ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༡)

ལས་ཀྱིས་འཛོམས་པ། ༼  ༡ ༽

རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་རང་བཞིན་གྱི་དཔེ་དེབ་ཅིག་དཔར་འགྲེམ་ཞུས་ཡོད་པ་ལས་དོན་ཚན་གཅིག་ཉེ་ལམ་དྲ་ལམ་དུ་འགྲེམ་སྤེལ་ཞུས་ཡོད་པ་འདིར་བོད་སྒྱུར་ཞུས་ཡོད། 

ཀ: གོ་ཐོས་ལྟར་ན། ཁྱོད་རང་ཏཱ་ལའི་བླ་མ་དང་ནུབ་ཕྱོགས་ཚན་རིག་པའི་བར་གྱི་བགྲོ་གླེང་དེར་ཉམས་ཞིབ་བྱེད་པར་རྒྱ་གར་དུ་ཕྱིན་ཡོད་སྐད།

ཁ: ཡིན། ང་རང་སྐབས་ཉེར་དྲུག་དང་ཉེར་བདུན་གཉིས་ཀྱི་སེམས་དང་ཚེ་སྲོག་གི་བགྲོ་གླེང་ལ་ཟུར་ཉན་དུ་ཞུགས་པ་ཡིན། དེ་ནི་ཨ་རིའི་སེམས་དང་ཚེ་སྲོག་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་ཏེ། ཏཱ་ལའི་བླ་མ་དང་དེང་གི་ནུབ་ཕྱོགས་ཚན་རིག་པས་བགྲོ་གླེང་བྱེད་སའི་སྟེགས་བུ་ཞིག་རེད།

ཀ: ཏཱ་ལའི་བླ་མ་དང་ཚན་རིག་པའི་བགྲོ་གླེང་དེ་ཉམས་ཞིབ་ཁང་དེས་མགོ་བཟུང་བ་ཞིག་རེད་དམ།

ཁ: མ་རེད། ཉམས་ཞིབ་ཁང་དེ་ནི་ཏཱ་ལའི་བླ་མ་དང་ཚན་རིག་པ་གླེང་མོལ་བྱུང་བའི་རྗེས་སུ། སྤྲོ་སེམས་ཅན་གྱི་ཚན་རིག་པ་ཁ་ཤས་དང་ཏཱ་ལའི་བླ་མ་བཅས་ཀྱིས་ལྷན་དུ་མགོ་བཟུང་བ་ཞིག་རེད། ཉམས་ཞིབ་ཁང་དེ་འཛུགས་པའི་སྐབས་སུ། ཏཱ་ལའི་བླ་མ་དང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁ་ཤས་འབྲེལ་འདྲིས་བྱུང་ཏེ། ཧ་ལམ་ལོ་ངོ་བཅུ་འགོར་གྱི་འདུག

ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་གི་མགོ་རྩོམ་ས།

ཀ: དེ་ན་ཁྱོད་ཀྱིས་བསྐྱར་དུ་གསུང་རོགས། ཏཱ་ལའི་བླ་མ་དང་ནུབ་ཕྱོགས་ཚན་རིག་པའི་གླེང་མོལ་དེ་ནམ་ཞིག་ཏུ་མགོ་བརྩམས་ཡོད་དམ།

ཁ: དེ་ནི་ཏཱ་ལའི་བླ་མ་ནུབ་ཕྱོགས་རྒྱལ་ཁབ་ལ་ཕེབས་མགོ་རྩོམ་པའི་སྐབས་ནས་བྱུང་བ་ཞིག་རེད། ཕྱི་ལོ་ ༡༩༥༩ ཡི་ལོར། ཏཱ་ལའི་བླ་མ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བའི་རྗེས་སུ། ཐོག་མའི་ལོ་ཤས་ཀྱི་རིང་ལ། ཁོང་གིས་ས་མཐའི་མི་དམངས་ཀྱི་འཚོ་བའི་ལམ་སྟོན་ཐད་ལ་གཙོ་མཛད་གནང་དེ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕེབས་པའི་གོ་སྐབས་མ་བྱུང་། སྤྱི་ལོ་ ༡༩༦༧ ལོར་ཏཱ་ལའི་བླ་མ་ཆེས་མཐོའི་ནང་པའི་དགེ་སློང་གི་མཚན་གནས་ཀྱི་ཐོག་ནས། ཐེངས་དང་པོར་རྒྱ་གར་ནས་ཉི་ཧོང་དང་ཐེ་ལན་ཌི་ལ་ཕེབས། ༡༩༧༣ ལོར་ཐེངས་དང་པོར་ཡུ་རོབ་ནུབ་མ་དང་བྱང་མའི་རྒྱལ་ཁབ་ཁག་ལ་ཕེབས། ཏླ་ལའི་བླ་མ་ཐེངས་དང་པོར་ཨ་རིར་ཕེབས་དུས་ནི། ཕྱི་ལོ་ ༡༩༧༩ ལོ་ཡིན་ཞིང་། སྐབས་དེར་ཁོང་བཙན་བྱོལ་དུ་འབྱོར་ཏེ་ཏག་ཏག་ལོ་ངོ་ཧྲིལ་བོ་ཉི་ཤུ་འགོར་ཡོད། དེར་བརྟེན། ཏཱ་ལའི་བླ་མ་ནི་ཡུ་རོབ་ནས་ཚན་རིག་པ་དང་འབྲེལ་འདྲིས་བྱུང་མགོ་བརྩམས་ཡོད།

