ཏཱ་ལའི་བླ་མ་མཆོག་ཁ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན།

༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ནི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རེད། ཁོང་གི་སྙན་གྲགས་ལ་ཚད་གཞལ་ཐབས་མེད།

ཁོང་གིས་ཟླ་འདིའི་ཚེས་ ༡༦ ཉིན་ཨ་རིའི་སཱེན་ཌི་གྷོའི་ཁ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭ་ (Calfornia University)ནང་མང་ཚོགས་ལ་གཏམ་བཤད་གནང་རྒྱུའི་འཛིན་བྱང་བཙོང་མགོ་བཙུགས་ཏེ་ཆུ་ཚོད་གཅིག་གི་ནང་བཙོངས་ཚར་འདུག འཛིན་བྱང་ཁྱོན་སྡོམ་ ༥༠༠༠༠ བཟོས་ཡོད་པར་བཤད། འདུ་འཛོམས་དེར་བྷ་རཱ་ཛིལ་དང་ཧྥ་རན་སི། ཉི་ཧོང་། རྒྱ་ནག་སོགས་རྒྱལ་ཁབ་མང་པོའི་གསར་འགོད་པ་ ༡༡༠ ལྷག་གིས་ཐོ་འགོད་བྱས་ཡོད་འདུག

གཙུག་ལག་སློབ་གྲྭ་འདིའི་མཐར་ཕྱིན་དང་སློབ་སྐབས་གསར་བའི་མཛད་སྒོའི་ཐོག་སྔོན་ཆད་ཀྱང་མི་སྣ་གྲགས་ཅན་མང་པོ་ཞིག་གིས་གཏམ་བཤད་བྱས་མྱོང་ཡོད་ཀྱང་། ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཏམ་བཤད་གནང་འཆར་ཐད་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཆེན་པོ་འདི་ལྟ་བུ་སྔར་བྱུང་མྱོང་མེད།

མཛད་སྒོ་དེར་སྒྲ་དང་བརྙན་ལེན་སྒྲིག་སྦྱོར་མཁན་ཨིས་ཊི་ཝེན་ཨི་ཝན་(Steven Evan)ལགས་ཀྱིས། “ད་རེས་འདིར་འཛོམས་འཆར་ཡོད་པའི་མི་གྲངས་ནི། དེ་སྔོན་འདུ་འཛོམས་བྱས་པའི་མི་གྲངས་ལས་ལྡབ་ལྔ་ལས་མང་བ་ཡོད་པར་གྲ་སྒྲིག་བྱས་ཡོད་པ་རེད།”ཅེས་བརྗོད་འདུག

སཱེན་ཌི་གྷོ་ཁ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭའི་རིགས་བདག་ཆེན་མོ་པྲ་ཌིབ་ཀྵོ་ལཱ་(Pradeep Khosla)ལགས་ཀྱིས། “གཙུག་ལག་སློབ་གྲྭ་འདིའི་མཛད་སྒོའི་གཏམ་བཤད་པར་མི་གང་འདྲ་ཞིག་གདན་འདྲེན་ཞུ་དགོས་ཟེར་ན། གཙུག་ལག་སློབ་ཁང་འདིའི་རིན་ཐང་མཚོན་ཐུབ་མཁན་གྱི་རིན་ཐང་ཆེན་པོ་ཅན་ཞིག་དགོས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་བསླབ་བྱ་དང་། བདེ་སྐྱིད་ཀྱི་བསླབ་བྱ། བྱམས་བརྩེའི་བསླབ་བྱ། ཆོས་ཀྱི་བསླབ་བྱ་སོགས་ཀྱིས་ང་ཚོའི་མི་ཚེའི་འགྲོ་སྟངས་དོན་དངོས་མཚོན་གྱི་ཡོད་སྟབས། ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སློབ་གྲྭ་འདིར་གཏམ་བཤད་གནང་བའི་ཁྱད་ཆོས་ཡོངས་སུ་ཚང་ཡོད་པར་ཐེ་ཚོམ་མེད་པ་ཞིག་ཏུ་མཐོང་གི་འདུག” ཅེས་བརྗོད་འདུག

