུ་ལོན་ཕོན་ཆེན་པོའི་ནང་ལྷུང་པའི་གནས་སྟངས་འདི། དེ་སྔའི་སྲིད་འཛིན་ཚང་མའི་བུ་ལོན་ཕྱོགས་གཅིག་ཏུ་བསྡོམས་ཀྱང་ད་དུང་ཆེ་བ་ཡོད་ཚོད་འདུག ང་ཚོའི་རྒྱལ་ཁབ་ཀྱིས་བྱང་ཨཱ་མི་རཱི་ཀའི་རང་དབང་ཚོང་འབྲེལ་གྲོས་མཐུན་(NAFTA)ལ་འཛུལ་ཞུགས་བྱས་ཏེ། རང་གི་མི་མང་གི་ལས་ཀའི་བཞི་ཆ་གཅིག་ལྷག་གཞན་ལ་ཤོར་བ་དང་། ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་འབྲེལ་ཚོགས་པར་འཛུལ་ཞུགས་བྱས་ཏེ་ང་ཚོའི་རྒྱལ་ཁབ་ཀྱི་བཟོ་གྲྭ་ ༦༠༠༠༠ ཙམ་སྒོ་རྒྱག་དགོས་བྱུང་ཡོད། ལོ་སྔོན་མར་ང་ཚོར་འཛམ་གླིང་ཁྲོམ་རྭ་ནས་ཨ་སྒོར་ཐེར་འབུམ་ ༨༠༠ ཙམ་གྱི་གྱོང་ཕོག་ཡོད། ད་དུང་ང་ཚོ་ཕྱི་སྲིད་ཐད་ནས་ཀྱང་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད།

ད་ཆ་ཨ་རིའི་རྒྱལ་ཁབ་ཀྱི་དམིགས་ཡུལ་ནི། ཨ་རིའི་དཔལ་འབྱོར་འགྲོ་སྟངས་གསར་བཟོ་དང་སྔར་ཡོད་ལ་བཅོས་བསྒྱུར་གཏོང་རྒྱུ་དེ་ཡིན། བཟོ་གྲྭ་ཁག་གིས་ཨ་རིའི་རྒྱལ་ཁབ་ནང་ཚོང་འབྲེལ་ཁུངས་མ་འཁྱོལ་པར་སྒོ་རྒྱག་དགོས་པའི་གནས་སྟངས་མི་ཆགས་པར། མུ་མཐུད་དུ་ཨ་རིའི་ནང་ཚོང་འབྲེལ་བྱེད་ཐུབ་པ་ཞིག་བཟོ་རྒྱུ་ཡིན།

ད་ལྟའི་བར་ཨ་རིའི་བཟོ་གྲྭ་ཁག་གིས་འཛམ་གླིང་ནང་དཔྱ་ཁྲལ་མཐོ་ཤོས་སྤྲོད་ཀྱིན་ཡོད། ངས་དཔལ་འབྱོར་མཐུན་ཚོགས་ལ་དཔྱ་ཁྲལ་མཐོ་བོ་སྤྲོད་མ་དགོས་པའི་སྒྲོམ་གཞི་གསར་པ་ཞིག་བཟོ་རྒྱུའི་འཆར་གཞི་བསྒྲིགས་ཡོད། དེ་ལྟར་བྱས་ན། ང་ཚོའི་བཟོ་གྲྭ་རྣམས་ལ་དཀའ་ངལ་གང་ཞིག་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་པ་དང་། ས་ཆ་གང་དུའང་བཟོ་གྲྭ་གསར་འཛུགས་ཐུབ་པ་མ་ཟད། ཚོང་ཟོག་དང་བཟོ་བའི་གནས་སྟངས་ཀྱང་གོང་འཕེལ་ཡོང་གི་རེད། གལ་ཏེ་བཟོ་གྲྭ་ཁག་ལ་དཔྱ་ཁྲལ་ཆག་ཡང་བཏང་ན་རང་བཞིན་གྱིས་མི་མང་དཀྱུས་མ་རྣམས་ཀྱི་དཔྱ་ཁྲལ་ལའང་ཆག་ཡང་ཡོང་གི་ཡོད་སྟབས། ང་ཚོས་ངེས་པར་དུ་ཨ་རིའི་རྒྱལ་ཁབ་ཀྱི་བཟོ་གྲྭ་དང་ལས་བྱེད་ཀྱི་དཔྱ་ཁྲལ་ལ་ཚད་གཞི་གཏན་འབེབས་བྱ་རྒྱུ་ཡིན།

ད་ལྟ་ང་ཚོས་རྒྱལ་ཁབ་གཞན་ལ་ཚོང་ཟོག་ཕྱིར་འདྲེན་བྱེད་སྐབས། དཔྱ་ཁྲལ་ཤུགས་ཆེན་པོ་སྤྲོད་ཀྱིན་ཡོད་ཀྱང་། ཕྱི་རྒྱལ་གྱི་ཚོང་ཟོག་ང་ཚོའི་ནང་འདྲེན་བྱེད་སྐབས་དཔྱ་ཁྲལ་དམའ་བོ་རྒྱག་གི་ཡོད། ཆུ་ཚོད་ཁ་ཤས་སྔོན་ལ་ངས་ང་ཚོའི་ཨ་རིའི་རྒྱལ་ཁབ་ཀྱི་བཟོ་གྲྭ་ཧཱར་ལཱེ་ཌཱ་ཝིཏ་སཱོན་(Harley Davidson)གྱི་མགོ་ཁྲིད་ཚོ་ལ་ཐུག་འཕྲད་བྱས་པ་ཡིན། ཁོང་ཚོས་ང་ལ་ཡིད་དུ་འོང་བའི་སྦག་སྦག་(motorcycle)གསར་པ་རིགས་མ་འདྲ་བ་ལྔ་ཕོ་བྲང་དཀར་པོའི་མདུན་ཐང་དུ་འགྲེམ་སྟོན་བྱས་སོང་། ངས་ཁོང་ཚོ་དང་ཐུག་འཕྲད་བྱས་སྐབས་ཁོང་ཚོར་བདེ་མོ་ཡིན་ནམ། ཚོང་གང་འདྲ་འདུག་ཅེས་འདྲིས་པར། ཁོང་ཚོས་ཚོང་ཡག་པོ་འདུག་ཟེར། ངས་ཡང་བསྐྱར་ཁོང་ཚོར་རྒྱལ་སྤྱིའི་ཁྲོམ་རྭར་ཚོང་གང་འདྲ་འདུག་ཅེས་འདྲིས་པར། ཁོང་ཚོས་ང་ལ་ཐེ་ཚོམ་མེད་པར་ཕྱི་རྒྱལ་ཁག་ཏུ་ཚོང་རྒྱག་པར་ཅུང་ཟད་དཀའ་ངལ་འདུག གང་ཡིན་ཟེར་ན་ཁོང་ཚོས་ཁྲལ་ཧ་ཅང་ཤུགས་ཆེན་པོ་རྒྱག་གི་འདུག་ཟེར། འོན་ཀྱང་། ཁོང་ཚོས་ང་ལ་ཁྲལ་བསྒྱུར་བཅོས་གཏོང་རོགས་ལབ་མ་སོང་། ཡིན་ནའང་ངས་གནད་དོན་འདིའི་ཆེད་དུ་ཏན་ཏན་ལས་ཀ་བྱེད་རྒྱུ་ཡིན། ངས་སྤྱིར་བཏང་ཚོང་ནི་རང་དབང་ལྡན་པའི་ངང་བྱེད་དགོས་པར་ཡིད་ཆེས་བྱེད་ཀྱིན་ཡོད་ཀྱང་། ཚོང་དེ་དག་ཁྲིམས་དང་མཐུན་པར་བྱེད་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་རེད།