ཀ: ཏཱ་ལའི་བླ་མ་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་མི་སྣ་ཞིག་ཀྱང་ཡིན། ཡིན་ན་ཡང་། ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ཀྱིས་ནམ་རྒྱུན་མི་རྣམས་ལ་བཞག་པའི་བག་ཆགས་ནི་ཧ་ཅང་བྲེལ་འཚུབ་ཆེ་ཞིང་། མི་ཕལ་བ་ཞིག་ཁོ་ཚོར་ཐུགས་བསམ་ཀྱང་ཐུགས་རྒྱུ་དཀའ་མོ་ཡིན། འོན་ཀྱང་། ཏཱ་ལའི་བླ་མ་དང་ཁ་རལ-ཝོན-ཝེ་ཛི་ཁི(Karl von Weizsacker) ཏ་ཝེ་ཊི-བྷོམ(David Bohm)ལྟ་བུའི་འཛམ་གླིང་དུ་གྲགས་པའི་ཚན་རིག་པ་རྣམས་ཕན་ཚུན་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱུང་། རྐྱེན་གང་ཞིག་གིས་ཏཱ་ལའི་བླ་མ་དང་ཚན་རིག་པ་རྣམས་ལྷན་དུ་འཛོམས་པར་བྱས་པ་ཡིན་ནམ།

ཁ: མི་སྣ་མི་འདྲ་བ་འདི་གཉིས་ལྷན་དུ་འཛོམས་པར་ཆ་རྐྱེན་གལ་ཆེན་གཉིས་ཡོད། དང་པོ་ནི། ཏཱ་ལའི་བླ་མར་དེང་གི་ནུབ་ཕྱོགས་པའི་ཚན་རིག་ཤེས་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་པ་དང་། གཉིས་པ་ནི། ཚན་རིག་པ་ཁ་ཤས་ལ་མཚན་ཉིད་རིག་པའི་རིགས་ལམ་གྱི་གོམས་པ་ལྡན་ཞིང་། ཁོ་ཚོས་ཀྱང་གནའ་བོའི་ཤར་ཕྱོགས་རིག་གནས་ཁྲོད་ཀྱི་རིགས་པ་བརྡར་གཅོད་ཀྱི་སྲོལ་རྒྱུན་དེ་ཤེས་འདོད་ཆེན་པོ་ཡོད་པ་མ་ཟད། གནའ་བོའི་ཤར་ཕྱོགས་རིག་གནས་དེ་རྗེས་ལུས་ཤིག་གི་ངང་དུ་ཡང་འཇོག་གི་མེད། ཏཱ་ལའི་བླ་མ་ཡུ་རོབ་དུ་ཆིབས་སྒྱུར་བསྐྱངས་པའི་སྐབས་དེར། ཁོང་གིས་དེང་གི་ཚན་རིག་གི་ཕྱོགས་སུ་སྤྲོ་སྣང་དང་ཞིབ་འཇུག་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཡོད་པ་དེ་ཕྱིར་མངོན། འདི་ནི་ཚན་རིག་པ་ཏཱ་ལའི་བླ་མའི་གམ་དུ་བཅར་བའི་རྒྱུ་རྐྱེན་ངོ་མ་དེ་ཡིན།