གཙུག་ལག་སློབ་གྲྭ་འདིར་རྒྱ་རིགས་སློབ་མའི་གྲངས་འབོར་ལོ་རེ་ནས་ལོ་རེར་འཕར་གྱི་ཡོད་སྟབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཟིགས་སྐོར་ལ་རྙོག་གླེང་ཡོང་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་ལོ་མང་གོང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་བོད་ཁ་བྲལ་གཏོང་མཁན་གྱི་ “ཁ་བྲལ་རིང་ལུགས་པ་” ཞིག་རེད་ཅེས་སྐྱོན་བརྗོད་དང་དྲིལ་བསྒྲགས་ཤུག་ཆེན་བྱེད་ཀྱིན་ཡོད།

ད་ལྟ་གཙུག་ལག་སློབ་གྲྭ་འདིར་རྒྱ་ནག་གི་མི་སེར་ཡིན་པའི་རྒྱ་རིགས་སློབ་གཉེར་བ་ ༣༥༠༠ ལྷག་ཡོད་པ་དང་། ཁོང་ཚོས་གཙུག་ལག་སློབ་གྲྭ་འདིའི་སློབ་མའི་བརྒྱ་ཆ་ ༡༢།༥ ཟིན་གྱི་ཡོད། དེའི་ཁྲོད་ཀྱི་སློབ་མ་ཁ་ཤས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཟིགས་སྐོར་དང་གཏམ་བཤད་ལ་ངོ་རྒོལ་བྱེད་ཀྱི་ཡོད།

ད་རེབ་མཛད་སྒོའི་ཐོག་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བཞེས་མཁན་རྒྱ་རིགས་སློབ་མ་རང་ལོ་ ༢༤ ཡིན་མཁན་ཤཱི་ཧཱོ་ཧཱེན་(Shihao Han)གྱིས། “༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་ཡང་། ད་ལྟའི་རྒྱ་ནག་གཞུང་དང་འབྲེལ་བ་མེད།” ཅེས་བརྗོད་པ་དང་། ཁོ་བོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙུག་ལག་སློབ་གྲྭ་འདིར་ཕེབས་སྐབས་ངོ་རྒོལ་སྐད་འབོད་བྱེད་འཆར་མེད་ཀྱང་། ཁོ་བོས་རང་གི་རྒྱ་རིགས་སློབ་གྲོགས་ཚོས་ངོ་རྒོལ་སྐད་འབོད་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཟེར། ཁོ་བོས་མུ་མཐུད། “༧གོང་ས་ཏཱ་ལའི་བླ་མ་མཆོག་འདིར་ཕེབས་འཆར་ཡོད་པར་བརྟེན་རྒྱ་རིགས་སློབ་མ་ཁ་ཤས་བློ་ཕམ་བྱེད་ཀྱི་ཡོད་པ་དེ་ཧ་སང་དགོས་པ་ཞིག་མ་རེད། འོན་ཀྱང་གཙུག་ལག་སློབ་ཁང་འདིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་རྒྱུའི་ཐག་གཅོད་གནང་བ་དེར་ང་ཧང་སང་གི་འདུག” ཅེས་བརྗོད་སོང་།