ངས་མི་མང་གི་ཆེད་དུ་ལས་གནས་ས་ཡ་མང་པོ་གསར་སྐྲུན་བྱ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། ང་ཚོས་རང་རྒྱལ་གྱི་ངལ་རྩོལ་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན། ངལ་རྩོལ་བར་སྲུང་སྐྱོབ་བྱེད་སྐབས་ཁྲིམས་མཐུན་གནས་སྤོའི་གནད་དོན་ལའང་བཅོས་བསྒྱུར་གཏོང་དགོས་པ་ཆགས་ཡོད། ང་ཚོའི་གླ་ཕོག་གི་འགྲོ་ལུགས་རྙིང་པ་དེས་ངལ་རྩོལ་བ་ཚོར་ཁྲལ་གྱི་དཀའ་ངལ་འཕྲད་ཀྱིན་ཡོད།

འཛམ་གླིང་གི་རྒྱལ་ཁབ་ཁེ་ནཱ་ཌ་དང་། ཨོ་སི་ཊི་ལི་ཡ། དེ་བཞིན། རྒྱལ་ཁབ་མང་པོ་ཞིག་གིས་གནས་སྤོ་བར་རིམ་པ་སྣ་ཚོགས་ཀྱི་ལམ་ལུགས་བཟོས་ཡོད། གནས་སྤོ་བྱེད་མཁན་རྣམས་ལ་མ་མཐར་ཡང་རང་གི་འཚོ་བར་དཀའ་ངལ་མི་འཕྲད་པའི་དཔལ་འབྱོར་ཙམ་ཞིག་ཡོད་དགོས་པའི་ཆ་རྐྱེན་བཞག་ཡོད། འོན་ཀྱང་། ཨ་རིའི་རྒྱལ་ཁབ་ཀྱིས་ད་སྔ་དེ་འདྲའི་འགྲོ་ལུགས་འགྲོ་སྟངས་བཟོས་མེད་ལ། ཨ་རིའི་མི་སེར་ཉམས་ཐག་རྣམས་ཀྱི་ཐོབ་སྐལ་རྒྱུ་དངོས་ལ་གནས་སྤོ་བ་ཚོས་བར་འཚང་བྱས་ཏེ་ང་ཚོའི་མི་སེར་ལ་ཏག་ཏག་ཅིག་རག་གི་མེད་པ་མ་ཟད། ཨ་རིའི་མི་མང་ལ་ཁྲལ་བསྡུས་པའི་ཨ་སྒོར་ཐེར་འབུམ་མང་པོ་གནས་སྤོ་བའི་ཐོག་གཏོང་གི་ཡོད།

ང་ཚོས་རྒྱལ་ཁབ་གཞན་ལྟར་གནས་སྤོ་བར་རིམ་པ་མི་འདྲ་བའི་ལམ་ལུགས་བཟོ་མི་ཐུབ་ཀྱང་། གནས་སྤོ་བའི་ཐོག་འཛིན་པའི་རྩ་བའི་སྲིད་བྱུས་ལ་ངེས་པར་དུ་འགྱུར་བ་ཞིག་གཏོང་དགོས། གནས་སྤོ་སྲིད་བྱུས་ལ་འགྱུར་བ་བཏང་ན། ང་ཚོའི་རྒྱལ་ཁབ་ཀྱི་མ་དངུལ་འབོར་ཆེན་ཞིག་གསོག་འཇོག་བྱེད་ཐུབ་པ་དང་། དེ་ལ་བརྟེན་ཏེ་ང་ཚོས་ལས་བྱེད་པའི་གླ་ཕོགས་སྤར་ཐུབ་ལ། མི་ཚེའི་འཚོ་བའི་ཆེད་དུ་དཀའ་ལས་རྒྱག་བཞིན་པའི་མི་མང་དཀྱུས་མ་ཚོར་ཁེ་ཕན་རག་པ་མ་ཟད། གནས་སྤོ་བ་ཚོ་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད།

རང་གི་མི་མང་རྣམས་ཀྱི་ལས་ཀ་ཇེ་བཟང་དང་། ཟླ་རེའི་གླ་ཕོགས་མཐོ་བོ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བསྐྱར་གསོ་དང་གུས་ཞབས་ལྡན་པ། དེ་བཞིན། རྒྱལ་ཁབ་བདེ་འཇགས་སོགས་ཡོང་དགོས་ན། ངེས་པར་དུ་གནས་སྤོ་བའི་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་དགོས། ང་ཚོས་རང་གི་མི་མང་བདེ་སྐྱིད་ལྡན་པ་ཞིག་སྙོར་སྐྱོང་བྱེད་ཐུབ་ན། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་དཔུང་བ་མཉམ་གཤིབ་ཀྱིས་གཞུང་ལ་སྲི་ཞུ་བསྒྲུབས་ཏེ། ང་ཚོའི་རྒྱལ་ཁབ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་དཔའ་ཞུམ་ཞིང་། དོགས་ཟོན་ཆེན་པོའི་འོག་སྡོད་པའི་གནས་སྟངས་སྐྱོ་བོ་ལས་གྲོལ་ཐུབ་པ་རེད།