ཀ: དེས་ན་ཏཱ་ལའི་བླ་མ་དེང་གི་ཚན་རིག་ཐད་སྤྲོ་བ་དྲག་པོ་དེ་ཇི་ལྟར་སྐྱེས་པ་རེད་དམ།

ཁ: ཕྱི་ལོ་ ༡༩༥༤ ལོར་ཏཱ་ལའི་བླ་མ་པེ་ཅིན་དུ་ཕེབས། དེ་ནི་ཁོང་བོད་ནས་ཕྱི་ལ་ཕེབས་པ་ཐོག་མ་དེ་རེད། ཕྱིའི་འཇིག་རྟེན་གྱི་དངོས་པོའི་ཕུན་ཚོིགས་དང་ལག་རྩལ་ཡར་རྒྱས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་ཞིག་བཞག རྒྱ་ནག་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་འོག་དེང་རབས་ཅན་དུ་བསྐྱོད་པ་ལྟར། ཁོང་གིས་ཀྱང་ནུབ་ཕྱོགས་ཀྱི་ཚན་རྩལ་ཕྱོགས་ལ་སློབ་སྦྱོང་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་འདོད། འོན་ཀྱང་། འདི་ནི་ཁོང་ཉིད་ཚན་རིག་གི་ཕྱོགས་སུ་དང་བ་བསྐྱེད་པའི་སྒུལ་ཤུགས་རགས་པ་དེ་རེད། དེ་ལས་གཏིང་ཟབ་པའི་སྒུལ་ཤུགས་ནི། ཏཱ་ལའི་བླ་མར་ནང་པའི་གཏན་ཚིགས་རིག་པའི་ཁྲོད་ནས་ཁོལ་ཏུ་བྱུང་བ་ཞིག་སྟེ། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་བརྟག་དཔྱད་མཐིལ་ཕྱིན་བྱེད་པའི་གོམས་པ་དང་མཚར་འཛིན་གྱི་བློ་དེ་ཡིན། ཁོང་གིས་དེང་རབས་ཀྱི་སློབ་གསོ་མྱངས་མེད་ན་ཡང་། ནང་པའི་གཞུང་ལ་ཧ་ཅང་ཞིབ་ཚགས་པའི་སྒོ་ནས་སློབ་གཉེར་གནང་ཡོད། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་རྒྱུད་པ་ཆ་ཚང་ལ་སློབ་གཉེར་གནང་ཞིང་། གནའ་བོའི་རྒྱ་གར་གྱི་དཔལ་ན་ལེནྡྲའི་སྲོལ་རྒྱུན་རིག་པ་དེ་ལ་ཡང་ཧ་ཅང་མཐོང་ཆེན་མཛད། ཁོང་གིས་ནང་ཆོས་ནི་སྤྱིར་བཏང་གི་ཆོས་ལུགས་དད་མོས་ཤིག་གི་ངོ་བོའི་ཐོག་ནས་མི་འཇོག་པར། ནང་ཆོས་ནི་ཤེས་བྱའི་ཚན་ཁག་ཅིག་ཡིན་པ་དང་། འཇིག་རྟེན་གྱི་ངོ་བོ་དང་། མིའི་རང་བཞིན་འདུས་པའི་ནང་སེམས་ཀྱི་རིགས་ཤེས་ཀྱི་རྣམ་གཞག་སྟོན་ཞིང་། ད་དུང་། རིགས་པ་བརྡར་གཅོད་དང་ཤེས་བྱ་གསར་རྟོགས་ཀྱི་ཐབས་ལམ་རྗོད་པའི་གཞུང་ལུགས་ཤིག་ཡིན་པར་འདོད་ཀྱི་ཡོད།