རྒྱ་ནག་གི་ཆབ་སྲིད་དང་འབྲེལ་ནས་གཙུག་ལག་སློབ་གྲྭ་འདིར་རྙོག་གླེང་བྱུང་བ་ནི་ཐེངས་དང་པོ་མིན། གཙུག་ལག་སློབ་ཁང་གཞན་དུའང་དེ་ལྟར་བྱུང་དང་འབྱུང་བཞིན་ཡོད། ཟླ་སྔོན་མར་རྒྱ་རིགས་སློབ་མ་ཞིག་གིས་མཱ་རི་ལན་ཌི་(Maryland)གཙུག་ལག་སློབ་ཁང་གི་མཐར་ཕྱིན་མཛད་སྒོའི་ཐོག ཁོ་མོས་རྒྱ་ནག་དང་ཨ་རི་གཉིས་སུ་མི་ཚེ་བསྐྱལ་བའི་བརྒྱུད་རིམ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་སྐོར་བརྗོད་རྗེས། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་རྙོག་གླེང་ཆེན་པོ་ཆགས་སྟབས་རྗེས་ལ་ཁོ་མོས་དགོངས་སེལ་ཞུ་དགོས་བྱུང་ཡོད།

རྒྱ་ནག་དང་ཨ་རིའི་རིག་གཞུང་འབྲེལ་འདྲིས་བྱས་ཏེ་ལོ་ངོ་མང་པོ་ཕྱིན་མེད་ཀྱང་། གདོང་ཐུག་དང་འགལ་ཟླ་སྣ་ཚོགས་ཤིག་འབྱུང་བཞིན་པའི་རྒྱུ་མཚན་འགྲེལ་བཤད་རྒྱག་དཀའ་བ་ཞིག་རེད། ང་ལ་མཚོན་ན། དེ་བསམ་བློའི་ནང་དུའང་འཁོར་དཀའ་བ་ཞིག་འདུག ལོ་ངོ་མང་པོའི་གོང་ལ་རྒྱ་རིགས་རྣམས་ནུབ་ཕྱོགས་སུ་བསྐྱོད་ཆོག་པའི་ཕྱོགས་མཆན་སྤྲོད་ཀྱི་མེད་ལ། ༡༩༦༤ ནས་ ༡༩༦༥ ལོའི་བར་ཨ་རིའི་སློབ་གྲྭ་ཁག་ཏུ་རྒྱ་རིགས་ཀྱི་སློབ་མ་ ༥ ལས་མེད་ཀྱང་། ༢༠༡༥ ནས་ ༢༠༡༦ ལོའི་སློབ་དུས་ཀྱི་སྐབས་སུ་རྒྱ་རིགས་སློབ་མ་ ༣༢༨༥༤༧ ལྷག་བསླེབས་ཡོད་འདུག

ནེའུ་ཡོག་ཏུ་ཡོད་པའི་ཨེ་ཤ་ཡའི་སྤྱི་ཚོགས་ཀྱི་རྩོམ་པ་པོ་ཨེ་རིག་ཧྥིཥ་(Eric Fish)ལགས་ཀྱིས་ཨ་རིའི་ནང་ཡོད་པའི་རྒྱ་རིགས་སློབ་མའི་སྐོར་ལ་ཞིབ་འཇུག་གི་དཔེ་དེབ་ཅིག་འདོན་འཆར་ཡོད། ཁོང་གིས་རྒྱ་རིགས་སློབ་མ་ཚོས་ཨ་རི་ནས་སློབ་མཐར་ཕྱིན་ཏེ་རྒྱ་ནག་ཏུ་ལོག་ན། དམངས་གཙོའི་ཤུགས་རྐྱེན་སྤྲོད་ཐུབ་མིན་བཤད་དཀའ་བ་ཞིག་རེད་ཅེས་བརྗོད་ཡོད།

ཧྥིཥ་ལགས་ཀྱིས། “རྒྱ་རིགས་སློབ་མ་ཚོས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱས་མཐར་ཨ་རིའི་རྒྱབ་སྐྱོར་བའམ་ཨ་རིར་ཞེན་ཁོག་ཡོད་པ་ཞིག་ཆགས་རྒྱུ་རེད་དམ། ཡང་ན། ཨ་རིའི་ངོ་ལོག་པ་ཞིག་ཆགས་རྒྱུ་རེད་སུས་ཀྱང་བཤད་དཀའ་” ཟེར།