ང་ཚོས་ད་བར་ཤར་ཕྱོགས་རྒྱལ་ཁབ་ཁག་གི་ཆེད་དུ་ཕལ་ཆེར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༦ ལྷག་བཏང་ཡོད། གལ་སྲིད་འགྲོ་སོང་དེ་དག་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་བཏང་ཡོད་ན། ཨ་རིའི་ད་ལྟའི་གནས་སྟངས་ལས་ལྡབ་གཉིས་ཀྱིས་ཡར་རྒྱས་ཕྱིན་ཡོད་པ་དང་། མི་ལྷག་བསམ་དང་རྣམ་དཔྱོད་ཅན་དག་ལ་ལས་འཁུར་གྱི་གོ་སྐབས་རག་ཡོད་ན། ཨ་རི་ད་ལྟ་ལས་ལྡབ་གསུམ་གྱིས་ཡར་རྒྱས་ཕྱིན་ཡོད་ངེས་རེད།

ང་ཚོས་རྒྱལ་ཁབ་བསྐྱར་གསོ་དང་འཛུགས་སྐྲུན་གསར་པ་བྱེད་པར། འགྲོ་གྲོན་མ་རྩ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ཙམ་ཟུར་འཇོག་བྱེད་དགོས། དེ་ལ་གྲོས་ཚོགས་གོང་འོག་གཉིས་ནས་ཆོག་མཆན་ཐོབ་པར་ངས་རེ་སྐུལ་ཞུ་བཞིན་ཡོད། ང་ཚོའི་མི་མང་གི་ཆེད་དུ་སྤྱི་སྒེར་གཉིས་ལ་འགྲོ་སོང་བཏང་སྟེ། ལས་ཀ་གསར་བ་ས་ཡ་ཁ་ཤས་གསར་སྐྲུན་བྱེད་རྒྱུ་ཡིན། དེ་ལ་ལྟ་གྲུབ་གཉིས་གཞི་རྩར་བཟུང་སྟེ་ལས་གཞི་མགོ་འཛུགས་རྒྱུ་ཡིན། ལྟ་གྲུབ་གཉིས་ནི། འཐོན་སྐྱེད་བྱེད་མཁན་ཨ་རི་བ་དང་། ཐོན་རྫས་ཉོ་ཚོང་བྱེད་མཁན་ཡང་ཨ་རི་བ་ཡིན་དགོས།

དོ་ནུབ་ངས་འདིར་ཡོད་པའི་གྲོས་ཚོགས་འཐུས་མི་ཚོར་ཨོ་བྷ་མཱའི་འཕྲོད་བསྟེན་ལྟ་སྐྱོང་(Obamacare)ལས་གཞིའི་ཚབ་ཏུ་འཕྲོད་བསྟེན་ལས་གཞི་གཞན་ཞིག་གསར་འཛུགས་བྱེད་རྒྱུའི་གསལ་བསྒྲགས་བྱས་པ་ཡིན། དེའི་མཐུན་རྐྱེན་སྔར་ལས་བཟང་བ་དང་། ཁྱབ་རྒྱ་སྔར་ལས་ཆེ་བ། མི་མང་ལ་འགྲོ་གྲོན་སྔར་ལས་ཆུང་བ་སོགས་ཀྱི་ཁྱད་ཆོས་ཡོད་སྟབས། ལས་དོན་འདི་ལ་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

གཞུང་གིས་མཐུན་རྐྱེན་སྦྱར་བའི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་(Health Insurance)ལས་གཞིའི་ནང་ངེས་པར་དུ་ཨ་རིའི་མི་སེར་ཚང་མ་ཞུགས་དགོས་ལབ་ན། ངས་དེ་ནི་འགྲིག་བསྡད་ཡོད་པ་ཞིག་ལ་མཐོང་གི་མེད། ངས་འདོད་པ་ནི། མི་སུ་འདྲ་ཞིག་ཡིན་ཡང་གཞུང་གི་འཕྲོད་བསྟེན་ལས་གཞིའི་ནང་ཞུགས་འདོད་ན་ཞུགས་ཐུབ་པ་ཞིག་དང་། དེའི་འགྲོ་གྲོན་ཡང་དམའ་བོ་ཡིན་པ་ཞིག་གཏན་འབེབས་བྱ་འདོད་ཡོད། ཨོ་བྷ་མཱའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་དེར་ཟླ་རེར་འཕྲོད་བསྟེན་ཉེན་སྲུང་མ་དངུལ་འཕར་འགྲོ་བ་མ་ཟད། འཕར་ཚད་ཀྱང་ལྡབ་གཉིས་དང་གསུམ་ཆགས་ཀྱི་འདུག ཨ་རིའི་མངའ་སྡེ་ཀཱེན་ཊཱུ་ཀཱི་(Kentucky)ཡི་སྤྱི་ཁྱབ་མཱེཊ་བྷི་ཝིན་(Matt Bevin)ལགས་ཀྱིས་ཨོ་བྷ་མཱའི་ལྟ་སྐྱོང་ལས་གཞི་དེ་དུས་ཡུན་རིང་པོ་གནས་ཐུབ་མེད་པར་གང་མགྱོགས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་བཤད་ཡོད།

ཨ་རིའི་རྒྱལ་ཁབ་ཀྱི་གསུམ་ཆ་གཅིག་ལ་འཕྲོད་བསྟེན་ལྟ་སྐྱོང་གི་ཉེན་སྲུང་མ་དངུལ་འཇོག་ས་གཅིག་ལས་མེད་སྟབས། མི་མང་པོ་ཞིག་ལ་ཐབས་ཤེས་གཞན་མེད་པར་ལྟ་སྐྱོང་ཚོགས་པ་གཅིག་དེར་མ་དངུལ་མི་འཇོག་ཐབས་མེད་ཆགས་ཡོད། ད་ལྟ་ཨོ་བྷ་མཱའི་ལྟ་སྐྱོང་ཚོགས་པ་མེད་པ་ཆགས་གྲབས་ཡོད་སྟབས། ང་ཚོས་གང་མགྱོགས་ཨ་རིའི་མི་མང་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་དགོས་ལ། ང་ཚོའི་ལས་འགུལ་དེ་ནི་འདམ་གའི་ཆེད་དུ་མིན་པར་དགོས་མཁོའི་ཆེད་དུ་ཡིན། དེར་བརྟེན། ཨོ་བྷ་མཱའི་ལྟ་སྐྱོང་ཚོགས་པ་མཇུག་སྒྲིལ་ལ་ཉེ་སྟབས། ངས་དེ་རིང་འདིར་གྲོས་ཚོགས་ནང་ཡོད་པའི་ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་རྒྱུན་ལས་རྣམས་ལ། ཨ་རི་བ་རྣམས་ལ་དཀའ་ངལ་མི་འཕྲད་ཆེད་ང་རང་གི་ལས་གཞི་དེ་ལ་རྒྱབ་སྐྱོར་གནང་རོགས་ཞུ་བཞིན་ཡོད།