ཀ: ཤར་ཕྱོགས་ཀྱི་གནའ་བོའི་རིག་གནས་དང་ནུབ་ཕྱོགས་ཀྱི་དེང་གི་ཚན་རིག་གཉིས་གདོང་ཐུག་པའི་སྐབས་སུ། ནུབ་ཕྱོགས་ཀྱི་ཚན་རིག་གིས་ཤར་ཕྱོགས་ཀྱི་མི་རྣམས་ལ་ངར་ཤུགས་ཧ་ཅང་དྲག་པོ་ཞིག་བསླངས་ཡོད་པ་ནི་དཔག་ཐུབ་པ་ཞིག་རེད། ཤར་ཕྱོགས་ཀྱི་མི་རིགས་རྣམས་དེང་རབས་ཅན་དུ་སྐྱོད་པར་དེ་ལྟ་བུའི་ངར་ཤུགས་ཤིག་མྱངས་ཏེ་མགོ་བརྩམས་པ་ཞིག་རེད་ཅེས་བཤད་ཀྱང་ཆོག རྒྱ་ནག་ཡང་དེ་ལྟར་རེད་ལ། བོད་ཀྱང་དེ་ལྟར་རེད། ཁྱད་དུ་འཕགས་པའི་བོད་མི་ཁ་ཤས་ཀྱིས་གཞན་ལས་སྔ་བའི་སྒོ་ནས། ནུབ་ཕྱོགས་ཀྱི་ཚན་རིག་ལག་རྩལ་ལ་སློབ་གཉེར་བྱེད་དགོས་པ་དང་། དེང་རབས་ཅན་དུ་སྐྱོད་པ་ནི་དགོས་ངོས་རང་བཞིན་ཞིག་ཡིན་པ་མཐོང་ཡོད། ཁོ་ཚོའི་ཁྲོད་ཀྱི་མི་སྣ་ཁ་ཤས་ཀྱིས་ཟམ་པ་སྐྲུན་པ་དང་། ལམ་ཁ་བཟོ་བ། རྣམ་པ་གསར་བའི་དམག་དཔུང་ལ་སྤྱོང་བརྡར་སྤྲོད་པ་ལྟ་བུའི་ནུབ་ཕྱོགས་ཀྱི་སྔོན་ཐོན་ཅན་གྱི་ལག་རྩལ་ནང་འདྲེན་བྱེད་པར་བརྩོན་པ་བྱས་ཡོད། གཞན་ཡང་། མི་ཁ་ཤས་ཀྱིས་ཆབ་སྲིད་ལས་འགུལ་སྤེལ་བ་དང་། ཆབ་སྲིད་ཚོགས་པ་བཙུགས་པ། ད་དུང་། དེང་སང་ང་ཚོས་ཤེས་ཡོན་པ་ཞེས་འབོད་པའི་མི་སྣ་ཁ་ཤས་ཀྱིས་ཅུང་སྔ་ས་ནས་ཕྱིའི་བསམ་བློ་གསར་བ་དང་འབྲེལ་འདྲིས་བྱས་པར་མ་ཟད། ཁ་རུབ་ཀྱི་བོད་སྤྱི་ཚོགས་སུ་བསམ་བློ་གསར་བ་དེ་དག་མཚམས་སྦྱོར་ཡང་བྱས། ཁོ་ཚོའི་ཁྲོད་ནས་ཀུན་གྱིས་བླ་ལྷག་གིས་སྣང་བར་འཛིན་པ་ཞིག་ནི། དགེ་འདུན་ཆོས་འཕེལ(༡༩༠༣–༡༩༥༠)རེད། ཁོང་ནི་ཨ་མདོ་མཚོ་སྔོན་གྱི་གྲྭ་བ་ཞིག་ཡིན་ཞིང་། ལྷན་སྐྱེས་ཀྱི་རིག་སྟོབས་ཀུན་ནས་རྫོགས་ཤིང་། ནང་པའི་གཞུང་ལ་མཐིལ་ཕྱིན་པ། བོད་ཁུལ་དུ་གྲགས་པ་འབར་བའི་མི་སྣ་ཞིག་ཡིན་པ་མ་ཟད། བསམ་བློ་རྒོད་ཅིང་། སྲོལ་རྒྱུན་རྙིང་པའི་འདམ་རྫོབ་ཁྲོད་ནས་འཚོ་བར་མོས་མཁན་ཞིག་ཀྱང་མིན། ཁོང་ལོ་མང་རིང་རྒྱ་གར་དང་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁམས་སུ་རིག་པས་སྐོར་ཏེ། སྐད་རིགས་མང་པོ་ཁོང་དུ་ཆུད། ཁོང་གིས་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་གཏོང་དགོས་པ་དང་། ནུབ་ཕྱོགས་ཚན་རིག་ལ་སློབ་གཉེར་བྱེད་དགོས་པའི་ལྟ་ཚུལ་བཏོན་པ་མ་ཟད། གནའ་བོའི་རྒྱ་གར་དང་བོད་པའི་ནང་ཆོས་ཀྱི་ཕན་ནུས་རང་བཞིན་དང་། ནང་ཆོས་ཀྱིས་ནུབ་ཕྱོགས་ཀྱི་ཚན་རྩལ་ལ་ཁ་སྐོང་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་བྱས་ཡོད་སྟབས། ཁོང་གིས་ནང་ཆོས་དང་ནུབ་ཕྱོགས་ཀྱི་ཚན་རིག་གཉིས་མཉམ་འབྲེལ་བྱེད་འོས་པའི་ལྟ་ཚུལ་གླེང་། ཁོང་ནི་ནང་ཆོས་དང་དེང་གི་ཚན་རིག་གཉིས་བགྲོ་གླེང་བྱེད་དགོས་པར་གླེང་མཁན་ཐོག་མ་དེ་རེད་ཟེར་ན་ཡང་ཆོག ཡིད་ཕངས་པ་ཞིག་ལ། ཁོང་གི་དུས་རབས་སུ་ཁོང་གི་ལྟ་ཚུལ་གོ་མཁན་དང་། དང་ལེན་བྱེད་མཁན་མ་བྱུང་ལ། དེ་ལག་ལེན་དུ་བསྟར་བའི་མཐུན་རྐྱེན་ཡང་མ་བྱུང་། དེ་ནས་དུས་རབས་ཕྱེད་ཀ་ལྷག་འགོར་ཞིང་། ད་ལྟའི་བར་དུ། ནང་ཆོས་དང་ཚན་རིག་བགྲོ་གླེང་བྱེད་པའི་དོན་སྙིང་དང་ཕན་ནུས་རང་བཞིན་རྟོགས་མཁན་མང་པོ་བྱུང་མེད།

ཁ: དོན་སྙིང་དེའི་སྟེང་ནས་བཤད་ན། ཏཱ་ལའི་བླ་མས་དགེ་འདུན་ཆོས་འཕེལ་གྱི་བསམ་བློ་རྒྱུན་འཛིན་མཛད་ཅིང་། བཙན་བྱོལ་གྱི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ནས་བསམ་བློ་དེ་ལག་ལེན་ཡང་མཛད་ཡོད།