སྔར་ལོའི་དབྱར་ཁར་ཁ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་བཞུགས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕོ་བྲང་དུ་འབྲེལ་བ་བྱས་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ ༢༠༡༧ ལོའི་སློབ་སྐབས་དབུ་འཛུགས་གཏམ་བཤད་པར་གདན་ཞུ་གནང་བ་དང་། བདུན་ཕྲག་དྲུག་གི་རྗེས་སུ་འདི་ག་གཙུག་ལག་སློབ་གྲྭའི་རིགས་བདག་ཆེན་མོ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དངོས་སུ་མཇལ་འཕྲད་ཞུས་སྐབས་འདི་ག་སློབ་གྲྭའི་མཛད་སྒོར་ཕེབས་རྒྱུ་ཞལ་བཞེས་གནང་འདུག

སློབ་ཕྲུག་རཱི་ཀི་ཧྥེ་ལེ་ཧིབ་(Ricky Flahive)ལྟ་བུར་ཆ་བཞག་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་འདི་ག་གཙུག་ལག་སློབ་གྲྭར་ཕེབས་འཆར་ཡོད་པ་ཐོས་ཏེ་དགའ་སྤྲོ་དཔག་མེད་ཅིག་སྐྱེས་བྱུང་ལ་ཞོར་དུ་དངངས་ཚབ་ཅིག་ཀྱང་སྐྱེ་སོང་ཟེར། གང་ཡིན་ཟེར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་གི་མཛད་སྒོ་དེའི་ཐོག་ཁོ་བོ་ཡང་གཏམ་བཤད་བྱེད་མཁན་གྲས་སུ་བདམས་ཡོད་འདུག ཧྥེ་ལེ་ཧིབ་ལགས་ཀྱིས་གཙུག་ལག་ཁང་འདི་ནས་ཆབ་སྲིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སློབ་སྦྱོང་བྱེད་མུས་ཡིན་འདུག

ཧྥེ་ལི་ཧིབ་ནི་ད་ལྟ་རང་ལོ་ ༢༣ ཡིན་པ་དང་། ཁོ་བོས། “གཙུག་ལག་སློབ་གྲྭ་འདིའི་མཐར་ཕྱིན་མཛད་སྒོར་རྟག་པར་གཏམ་བཤད་པ་གྲགས་ཆེན་གདན་འདྲེན་ཞུ་བཞིན་ཡོད་པ་རེད། ཐེངས་འདིར་འཛམ་གླིང་གི་མི་མང་པོས་ཆེས་དགའ་མོས་བྱེད་ཡུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་གདན་འདྲེན་ཞུ་ཐུབ་ཀྱི་རེད་དྲན་མ་སོང་། ཁོང་གདན་འདྲེན་ཞུ་རྒྱུའི་གནས་ཚུལ་ཐོས་ཏེ་ང་རང་ཧང་སང་སོང་།”ཞེས་བརྗོད་སོང་།

༧གོང་ས་ཏཱ་བླ་མ་མཆོག་དབུ་བཞུགས་ཀྱི་མཛད་སྒོ་འདིར་རྒྱ་རིགས་སློབ་མ་སྐོར་ཞིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། དེ་ནི་སློབ་གྲྭ་འདིའི་རྒྱ་རིགས་སློབ་མ་ཡོངས་མིན་པར་རྒྱ་རིགས་སློབ་མ་སྐོར་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་མཇལ་གསུང་ཐོས་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།

གློག་ཀླད་རིག་པའི་སློབ་མཐར་ཕྱིན་པའི་སློབ་བུ་ད་ལྟ་རང་ལོ་ ༢༥ ཡིན་པ་མཱོ་སིས་གྷའོ་(Moses Gao)ལགས་ཀྱིས། “ང་ལ་ནི་ཚོར་བ་ཆེན་པོ་འདུག ངས་ཁོང་གི་གཏམ་བཤད་ལ་ཉན་ཏེ། ཁོང་གི་དགོངས་ཚུལ་དག་ཤེས་འདོད་འདུག ཁོང་གིས་ཆབ་སྲིད་ཀྱི་སྐོར་ལ་གསུང་གི་མེད་པ་ངས་ཤེས་ཀྱི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་པ་ཙམ་ལ་དཀའ་ངལ་ཡོད་ཀྱི་མ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་། ཁོང་ནི་རྒྱ་ནག་ཤར་ཕྱོགས་ནས་ཨ་རིར་སློབ་སྦྱོང་དུ་ཡོང་བ་ཞིག་རེད།