ང་ཚོའི་རྒྱལ་ཁབ་ཀྱིས་ནོར་འཁྲུལ་ག་རེ་བྱས་ཡོད་ཀྱང་ནོར་འཁྲུལ་དེ་དག་ཡོ་བསྲང་བྱེད་ཐུབ་པ་རེད་ལ། དཀའ་ངལ་གང་ལ་འཕྲད་ཡོད་ཀྱང་དཀའ་ངལ་དེ་སེལ་ཐུབ་པ་རེད། ཕམ་ཉེས་དང་སྡུག་བསྔལ་ནང་ལྷུང་ཡོད་པའི་ཁྱིམ་ཚང་སུ་ཞིག་ཡིན་ཡང་སྡུག་བསྔལ་དེ་ལས་གྲོལ་ཐུབ་པའི་ཐབས་ལམ་རྙེད་ངེས་རེད། རེ་བ་བཟང་ས་ནས་རྒྱག་དགོས།

ང་ཚོའི་མི་མང་རྣམས་ལ་བརྩེ་བ་དྭངས་མ་ཞིག་དགོས་ཀྱི་ཡོད། བརྩེ་བ་དྭངས་མ་དེ་ཡོང་བའི་གཞི་རྩ་ང་ཚོས་བསྐྲུན་དགོས། དེ་བཞིན། ང་ཚོའི་ཕྲུ་གུ་ཚོས་གང་འདོད་པ་དང་། ཁོ་ཚོར་གང་འཚམས་པོ་ཡོད་པའི་མཐུན་རྐྱེན་དག་སྦྱར་ཏེ། ཁོང་ཚོའི་མ་འོངས་པ་ནི་འོད་སྟོང་ལྡན་པ་ཞིག་བཟོ་དགོས།

དེ་རིང་ནི་ན་ཚ་དཀོན་པོའི་ཉིན་མོ་(Rare Disease Day)རེད། དེ་རིང་འདིར་ང་ཚོའི་ཁྲོད་དུ་ན་ཚ་དཀོན་པོ་ཕོག་ཀྱང་མུ་མཐུད་འཚོ་སྡོད་བྱས་ཡོད་པའི་བུ་མོ་མཱེ་གྷན་ཀྲོཨོ་ལཱི་(Megan Crowley)ལགས་ཕེབས་ཡོད། ཁོ་མོ་སྐྱེས་ནས་ཟླ་བ་ ༡༥ རྗེས་སུ་ན་ཚ་དེ་ཕོག་པ་རེད། ན་ཚ་དེ་ཧ་ཅང་དཀོན་པོ་རེད་ལ། ཧ་ཅང་འཇིགས་སུ་རུང་བ་ཞིག་ཀྱང་རེད། སྨན་པ་ཚོས་ཁོ་མོ་ལོ་ ༥ ལྷག་འཚོ་མི་ཐུབ་པའི་ཐག་གཅོད་བྱས་ཡོད་ཀྱང་། ཁོ་མོའི་ཨ་ཕ་ལགས་སེམས་ཤུགས་མ་ཆགས་པར་རང་གི་གཅེས་ཕྲུག་མའི་སྲོག་འཚོ་ཐུབ་པའི་ཆེད་དུ་ཡོད་ཚད་བློས་བཏང་སྟེ། ཁོ་མོར་རོགས་རམ་སྨན་བཅོས་བྱས་པ་རེད། སྐབས་དེར་ན་ཚ་དེའི་རིགས་ལ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་པ་ཞིག་ལ་ཐུག་སྟེ། ཁོ་ཚོ་དང་མཉམ་དུ་སྨན་བཅོས་སྣ་ཚོགས་བྱས་ཏེ་ད་བར་འཚོ་ཐུབ་ཡོད་ཅིང་། ད་ཆ་རང་ལོ་ ༢༠ ལ་བསླེབས་ཡོད་ལ་ནཱོ་ཊ་རཱི་ཌཱ་མཱི་(Notre Dame)མཐོ་སློབ་ཀྱི་ལོ་རིམ་གཉིས་པར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནི་ཨ་ཕ་ཞིག་གིས་རང་གི་གཅེས་ཕྲུག་མའི་ཆེད་དུ་ལྷད་མེད་དྭངས་གཙང་གི་བརྩེ་བ་བཅངས་པའི་ལོ་རྒྱུས་རེད།

ང་ཚོས་ཟས་བཅུད་དང་སྨན་གྱི་སྐོར་ནས་སྔོན་ཐོན་གྱི་ལས་འཆར་མང་པོ་བང་བསྒྲིགས་ཡོད་ཀྱང་། གཞུང་ངོས་ནས་རྒྱབ་སྐྱོར་དང་ཐག་གཅོད་ཧ་ཅང་དལ་པོ་དང་དཀའ་ཚེགས་ངང་ཡོང་གི་ཡོད། མཱེ་གྷན་ལ་བྱུང་བའི་ན་ཚ་དེའི་རིགས་ལས་སྐྱོབ་ཆེད་ཐག་གཅོད་མགྱོགས་པོར་བྱེད་ཐུབ་དགོས་པ་དང་། མཱེ་གྷན་ལྟ་བུའི་གནས་ཚུལ་བྱུང་སྐབས་འགག་བྱ་དང་ལབ་གླེང་མང་པོ་བྱས་ཏེ་མ་བསྡད་པར་ཟས་བཅུད་དང་སྨན་གྱི་སྒྲིག་གཞི་(Food drug Administration)ལག་བསྟར་དུས་ཐོག་ཏུ་བྱེད་ཐུབ་ན། ང་ཚོའི་རྒྱལ་ཁབ་ནང་མཱེ་གྷན་འདྲ་བའི་ནད་པར་ཕན་ཐོགས་ཡོད་པ་དང་། ལས་ཀ་ཚགས་ཚུད་པོ་ཡོང་གི་རེད། དེ་ལྟར་བྱེད་ཐུབ་ན། ང་ཚོའི་ཕྲུ་གུ་ཚོས་རྒྱལ་ཁབ་ཀྱི་ཡ་མཚན་ཅན་གྱི་འཚོ་བར་ལོངས་སུ་སྤྱོད་ཐུབ་ངེས་རེད། ཨ་རི་བའི་ཕྲུ་གུ་ཚང་མར་དེ་འདྲའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་པར་རྣམ་དཔྱོད་དང་སེམས་པ་བཟང་བོ་ཡོད་དགོས།