ཚན་རིག་ནི་ཁེངས་སྐྱོང་ཅན་ཞིག་རེད།

ཀ: ཉེ་རབས་ལོ་རྒྱུས་ནང་ཤར་ཕྱོགས་མི་རིགས་རྣམས་ཀྱིས་ནུབ་ཕྱོགས་པའི་བཟོ་སྐྲུན་ལག་རྩལ་དང་ཚན་རིག་གི་བསམ་བློ་ལ་འབྲེལ་འདྲིས་བྱས་རྗེས། དེ་ལ་སློབ་སྦྱོང་དང་ནང་འདྲེན་བྱེད་པའི་འདུན་པ་སྐྱེས། དེ་ནི་ལས་སླ་བོར་རྟོགས་ཐུབ་པ་ཞིག་རེད། མ་གཞི་ནས་སུ་ཡིན་ཡང་སྔར་ལས་སྟོབས་ཆེན་པོ་དང་། སྔར་ལས་གོ་མཚོན་དང་འཕྲུལ་ཆས། བཟོ་རྩལ་སོགས་ཡོད་ན་བསམ་གྱི་ཡོད་པ་རེད། དེ་དག་ནི་དེང་རབས་ཚན་རིག་གིས་ཐོག་མར་མི་རྣམས་ཀྱི་དང་བ་འདྲེན་གྱི་ཡོད་པ་དག་རེད། ཡིན་ན་ཡང་ཤར་ཕྱོགས་ཀྱི་ནང་ཆོས་དང་ནུབ་ཕྱོགས་ཀྱི་ཚན་རིག་གཉིས་བར་གྱི་བགྲོ་གླེང་འདིའི་ཐད་ནས། ནང་པའི་དགེ་འདུན་པ་ཁོ་ནར་བགྲོ་གླེང་བྱེད་པའི་འདུན་པ་ཡོད་པས་མི་ཆོག་ལ།(དེ་འདྲའི་འདུན་པ་ཡོད་མཁན་ཡང་ཧ་ཅང་ཉུང་ཉུང་རེད།) ད་དུང་། ནུབ་ཕྱོགས་ཀྱི་ཚན་རིག་པར་ཡང་ཕན་ཚུན་ལ་འབྲེལ་འདྲིས་དང་བགྲོ་གླེང་བྱེད་པའི་འདུན་པ་ཞིག་ཡོད་དགོས།

ཁ: བདེན་པ་རེད། སྟབས་ལེགས་པ་ཞིག་ལ། ནུབ་ཕྱོགས་ཀྱི་ཚན་རིག་པའི་ཁྱབ་ཁོངས་སུ་ནམ་རྒྱུན་ཕུལ་དུ་བྱུང་བའི་ཚན་རིག་པ་ཁ་ཤས་ཡོད་པ་དང་། ཁོ་ཚོ་ནི་བསམ་གཞིགས་ལ་འབད་འབུངས་བྱེད་མཁན་གྱི་ལྟ་གྲུབ་སྨྲ་བ་ཡང་རེད། ཁོ་ཚོས་ཚན་རིག་གི་རྟག་དཔྱད་བྱེད་པ་དང་སྦྲགས། ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཀྱི་གནད་དོན་ཐད་ལ་ཡང་ནམ་རྒྱུན་བསམ་གཞིགས་བྱེད་ཀྱི་ཡོད། ཁོ་ཚོ་ནི་མི་གཞན་རྣམས་ལས་གུ་ཡངས་ཤིང་། ལས་དོན་གྱི་གྲུབ་འབྲས་ཐད་ནས་ཀྱང་ཧ་ཅང་ཁེངས་སྐྱོང་བྱེད་པ་ཞིག་རེད། ཁོ་ཚོར་ཚན་རིག་གི་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ལྡན་པའི་ངོས་འཛིན་ཇི་ལྟར་བྱས་ན། ཁོ་ཚོས་དེ་ལྟར་བརྟག་དཔྱད་གཏོང་ཡུལ་ནི་ད་སྔ་ཤེས་པ་ལས་ད་དུང་མ་ཤེས་པ་མང་པ་ལྷག་ཡོད་པར་འདོད་ཀྱི་ཡོད། ཁེངས་སྐྱོང་གི་བསམ་བློ་འདི་དང་། ཁོ་ཚོར་གོམས་ཡོད་པའི་གཏན་ཚིགས་རིག་པ་དེས་རང་ཉིད་ཀྱི་ཆེད་ལས་ཚན་རིག་གི་བརྟག་དཔྱད་དང་། དེའི་ཕྱིའི་རོལ་གྱི་འཇིག་རྟེན་གཉིས་ལ་འབྲེལ་བ་ཞིག་ཡོད་པ་མཐོང་དུ་བཅུག ཚན་རིག་ནི་ཁེངས་སྐྱོང་ཅན་ཞིག་ཡིན་པ་ལས་ང་རྒྱལ་ཅན་ཞིག་མིན།

ཀ: མིའི་རིགས་ཀྱི་ལོ་རྒྱུས་ཁྲོད། ཚན་རིག་དང་ལྟ་གྲུབ་གཉིས་ནི་ལྷན་དུ་འདྲེས་ཡོད་པ་ཞིག་ཡིན་སྟབས། ཕུལ་དུ་བྱུང་བའི་ཚན་རིག་པའི་ཁྲོད་དུ་ལྟ་གྲུབ་སྨྲ་བ་ཡིན་པ་ཡང་མང་པོ་ཡོད།

ཁ: རེད། དེང་རབས་ཚན་རིག་གསར་བརྗེ་མ་བྱུང་སྔོན་ལ། ཚན་རིག་དང་ལྟ་གྲུབ་གཉིས་ནི་ཁྱིམ་གཅིག་ཏུ་གནས་ཡོད། དུས་རབས་བཅོ་བརྒྱད་པ་ནི་དངོས་ལུགས་གསར་བརྗེའི་དུས་རབས་ཞེས་འབོད་ཀྱི་ཡོད། དེའི་མཚོན་བྱེད་དུ་ནེའུ་ཊོན་གྱི་གྲགས་རྩོམ<<རང་བྱུང་ལྟ་གྲུབ་གྲངས་ཀྱི་རྣམ་གཞག>>(Mathematical Principles of Natural Philosophy)ཅེས་པ་དེ་ཡིན། དེ་ནས་བཟུང་སྟེ། ཚན་རིག་གི་གསར་བརྗེའི་དེའི་དབང་གིས་བརྟག་དཔྱད་ཀྱི་ཁྱབ་ཁོངས་ཇེ་ཆེ་ནས་ཇེ་ཟབ་དུ་ཕྱིན་པ་དང་། ཚན་རིག་པ་དང་ཚན་རིག་ཞིབ་འཇུག་གི་ལས་དོན་རྣམས་ཀྱང་རིམ་གྱིས་ཆེད་ལས་རང་བཞིན་ལྡན་པའི་སྡེ་ཚན་ཁག་ཏུ་གྱེས། ཚན་རིག་གི་བརྟག་དཔྱད་ཀྱང་ཚོད་ལྟའི་ཕྱོགས་སུ་སྔར་ལས་ཡིད་བརྟན་འཕེར་བ་དང་། ཚོད་ལྟའི་རྣམ་པ་ཡང་སྔར་ལས་གཞི་རྒྱ་ཇེ་ཆེར་གྱུར། ཚོད་ལྟའི་ལས་ཀ་ཡང་སྔར་ལས་ཇེ་ཞིབ་དང་ཇེ་ཟབ་དུ་སོང་། ཚན་རིག་པའི་ཁྲོད་དུ་ཡང་གཞུང་ལུགས་སྨྲ་བའི་ཚན་རིག་པ་དང་། ལག་ལེན་སྨྲ་བའི་ཚན་རིག་པ་ཞེས་ཕྱོགས་གཉིས་སུ་གྱེས། ཆ་རྐྱེན་འདི་འདྲ་ཞིག་གི་འོག་ནས། ཚན་རིག་དང་ལྟ་གྲུབ་གཉིས་ཁྱིམ་གཅིག་ཏུ་གནས་པའི་གནས་སྟངས་དེ་འགྱུར་མགོ་བརྩམས་ཏེ། སོ་སོའི་ལས་དོན་སོ་སོས་བསྒྲུབས། ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་ཁོངས་སུ་རིམ་གྱིས་སྤྱི་སྲོལ་ཞིག་ཆགས་པ་དང་། སྤྱི་སྲོལ་དེར་བརྟེན་ནས། ལྟ་གྲུབ་ནི་ཚན་རིག་གི་ཁྱབ་ཁོངས་ནས་ཕྱིར་བྱུང་།

ཚན་རིག་གསར་བརྗེ་དེའི་རྗེས་ནས། མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་སྔོན་བྱུང་མ་མྱོང་བའི་ལག་རྩལ་བཀོལ་སྤྱོད་ཀྱི་རྣམ་པ་ཞིག་བྱུང་། གཞུང་ལུགས་ལག་རྩལ་དུ་སྒྱུར་བའི་གོ་རིམ་ནི་ཇེ་མགྱོགས་སུ་གྱུར་བ་དང་། ཚན་རིག་གི་ཞིབ་འཇུག་ནི་ཆེད་ལས་པ་ཉུང་ཉུང་ཞིག་གི་ལས་ཀར་གྱུར་བ་མ་ཟད། དམངས་ལ་ཕན་པའི་དེའི་འབྲས་བུ་ཡང་སྔར་ལས་མགྱོགས་པོར་འཐོན་གྱི་ཡོད། ཚན་རིག་དང་ལྟ་གྲུབ་གཉིས་ནི་ཁ་ཁར་གྱེས་པ་དང་། ཚན་རིག་གི་གོ་གནས་སྔར་ལས་ཇེ་མཐོར་སོང་ཞིང་། ལྟ་གྲུབ་ནི་རིམ་གྱིས་དཔེ་ཆའི་ནང་གི་བསམ་བློའི་གདོས་གཟུགས་ཤིག་ཏུ་གྱུར་བར་མ་ཟད། ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་ཏུ་གྱུར།

ཀ: དེ་ནི་ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་ཐད་ལ་རགས་བཤད་བྱས་པ་ཞིག་ཡིན། དེ་ནི་ཧ་ཅང་རགས་པའི་ངོས་འཛིན་ཞིག་ཀྱང་རེད།

ཁ: བདེན་པ་རེད། ཚན་རིག་པ་ཁ་ཤས་ཀྱིས་ཚན་རིག་ནི་རང་ག་བ་ཞིག་ཏུ་མི་ལྟ། ཁོ་ཚོས་ཚན་རིག་ཞིབ་འཇུག་ནི་རང་ཉིད་ཀྱི་ཆེད་ལས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོ་ཚོར་ཚན་རིག་གི་ཁྱབ་ཁོངས་ནས་ཡིད་སྨོན་འཆོར་བའི་གྲུབ་འབྲས་ལྡན་པ་མ་ཟད། ལྟ་གྲུབ་ཀྱི་གཏན་ཚིགས་ཐོག་ནས་བསམ་གཞིགས་བྱེད་པའི་གོམས་ལོབས་དེ་ཡང་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ནམ་རྒྱུན་དེ་ལྟ་བུའི་ཚན་རིག་པར་ཚན་རིག་གི་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་ཡོད་པའི་བསམ་བློ་ལ་འབྲེལ་འདྲིས་བྱེད་པའི་འདུན་པ་དང་ནུས་པ་ཆེན་པོ་ཡོད།