རྒྱ་རིགས་སློབ་མ་ ༡༥ ཙམ་འདི་ག་སློབ་གྲྭའི་རིགས་བདག་ཆེན་མོའི་མདུན་དུ་བཅར་ཏེ་ཉེ་ལམ་ཚིག་ངན་སྣ་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར་དགོངས་སེལ་ཞུས་ཡོད་ཀྱང་། ངོ་རྒོལ་སྐད་འབོད་དེ་ལཱོས་ཨེན་ཇལ་(Los Angeles)དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱིས་ངན་སྐུལ་བྱས་སྐོར་ཡོངས་གྲགས་ཆགས་ཡོད་པ་དེ་བདེན་པ་མིན་སྐོར་བརྗོད་འདུག ཟླ་སྔོན་མའི་ནང་ཚོགས་པ་ཞིག་གིས་སློབ་གྲྭའི་དཔེ་མཛོད་ཁང་གི་མདུན་ཐང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མི་ཚེ་ལོ་རྒྱུས་དང་། ཁོང་འཇིག་རྟེན་འདིར་ཧ་ཅང་གལ་འགངས་ཆེ་སྐོར་འགྲེམ་སྟོན་བྱས་ཡོད།

དུས་རབས་ ༡༧ གྱི་མགོ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཡང་། རྒྱ་ནག་གཞུང་གིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་ནས་བོད་ནི་རྒྱ་ནག་གི་ཆ་ནས་ཡིན་སྐོར་དང་། ད་ལྟའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ ༡༩༥༠ ལོའི་བར་མིང་ཙམ་གྱི་དབུ་ཁྲིད་ཡིན་ཡང་། དེའི་རྗེས་ལ་རྒྱ་ནག་གཞུང་གིས་སླར་ཡང་བོད་ཀྱི་དབང་ཆ་ཚུར་བླངས་ཏེ་ཏཱ་ལའི་བླ་མ་སྒྲིག་འཛུགས་ལས་ཕྱིར་འཕུད་བཏང་བ་ཡིན་ཚུལ་རྗོད་ཀྱི་ཡོད།

༡༩༥༩ ལོར་རྒྱ་ནག་བཅིང་གྲོལ་དམག་མིས་བོད་པའི་འཐབ་མོ་བ་རྣམས་ཕམ་ཉེས་སུ་བཏང་རྗེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། ཨ་རིའི་གསང་བའི་ལས་ཁུངས་སོགས་ཀྱི་རོགས་སྐྱོར་ལ་བརྟེན་ཏེ། རྒྱ་གར་དྷ་རམ་ས་ལར་བཙན་བྱོལ་བོད་གཞུང་འཛུགས་ཐུབ་པ་བྱུང་ཡོད་ཀྱང་། ཕྱིས་སུ་ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་གྱི་འཐབ་རྩོད་བློས་གཏོང་མཛད་དེ་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད།

༢༠༡༡ ལོ་ནས་བཟུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བོད་མི་མང་གིས་བདམས་པའི་མགོ་ཁྲིད་ལ་ཕུལ་ཡོད་པ་མ་ཟད། བོད་རྒྱའི་འཐབ་རྩོད་དེའང་བཅོས་སྒྱུར་བཏང་སྟེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་བོད་རྒྱ་ནག་གི་འོག་ཏུ་གནས་འདོད་ཡོད་པ་གསལ་བསྒྲགས་བྱས་ཡོད། དེ་ལ་ཚད་མཐོ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་གྱི་ཡོད།