དུས་རབས་འདིར་ཤེས་ཡོན་ནི་མི་མང་གི་ཐོབ་སྟངས་ཤིག་ཆགས་ཡོད། ངས་ཚོགས་པ་གཉིས་ཀའི་འཐུས་མི་ཚོར་ཨ་རིའི་ཨ་ཧྥི་རི་ཁ་བ་(African American)ཚོ་དང་། ལཱ་ཊི་ནཱོའི་ཕྲུ་གུ་(Latino Children)ས་ཡ་ཁ་ཤས་ལ་ཤེས་ཡོན་གྱི་གོ་སྐབས་རག་གི་མེད་པ་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཆེད་དངུལ་གྱི་རོགས་སྐྱོར་གནང་སྟེ། རིགས་རུས་དང་ཆོས་ལུགས་དབྱེ་བ་མེད་པར། ཁོ་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སློབ་གྲྭ་ཁག་ཏུ་རང་འདོད་ལྟར་འགྲོ་ཐུབ་པའི་ཁྲིམས་མཐུན་ཡིག་ཆར་གྲོས་ཚོགས་ནས་ངོས་ལེན་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད།

ང་ཚོས་སློབ་མ་དབུལ་པོ་ཚང་མས་སློབ་སྦྱོང་ཡག་པོ་བྱས་ཏེ། རྗེས་ཕྱོགས་འཚོ་བའི་དཀའ་ངལ་དང་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་གྲོལ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་། དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་བར་སྤྱི་ཚོགས་ནང་གི་དྲག་སྤྱོད་ཟིང་ཆ་མེད་པ་བཟོ་དགོས།

༢༠༡༥ ལོ་ནི་འདས་པའི་ལོ་ངོ་ལྔ་བཅུའི་ནང་གི་མི་གསོད་ཁྲག་སྦྱོར་དོན་རྐྱེན་མང་ཤོས་ཀྱི་ལོ་ཞིག་ཆགས་ཡོད། ང་ཚོའི་ཅཱི་ཁཱ་ཀཱོ་(Chicago)ས་གནས་གཅིག་པུར་མི་གསོད་ཁྲག་སྦྱོར་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་མི་ ༤༠༠༠ ལྷག་བྱུང་ཡོད་པ་དང་། ད་ལོ་མི་གསོད་ཁྲག་སྦྱོར་གྱི་བརྒྱ་ཆ་ད་དུང་འཕར་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ཀྱིས་གནས་སྟངས་དེ་འདྲ་རྩ་བ་ནས་ངོས་ལེན་བྱེད་ཐུབ་ཡོད་པ་མ་རེད།

ང་ཚོས་ཨ་རི་བའི་ཕྲུ་གུ་ཡོད་ཚད་སྤྱི་ཚོགས་ཞི་བདེ་ཞིག་གི་ནང་འཚར་ལོངས་བྱེད་དུ་འཇུག་ཐུབ་དགོས་ལ། སློབ་གྲྭ་ཡག་པོ་དང་། སློབ་གྲྭ་ཐོན་རྗེས་ལས་ཀ་དོན་དང་ལྡན་ཞིང་། གླ་ཕོགས་ཡག་པོ་ཡོད་པ་ཞིག་བཟོ་ཐུབ་དགོས། ང་ཚོས་གང་ཞིག་འདོད་པའི་མ་འོངས་པ་དེ་མངོན་དུ་འགྱུར་བར་ཁྲིམས་ལ་གུས་བརྩི་དང་། ཕན་ཚུན་ནང་འཁྲུག་མེད་པར་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་ལས་ཀ་བྱེད་ཐུབ་དགོས། ཕན་ཚུན་ཁ་བྲལ་འགྲོ་བའི་དམག་འཁྲུག་མ་ཡིན་པར། ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཟམ་པ་བཙུགས་ཏེ་ཡིད་ཆེས་བློས་འཁེལ་ཡོང་བ་བྱེད་དགོས།

སྐོར་སྲུང་བ་དང་བདེ་འཇགས་མི་སྣ་རྣམས་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་མི་སྣ་ཞིག་ཆགས་ཡོད། ང་ཚོ་ལྟར་ཁོ་ཚོ་ཡང་མི་མང་པོ་ཞིག་གི་གྲོགས་པོ་དང་། ཁྱིམ་མཚེས། ཕ་མ། བུ་དང་བུ་མོ་སོགས་ཡིན་སྟབས། ཁོང་ཚོར་བརྩེ་བ་བྱེད་མཁན་ཚོས་སེམས་ཁྲལ་བྱས་ཏེ། ཁྱིམ་དུ་བདེ་བོའི་ངང་ལོག་འོང་བར་སྒུག་སྡོད་མཁན་ཡོད། ང་ཚོས་མ་མཐར་ཡང་མི་ངན་པ་ཁྲིམས་མཐུན་གྱི་ལམ་དུ་འཁྲིད་པར་འབད་བརྩོན་བྱེད་མཁན་ཁོང་རྣམ་པར་དུས་རྒྱུན་དུ་རྒྱབ་སྐྱོར་དང་རོགས་འདེགས་གང་ཐུབ་བྱེད་དགོས་པ་མ་ཟད། དེ་སྔ་ཕམ་ཉེས་ཕྱིན་པའི་ཁྱིམ་མི་རྣམས་ལའང་སེམས་ཤུགས་དང་གདུང་སེམས་ཉམས་སྐྱེད་བྱེད་དགོས།

ངས་ནང་སྲིད་བདེ་འཇགས་ལྷན་ཁང་ལ་ཕམ་ཉེས་ཕྱིན་པའི་ཨ་རི་བ་ཚོར་རོགས་རམ་བྱེད་པའི་དམིགས་བསལ་ལྟ་སྐྱོང་ཚོགས་པ་ཞིག་འཛུགས་དགོས་པའི་བཀའ་ཁྱབ་བཏང་ཡོད། ཚོགས་པའམ་ལས་ཁུངས་དེའི་མིང་ལ་ “སྐད་”(Voice)ཅེས་བཏགས་ཡོད། ལས་ཁུངས་དེས་ཁྲིམས་འགལ་ཐོག་ཨ་རིར་གནས་སྤོ་བྱས་ཤིང་། ཨ་རི་བར་ཐུབ་ཚོད་དང་ནག་ཉེས་བཟོ་མཁན་ཚོར་སྟངས་འཛིན་བྱེད་པར་རམ་འདེགས་བྱེད་རྒྱུ་རེད། སྐབས་རེར་སོ་སོའི་ཁེ་ཕན་ལ་བལྟས་ཏེ། གནད་དོན་ཁ་ཤས་གསར་འགོད་པས་ཀྱང་ཡ་ལན་མ་བྱས་པར། སྡུག་བསྔལ་ནང་ལྷུང་དུ་འཇུག་གི་རེད། སྐབས་དེར་ལས་ཁུངས་དེ་བརྒྱུད་ནས་སྐད་རྒྱག་ཆོག་པ་ཡིན།

དོ་ནུབ་ང་ཚོ་དང་ལྷན་དུ་བློ་སྟོབས་ཆེ་བའི་ཨ་རི་བ་བཞི་ཡོད། ཁོང་ཚོར་ཨ་རིའི་གཞུང་གིས་རོགས་རམ་བྱེད་ཐུབ་མེད། ཁོང་ཚོ་བཞི་ནི། ཇཱ་མི་འཱེལ་(Jamiel Shaw)། སཱུ་སཱེན་ཨོ་ལི་བྷར་(Susan Oliver)། ཇཱིན་ན་ཨོ་ལི་བྷར་(Jenna Oliver)། ཇཱས་སཱི་ཀཱ་ཌཱ་ཝཱིས་(Jessica Davis)བཅས་རེད། ཇཱ་མི་འཱེལ་གྱི་བུ་རང་ལོ་ ༡༧ ཟིན་ཞིང་མཐོ་སློབ་ཏུ་འགྲོ་ལ་ཉེ་སྐབས་གནས་སྤོ་དྲག་སྤྱོད་པས་བསད་དེ་ཁོའི་རྨི་ལམ་དེ་འགྲུབ་ཐུབ་ཡོད་པ་མ་རེད། ད་ལྟ་ངེད་གཉིས་གྲོགས་པོ་ཆགས་ཡོད། ཁོང་དོ་ནུབ་ང་ཚོ་དང་མཉམ་དུ་ཡོད།

སཱུ་སཱེན་ཨོ་ལི་བྷར་དང་ཇཱིན་ན་ཨོ་ལི་བྷར་གཉིས་ཀྱི་ཁྱོ་ག་ནི་བདེ་འཇགས་དམག་མིའི་འགན་འཛིན་ཡིན་ཞིང་། ཁཱ་ལེ་ཧྥོ་ནཱི་ཡཱར་ལས་ཀ་བྱེད་སྐབས་ཁྲིམས་འགལ་གནས་སྤོ་བ་ཁ་ཤས་ཀྱིས་མེ་མདའ་བརྒྱབ་ནས་བསད་པ་རེད། འདས་པོ་ཁོང་གཉིས་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཀ་བ་ལྟ་བུ་ཡིན།

འདིའི་ཕྱོགས་སུ་ཡོད་པའི་བུ་མོ་ཆུང་ཆུང་ནི་སཱུ་སཱེན་ཨོ་ལི་བྷར་གྱི་བུ་མོ་རེད། བུ་མོ་ངས་ཁྱོད་ལ་ཁྱོད་ཀྱི་པཱ་ལགས་ནི་དཔའ་བོ་ཞིག་ཡིན་པ་ཤེས་སུ་བཅུག་རྒྱུ་ཡིན། དེ་རིང་ང་ཚོའི་རྒྱལ་ཁབ་ཀྱི་ས་ཕྱོགས་ཡོངས་རྫོགས་ནས་ཁྱོད་ལ་སྨོན་ལམ་དང་བརྩེ་བ། རྒྱབ་སྐྱོར། གདུང་སེམས་མཉམ་སྐྱེད་སོགས་བྱེད་ཀྱིན་ཡོད།

མི་འཱེལ་། སཱུ་སཱེན་ཨོ་ལི་བྷར་། ཇཱིན་ན་ཨོ་ལི་བྷར་། ཇཱས་སཱི་ཀཱ་ཌཱ་ཝཱིས་ཁྱེད་ཚོ་བཞི་ལ་ཕམ་ཉེས་བྱུང་བ་དེར་ང་ཚོས་སླར་ཡང་དྲང་བདེན་ཡོང་བར་འཐབ་རྩོད་བྱེད་རྒྱུ་ཡིན། ཁྱེད་ཅག་གི་འདས་པོ་བྱམས་བརྩེ་ལྡན་པ་དེ་དག་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད་ལ། ང་ཚོས་ཁོང་ཚོའི་ཕྱག་རྗེས་དང་ཞབས་རྗེས་ལ་གུས་བརྩི་བྱེད་ཀྱིན་ཡོད།

རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་རྣམས་ཀྱིས་མི་མང་ལ་བསམ་ཚུལ་བཤད་པའི་རང་དབང་དང་ཐོབ་ཐང་སྤྲད་ཡོད་པ་ལྟར། ཨ་རིའི་ངོས་ནས་རྒྱལ་ཁབ་དེ་དག་གིས་མི་མང་གི་མངོན་འདོད་ལྟར་འཆར་གཞི་བསྒྲིགས་ཏེ་མདུན་སྐྱོད་བྱེད་ཀྱིན་པར་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་། ངའི་ལས་འགན་ནི་འཛམ་གླིང་གི་ཚབ་མཚོན་བྱ་རྒྱུ་དེ་མིན། ངའི་ལས་འགན་ནི་ཨ་རིའི་རྒྱལ་ཁབ་ཀྱི་སྐུ་ཚབ་དང་ཚབ་མཚོན་བྱེད་རྒྱུ་དེ་ཡིན།

ཨ་རིར་ནང་འཁྲུག་དང་དོན་རྐྱེན་གང་ཡང་འབྱུང་གི་མེད་པའི་སྐབས་སུ་ཨ་རི་ནི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་མཐོང་གི་ཡོད་ཀྱང་དངོས་ཡོད་གནས་སྟངས་དེ་ལྟར་མིན། ང་ཚོས་འདས་པའི་ལོ་ཟླའི་ནང་གི་ནོར་འཁྲུལ་དེ་དག་ལས་བསླབ་བྱ་ལེན་དགོས། ང་ཚོའི་རྒྱལ་ཁབ་ལ་གཏོར་བཤིག་དང་དམག་འཐབ་ཇི་ཙམ་བྱས་པ་མཐོང་མྱོང་ཡོད།

ཨ་རིའི་རྒྱལ་ཁབ་ཀྱི་མངོན་འདོད་ནི་གྲོགས་པོ་ཡག་པོ་ཡིད་ཆེས་བློ་འགེལ་ཡོད་ས་ཞིག་དགོས་པ་དེ་རེད། ང་ཚོ་ནམ་ཡང་དམག་འཁྲུག་དང་ཟང་ཟིང་ལ་དགའ་པོ་མེད། ང་ཚོས་ཀྱང་ཞི་བདེ་དང་འཆམ་མཐུན་རེག་ན་བསམ་གྱི་ཡོད། ཞི་བདེ་ཐོབ་ཐབས་ཤིག་ཡོད་ན་ང་ཚོས་ངེས་པར་དུ་ཐབས་ཤེས་བྱེད་རྒྱུ་ཡིན། དེ་སྔའི་དགྲ་བོ་མང་པོ་ཞིག་ད་ལྟ་ང་ཚོའི་གྲོགས་པོ་ཆགས་ཡོད། ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ཀྱི་འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་ང་ཚོའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ཏེ་འཁྲུག་འཛིང་བྱེད་མཁན་རྒྱལ་ཁབ་མང་པོ་ཞིག་དེ་རིང་ང་ཚོའི་སྙིང་ཉེ་བའི་གྲོགས་པོ་ཆགས་ཡོད། གནས་སྟངས་འདི་དག་གིས་འཛམ་གླིང་འདི་མ་འོངས་པར་བཟང་ཕྱོགས་སུ་བསྒྱུར་ཐུབ་པའི་ནུས་པ་ང་ཚོར་ཡོད་པའི་རེ་བ་དང་ཡིད་ཆེས་བསྐྲུན་ཡོད།

ཨ་རིའི་རྒྱལ་ཁབ་གསར་འཛུགས་བྱས་ཏེ་ལོ་ངོ་ ༢༥༠ འཁོར་བའི་དུས་ཆེན་སྐབས་འཛམ་གླིང་འདིར་སྔར་ལས་ཞི་བདེ་ལྷིང་འཇགས་དང་། རང་དབང་གི་ཁོར་ཡུག་སྔར་ལས་ཡག་པོ་ཞིག་མཐོང་ཐུབ་པའི་རེ་བ་ཡོད།

༡༨༩༦ ལོར་ང་ཚོས་ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཆེན་ཕཱི་ལཱ་ཌལ་ཕཱིཨ་(Philadelphia)གྲོང་འཁྱེར་དུ་སྲུང་གཙི་ཞུས་སྐབས། ཨ་རིའི་སྒྱུ་རྩལ་པ་ཚོས་ཨ་རི་འཛུགས་སྐྲུན་བྱེད་མཁན་གྱི་མེས་པོ་དམ་པ་རྣམས་ཀྱིས་ཇི་ལྟར་དངོས་པོ་གསར་བཏོད་དང་བཟོ་སྐྲུན་བྱས་པ་འགྲེམ་སྟོན་བྱས་སྐབས། འཛམ་གླིང་གང་ས་ནས་ལྟད་མོ་བ་མང་པོ་བསླེབས་ཡོད།

སྐབས་དེར་ཨེ་ལེཀ་ཛཱན་ཌར་གྲཱ་ཧཱམ་བྷེལ་(Alexander Graham Bell)ལགས་ཀྱིས་ཆེས་ཐོག་མར་གློག་སྐུད་ཁ་པར་ཇི་ལྟར་གསར་གཏོད་བྱས་ཚུལ་དང་། རཱི་མཱིང་ཊཱོན་(Remington)གྱིས་ལྕགས་པར་(Typewriter)གསར་གཏོད་བྱས་རྗེས་ཐོག་མར་མི་མང་གི་མདུན་སར་འགྲེམ་སྟོན་བྱས་ཡོད་པ་མ་ཟད། ཋོ་མཱས་ཨེ་ཌི་སཱན་(Thomas Edison)ལགས་ཀྱིས་རང་འགུལ་ཏར་འཕྲིན་(Automatic Telegraph)དང་གློག་གི་སྨྱུ་གུ་(Electric Pen)འགྲེམ་སྟོན་བྱས་ཡོད་པ་རེད།

ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་ཆེན་སྐབས། ང་ཚོའི་མི་མང་གིས་ང་ཚོའི་རྒྱལ་ཁབ་ཀྱི་ཡ་མཚན་ཅན་གྱི་ཁྱད་ཆོས་ག་ཚོད་ཅིག་མཐོང་ཐུབ་རྒྱུ་ཡིན་པར་བསམ་བློ་ཞིག་ཐོངས་དང་། གལ་སྲིད་ང་ཚོས་རང་གི་མི་མང་གི་འདོད་པ་ལྟར་བྱེད་བཅུག་ན། ངོ་མཚར་ཆེ་བའི་ལས་དོན་ག་ཚོད་ལེགས་འགྲུབ་བྱེད་ཐུབ་ཡོད་བསམ་བློ་ཞིག་ཐོངས་དང་།

གལ་སྲིད་ང་ཚོས་དྲག་སྐྱེད་ཡོང་བར་རེ་བ་ཆད་ཟིན་པའི་ན་ཚ་ལ་སྨན་བཅོས་བྱ་རྒྱུ་ཡོད་པའི་ཐབས་ལམ་གསར་བཏོད་བྱེད་ཐུབ་ན། གལ་སྲིད་ང་ཚོས་རྒྱལ་ཁབ་གཞན་ལ་ང་ཚོའི་ཤུགས་རྐྱེན་ཆེན་པོ་རྨི་ལམ་དུའང་འཁོར་མ་མྱོང་བ་ཞིག་འཇོག་ཐུབ་ན། གལ་སྲིད་ང་ཚོས་རེ་སྐུལ་མ་བྱས་པར་མི་མང་ས་ཡ་མང་པོ་མདུན་དུ་ཐོན་ཏེ་ང་ཚོའི་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་ན།

གལ་སྲིད་གཞུང་ལམ་ཁག་ཏུ་ཨ་མ་རྣམས་བདེ་འཇགས་དང་འཇིགས་སྣང་མེད་པར་བསྐྱོད་ཐུབ་པ་དང་། སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱིས་ཞི་བདེ་བག་ཕེབས་ངང་སློབ་སྦྱོང་བྱེད་ཐུབ་པ། ཨ་རིའི་མི་མང་རྣམས་ལ་ལས་ཀ་ཡོད་པ་དང་རྒྱུ་ནོར་ཕུན་སུམ་ཚོགས་པ། འཚོ་བ་ཡར་རྒྱས་འགྲོ་བའི་ལམ་ཁ་རང་བཞིན་གྱིས་ཡོང་ཐུབ་སོགས་ཀྱི་གནས་སྟངས་ཤིག་ང་ཚོས་བཟོ་ཐུབ་ན། ཨ་རིའི་རྒྱལ་ཁབ་ནི་སྔར་བྱུང་མ་མྱོང་བའི་ཡར་རྒྱས་དང་སྟོབས་ལྡན་ཞིག་ཆགས་ངེས་རེད།

ངས་ཨ་རིའི་མི་མང་ཚང་མར་བཤད་འདོད་པ་ནི། དེ་དག་ནི་ང་ཚོས་མ་འོངས་པར་མཐོང་འདོད་པ་རེད་ལ། དེ་དག་ནི་ང་ཚོས་མ་འོངས་པར་བསྒྲུབ་འདོད་པའང་རེད། ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་རེད་ལ། ང་ཚོའི་ཁ་ཕྱོགས་ཀྱང་གཅིག་པ་རེད། ང་ཚོ་ཚང་མའི་ཁྲག་མདོག་དམར་པོ་ཡིན་པའང་གཅིག་པ་རེད་ལ། ང་ཚོ་ཚང་མས་རྒྱལ་དར་གཅིག་ལ་གུས་འདུད་བྱེད་ཀྱིན་ཡོད་པའང་གཅིག་མཚུངས་རེད། དེར་མ་ཟད་ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བསྐྲུན་པའང་འདྲ་མཚུངས་རེད།

ནམ་ཞིག་ང་ཚོས་གང་ཞིག་མཐོང་འདོད་པ་དེ་མངོན་དུ་འགྱུར་བ་དང་། ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༢༥༠ འཁོར་བའི་གཟི་བརྗིད་ཀྱི་རང་དབང་ཉིན་མོ་སྲུང་གཙི་ཞུས་ན། ང་ཚོས་ཨ་རིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་འཕར་མགོ་བརྩམས་པའི་ལེའུ་གསར་པ་མགོ་བཙུགས་པའི་དོ་ནུབ་ལ་ཕྱིར་མིག་བལྟ་ངེས་རེད།

བསམ་བློ་གུ་དོགས་པོ་རྣམས་ཀྱི་དུས་ཚོད་ནི་ཡལ་ཚར་བ་རེད་ལ། དོན་ཆུང་ཙག་ཙིག་ལ་འཐབ་རྩོད་བྱེད་པའི་དུས་ཚོད་ཀྱང་རྫོགས་ཚར་བ་རེད། ང་ཚོར་དགོས་པ་ནི་རང་གི་བསམ་པའི་འདོད་དོན་བསྒྲུབ་ཐུབ་པའི་བློ་སྟོབས་དང་། སེམས་ཤུགས་ཀྱིས་རང་གི་འདོད་དོན་གཞན་ལའང་བཤད་ཐུབ་པ་ཞིག་དགོས་པ་མ་ཟད། རེ་བ་དང་རྨི་ལམ་དེ་དག་མངོན་དུ་འགྱུར་བའི་ཡིད་ཆེས་བརྟན་པོ་ཞིག་ཡོད་དགོས།

དེ་རིང་ནས་ང་ཚོའི་མངོན་འདོད་ཀྱིས་ཨ་རིའི་རྒྱལ་ཁབ་སྟོབས་ཤུགས་ཅན་བཟོ་རྒྱུ་རེད། འཇིགས་སྣང་གི་ཁུར་བོ་ལྕི་མོ་གང་གིས་ཀྱང་གནོན་མི་ཐུབ། དེ་རིང་ནས་ང་ཚོའི་མ་འོངས་པས་ཨ་རིའི་རྒྱལ་ཁབ་བློ་ཁོག་ཅན་བཟོ་རྒྱུ་རེད། འདས་བའི་དུས་སུ་ལམ་ལྷོངས་མ་བྱུང་བ་དག་གིས་ང་ཚོར་ནམ་ཡང་ཚོད་འཛིན་བྱེད་མི་ཐུབ། དེ་རིང་ནས་ཨ་རིའི་རྒྱལ་ཁབ་ང་ཚོས་མཐོང་འདོད་པ་དེས་མགོ་ཁྲིད་བྱེད་རྒྱུ་རེད། དོགས་ཟོན་དང་ཐེ་ཚོམ་གྱིས་ང་ཚོ་ལོང་བ་དང་ལྐུག་པ་ནམ་ཡང་བཟོ་མི་ཐུབ།

ངས་ཨ་རིའི་མི་མང་ཚང་མར་སླར་ཡང་ཨ་རི་བསྐྱར་གསོ་བྱེད་པའི་ཨ་རི་བའི་སྙིང་སྟོབས་ལ་དགའ་བསུ་ཞུ་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད་ལ། ང་ཚོའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ལ་ང་དང་མཉམ་དུ་མ་འོངས་པའི་ཆེད་དུ་རྨི་ལམ་ཆེན་པོ་ཞིག་དང་། རྒྱལ་ཁབ་ཀྱི་ཆེད་དུ་སེམས་རྒྱ་ཆེ་ཞིང་། བཤད་ཕོད་པ་དང་བསྒྲུབ་ཕོད་པ་ཞིག་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
སོ་སོར་ཡིད་ཆེས་བྱོས།
མ་འོངས་པར་ཡིད་ཆེས་བྱོས།
ཡང་བསྐྱར་ཐེངས་ཤིག་ཨ་རི་ལ་ཡིད་ཆེས་བྱོས།
ཐུགས་རྗེ་ཆེ།
དཀོན་མཆོག་གིས་ཁྱེད་ཚོར་མགོན་སྐྱབས་གནང་རོགས།
ཨ་རི་ལ་མགོན་སྐྱབས་གནང་རོགས།

བསྐྱར་བཅོས།: ༢༠༡༧/༠༣/༠༨

Leave a Reply