ཀ: ཏཱ་ལའི་བླ་མ་ནུབ་ཕྱོགས་སུ་ཕེབས་ཏེ། དེ་ལྟ་བུའི་ཚན་རིག་པ་རྣམས་དང་འཕྲད་པ་རེད།

ཁ: རེད། ཕྱོགས་དེ་འདྲའི་མི་སྣ་གཉིས་ལྷན་དུ་འཛོམས་ཏེ། གླེང་མོལ་བྱེད་པ་ནི་ཧ་ཅང་ལས་སླ་བོ་ཞིག་མ་རེད། སྐད་བརྡའི་དཀའ་ངལ་ནི་དཀའ་ངལ་ཆེན་པོ་ཞིག་མ་རེད། དཀའ་ངལ་གཙོ་བོ་དེ་རིག་གནས་མི་འདྲ་བ་དང་། བསམ་བློ་གཏོང་སྟངས་དང་རྣམ་འགྱུར་སྟོན་སྟངས་ཀྱི་ཁྱད་པར། ད་དུང་ཁོར་ཡུག་གིས་བསམ་ཤེས་བྱེད་མི་ཐུབ་པ་དང་མོས་མཐུན་མི་བྱེད་པའི་དཀའ་ངལ་བཅས་ཡིན། ཚན་རིག་ཡང་ཧ་ཅང་རྟོགས་དཀའ་བ་ཞིག་ཡིན་ལ། ཚན་རིག་པས་ཅིའི་ཕྱིར་རང་ཉིད་ཀྱི་ལས་མཚམས་བཞག་སྟེ་ནང་པའི་དགེ་སློང་ཞིག་དང་ལྷན་དུ་ཁ་བརྡ་བྱེད་ཀྱི་ཡོད་པ་རེད་དམ། དེ་བཞིན། ནང་ཆོས་ཀྱང་ཧ་ཅང་རྟོགས་དཀའ་བ་ཞིག་ཡིན། ནང་པའི་བླ་ཆེན་ཞིག་དང་ཚན་རིག་པ་གཉིས་ཀྱིས་ནང་ཆོས་ཀྱི་སྐོར་ལ་བགྲོ་གླེང་བྱས་ན་ཕན་ཐོགས་ཅི་ཞིག་ཡོད་དམ། ཏཱ་ལའི་བླ་མས་འདི་ལྟར་གསུངས་མྱོང་སྟེ། ཁོང་གིས་ཐོག་མར་དེ་ལྟར་ཚན་རིག་པ་དང་འབྲེལ་བ་བྱེད་པའི་སྐབས་སུ། ནུབ་ཕྱོགས་ཀྱི་ནང་པའི་བུད་མེད་ཅིག་གིས། གཟབ་གཟབ་བྱེད་དགོས་རེད། ཚན་རིག་ནི་ཆོས་ལུགས་ཀྱི་དགྲ་ཡིན། ཟེར། ཁོ་མོའི་སྐད་ཆ་འདིའི་དོན་ནི། དེང་གི་སྤྱི་ཚོགས་སུ་མི་མང་པོ་ཞིག་གིས་ཚན་རིག་སྦྱངས་ཏེ་ཆོས་ལུགས་དོར་བཞིན་ཡོད་པ་དེ་བསྟན་ཡོད།

ཀ: དེ་ནི་ལས་སླ་བོར་ཤེས་ཐུབ་པ་ཞིག་རེད། སྤྱི་ཚོགས་ནང་ནས་ང་ཚོ་དེ་ལྟ་བུ་ལ་མང་པོ་འཕྲད་མྱོང་ཡོད།

ཁ: དེ་ལྟར་ཡིན་ན་ཡང་། ཏཱ་ལའི་བླ་མས་ཚན་རིག་དང་འབྲེལ་བྱེད་པ་དེ་མཚམས་བཞག་མ་མྱོང་།

ཀ: ངས་བསམ་ན། དེ་ནི་ཁོང་གི་ནང་ཆོས་ཀྱི་ཉམས་ལེན་དང་འབྲེལ་བ་ཡོད་པ་ཞིག་རེད་འདོད། ནང་ཆོས་ནི་ཡེ་ཤུ་ཆོས་ལུགས་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་མི་རུང་། ནང་ཆོས་ནི་སངས་རྒྱས་ཀྱི་གསུང་ཡིན། སངས་རྒྱས་བཞུགས་པའི་སྐབས་སུ། ཁོང་གིས་ཆོས་(dharma)དང་འདུལ་བ(vinaya)གཉིས་གསུངས་ཡོད་ཅིང་། ཕྱིས་སུ་སྡེ་སྣོད་གསུམ(མངོན་པའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མདོ་སྡེ་སྡེ་སྣོད།)དུ་བསྡུས་པ་ཡིན།

སངས་རྒྱས་ཀྱིས་ཁོང་གི་དགེ་ཕྲུག་རྣམས་ལ་ལྟ་ཚུལ་ནོར་འཁྲུལ་ཅན་རྣམས་མཁྲེགས་འཛིན་བྱེད་མི་རུང་བ་དང་། ཐ་ན། ཁོང་རང་ཉིད་ཀྱི་གསུང་ལ་ཡང་། བརྟག་དཔྱད་བཏང་སྟེ་འདོར་ལེན་བྱེད་དགོས་པའི་སྐོར་གསུངས་ཡོད། དེར་བརྟེན། ཏཱ་ལའི་མ་མཆོག་གིས་ཧ་ཅང་གུ་ཡངས་པོའི་སྒོ་ནས། གལ་སྲིད། ངོས་རང་ནོར་བ་བདེན་ཚེ། བཅོས་སྒྱུར་བྱེད་ཆོག་ཅེས་གསུང་གི་ཡོད། སངས་རྒྱས་ཀྱིས་ཀྱང་ཁྱོད་ཀྱིས་ལྟ་ཚུལ་གང་ཞིག་འགྱུར་བ་གཏོང་བར་བཀག་སྡོམ་བྱས་མེད། ནང་པར་གཏན་ནས་འགྱུར་བ་གཏོང་མི་ཆོག་པའི་ཆེས་མཐོ་བའི་འདུལ་ཁྲིམས་ཤིག་མེད། དེ་ནི་ནང་ཆོས་དང་ཆོས་ལུགས་གཞན་བར་གྱི་ཁྱད་པར་གཙོ་བོ་ཞིག་རེད། ཏཱ་ལའི་བླ་མས་ཟབ་ཅིང་རྒྱ་ཆེ་བའི་དཔལ་ན་ལེན་ཊ་ནས་བརྒྱུད་ཡོང་བའི་ནང་ཆོས་ལ་ཐོས་བསམ་སློབ་གཉེར་བྱས་ཡོད་སྟབས། གཏན་ཚིགས་དང་རིགས་ཤེས་གཙིགས་སུ་འཛིན་གྱི་ཡོད།

ཁ: ཕྱོགས་གཅིག་ནས། ཏཱ་ལའི་བླ་མ་ལ་གང་ཞིག་ཤེས་འདོད་ཀྱི་བློ་དྲག་པོ་ཞིག་ཡོད་པ་དང་། ཕྱོགས་གཞན་ཞིག་ནས། ཁོང་བཙན་བྱོལ་ལ་ཕེབས་ཏེ་ཁ་རུབ་བོད་ཀྱི་སྤྱི་ཚོགས་ལས་ཕྱིར་ཐོན། ཁོང་གིས་ནང་པའི་གཞུང་ལ་ཐོས་བསམ་བློ་གཉེར་བྱས་ཡོད་ན་ཡང་། ད་དུང་། ཁོང་གིས་ཕྱིའི་ཤེས་ཡོན་རྣམས་ཀྱང་ཤེས་འདོད་ཀྱི་ཡོད། ཁོང་ནི་དེང་རབས་ཤེས་ཡོན་ཕྱོགས་ལ་དང་དོད་བྱེད་མཁན་བོད་མི་སྔོན་ཐོན་རྣམས་དང་མི་འདྲ། ཁོང་ལ་མཚོན་ན། ཆེས་ཡིད་དབང་འཕྲོག་ས་ནི་སེམས་དང་འབྲེལ་བའི་ཚན་རིག་གི་ཤེས་བྱའི་སྐོར་ཡིན་པ་དང་། དངོས་པོ་དང་འབྲེལ་བའི་ཚན་རིག་གི་སྐོར་ནི་ཕལ་བར་གྱུར་ཡོད། སྟབས་འགྲིག་པ་ཞིག་ལ། ༡༩༧༣ ལོར་ཁོང་ཐོག་མར་ཡུ་རོབ་ལ་ཕེབས་ཏེ། འཇར་མན་གྱི་ཚན་རིག་པ་ཁ་རལ-ཝོན-ཝེ་ཛེ་ཁི(Carl Friedrich Freiherr von Weizsäcke)དང་འཕྲད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མུ་འགོད།

ལོ་མ་རྒྱལ་གྱི་སྒྱུར་མཆན།

 ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས། >> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། གཞན་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་བྲིས་ཡོད། ཏིན་ཡི་ཧྥུས་ << ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། >>ཞེས་པ་འདི་རྩོམ་པ་པོ་ཁོ་གཉིས་ཀྱིས་ ༢༠༡༥ ལོར་དཔར་འགྲེམ་ཞུས་ཤིང་། འདིར་བཀོད་པའི་འགྱུར་རྩོམ་འདི་ནི་དེབ་དེའི་ལེའུ་དང་པོ < ལས་ཀྱི་འཛོམས་པ། > ཞེས་པ་དེ་ཡིན།

འཕྲོས་༼    ཁ་རལ-ཝོན-ཝེ་ཛེ་ཁིའི་སློབ་ཐུན་དང་པོ། ༽  ཞེས་པ་འདོན་ཐེངས་རྗེས་མར་གཟིགས།

 

བསྐྱར་བཅོས།: ༢༠༡༧/༠༦/༡༨

Leave a Reply