མི་ཁ་ཤས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་དོན་འཐབ་རྩོད་ཐད་ད་དུང་ཆབ་སྲིད་དབུ་ཁྲིད་ལྟ་བུར་མཐོང་གི་ཡོད་ཀྱང་། འདི་ག་གཙུག་ལག་སློབ་ཁང་དུ་ཁོང་གིས་གཏམ་བཤད་གནང་འཆར་ཡོད་པ་དེ་ནི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་གསལ་བོ་རེད།

བླ་མ་བསྟན་འཛིན་དོན་ལྡན་ལགས་ཀྱིས། “༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་སྟེ། ཁོང་གི་བསླབ་བྱ་ལ་ཉོན། དེའི་རྗེས་ཁོང་གིས་གསུངས་པ་ལ་བསམ་བློ་ཐོངས། ཁོང་གི་ཟླ་དྲུག་པའི་ནང་གི་མཛད་འཕྲིན་དེ་དག་ནི་འཛམ་གླིང་འདིའི་སྟེང་གི་མཛེས་སྡུག་ལྡན་པའི་མི་རིགས་མ་འདྲ་བའི་ཕན་ཚུན་བར་བྱམས་བརྩེའི་ངང་ཇི་ལྟར་འཚོ་དགོས་མིན་སྐོར་བཀའ་སློབ་གནང་རྒྱུ་དེ་རེད།”ཅེས་བརྗོད་སོང་།

ལཱ་ཇོལ་ལཱ་(La Jolla)ལ་སློབ་གཉེར་བྱེད་མཁན་སློབ་མ་ཤཱི་ཧཱོ་ཧཱང་(Shihao Han)གིས། “དེང་སྐབས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡིན་ཡང་རུང་། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཡང་རུང་ཐམས་ཅད་ཀྱིས་རྒྱ་ནག་ལ་དོ་སྣང་བྱེད་ཀྱི་འདུག རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཆགས་འདུག”ཅེས་བརྗོད།

ད་དུང་ཁོས། “དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པར་ཞིབ་འཇུག་བྱེད་མཁན་མང་པོ་འདུག རྒྱ་ནག་གི་བསམ་བློའི་སྒྲོམ་གཞི་དེ་ཧ་ཅང་མ་འདྲ་བ་ཞིག་ཡིན་སྟབས། མཚམས་རེར་ཨ་རི་བ་ཁ་ཤས་ལ་ཁོང་ཁྲོ་སློང་བ་དང་ཡིད་རྟོན་དཀའ་བའི་རྐྱེན་རྩ་ཆགས་ཀྱི་ཡོད་ས་རེད” ཅེས་དང་། “ཧཱན་མི་རིགས་ཀྱི་མཐོང་སྣང་ལ་ནུབ་ཕྱོགས་པ་རྣམས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡིད་དབང་འཕྲོག་ཡོད་པ་དང་། ཁོང་བེད་སྤྱོད་གཏོང་གི་ཡོད་པར་མཐོང་གི་ཡོད། ལྷག་པར་དུ་ཨ་རིས་སོ་སོའི་རྒྱལ་ཁབ་ཀྱི་ཆེ་མཐོང་དང་དམངས་གཙོ་གོང་སྤེལ་ཆེད་ཏཱ་ལའི་བླ་མ་བེད་སྤྱོད་གཏོང་གི་ཡོད་པར་མཐོང་གི་ཡོད།”ཅེས་བརྗོད་སོང་།

གསར་འགོད་པ་པཱི་ཊར་རཱ་ཝོ།(Peter Rowe)
༢༠༡༧།༦།༡༥ ཉིན་སཱེན་ཌའེ་གྷོ་ཆིག་སྒྲིལ་གླེང་སྟེགས་སུ་སྤེལ།
ཉི་མ་ཚེ་རིང་གིས་བསྡུ་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༦/༡༨

Leave a Reply

One thought on “ཏཱ་ལའི་བླ་མ་མཆོག་ཁ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན།