ཏཱ་ལའི་བླ་མའི་གཟིགས་སྐོར་དང་རྒྱ་ནག་གི་ཁོང་ཁྲོ། དེའི་བར་ན་ཁོང་གི་ཡང་སྲིད་གནད་དོན།

རྩོམ་པ་པོ་(Ellen Barry)
ནེའུ་ཡོག་དུས་བབ་ཀྱིས་ ༢༠༡༧།༤།༦ ཉིན་སྤེལ།
ཚེ་རིང་དོན་གྲུབ་ཀྱིས་བོད་སྒྱུར་ཞུས།

དགུང་གྲངས་ ༨༡ ལ་ཕེབས་པའི་ཏཱ་ལའི་བླ་མ་མཆོག་ལ་མཚོན་ན་རྒྱ་ནག་གི་ས་མཚམས་མཐའ་སྣེར་ཆགས་པའི་རི་ཁུལ་གྱི་གྲོང་ཚོ་དེའི་ནང་འགྲུལ་བཞུད་བྱ་རྒྱུ་ནི་དཀའ་ཚེགས་ཅན་གྱི་འགྲུལ་བཞུད་ཅིག་ཆགས་ཡོད་ལ། གཅིག་བྱས་ན་དེ་ནི་ཁོང་གི་འགྲུལ་བཞུད་མཐའ་མ་དེ་ཡིན་ཡང་སྲིད། གྲོང་ཚོ་དེས་ཁོང་གི་སྐུ་ཚེའི་ནང་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་གལ་འགངས་ཅན་གྱི་གནས་བབ་ཅིག་བཟུང་ཡོད།

ཁོང་ཉིད་འཕུར་སྐྱོད་གནང་སའི་གནམ་གྲུའི་སྟེང་དྲག་ཆར་རླུང་འཚུབ་བསྟུད་མར་རྒྱབ་པར་བརྟེན་ཏེ། ཁོང་དང་ཁོང་གི་སྐུ་འཁོར་ལྷན་རྒྱས་ཀྱག་ཀྱོག་ཆེ་བའི་གཞུང་ལམ་སྟེང་ཁོང་ཉིད་ཀྱི་ཞལ་མཇལ་ཐོབ་ན་སྙམ་སྟེ་བཅར་བའི་ས་གནས་ཡུལ་མིའི་བང་གའི་ཁྲོད་ཉིན་རེར་ཆུ་ཚོད་བདུན་ནམ་བརྒྱད་ཙམ་གྱི་རིང་ས་ཐོག་ནས་འགྲུལ་བཞུད་བྱ་དགོས་བྱུང་།

ཉིན་རེ་བཞིན་ཁོང་གནས་རྩ་ཆེན་རྟ་དབང་གི་ཡུལ་དང་ཐག་ཉེར་བཅར་བཞིན་པ་དང་དུས་མཚུངས་རྒྱ་ནག་གིས་ཁོང་གི་འགྲུལ་བཞུད་མཚམས་འཇོག་བྱེད་དུ་བཅུག་རྒྱུར་རྒྱ་གར་ལ་བཙན་དེད་བྱེད་པའི་རྣམ་པ་ཡང་ཇེ་ཆེར་སོང་ཞིང་། རྒྱ་ནག་གི་ཉེན་བརྡའི་རྣམ་པ་ཡང་སྔར་ལས་འཇིགས་སྣང་ཆེ་རུ་སོང།

ཏཱ་ལའི་བླ་མ་མཆོག་རྟ་དབང་དུ་འབྱོར་རྒྱུའི་ཉིན་གཅིག་གི་སྔོན་ཏེ་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་སྟེང་གལ་སྲིད་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མར་མུ་མཐུད་འགྲུལ་བཞུད་བྱ་བཅུག་ཚེ་པེ་ཅིན་གྱིས་”ཁུ་ཚུར་ལ་ཁུ་ཚུར་གྱིས་ལན་འདེབས་བྱ་རྒྱུར་ཐེ་ཚོམ་བྱེད་མི་སྲིད་”ཅེས་བཀོད་ཡོད།

ཉམས་ཞིབ་པ་ཚོས་བརྗོད་ན་འགྲུལ་བཞུད་དེའི་གནད་འགག་རང་བཞིན་ནི་ཏཱ་ལའི་བླ་མའི་རྗེས་འཛིན་པ་སུ་ཐོན་སྲིད་མིན་དང། རྗེས་འཛིན་པ་དེ་(དེ་ནི་སྲོལ་རྒྱུན་གྱི་ཆ་ནས་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་པའི་བྱིས་པ་ཞིག་ཡིན་ངེས་)རྒྱ་ནག་གི་གནོན་ཤུགས་ཀྱི་རྭ་བའི་ཕྱི་ནང་གང་དུ་གནས་སྲིད་མིན་གྱི་གལ་ཆེའི་དྲི་བ་དེ་དག་ཡིན་པ་རེད།

བོད་བརྒྱུད་ནང་བསྟན་གྱི་རྟེན་གཞི་གཙོ་བོ་ཞིག་དང་ཏཱ་ལའི་བླ་མ་གོང་མ་ཞིག་གི་འཁྲུངས་ཡུལ། དེ་བཞིན། རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་རྩོད་ལེན་བྱེད་བཞིན་པའི་ས་གནས་རྟ་དབང་ལ་འཆིབས་སྒྱུར་བསྐྱངས་པ་བརྒྱུད་ཁོང་གིས་ཐབས་མཁས་ཀྱི་སྒོ་ནས་པེ་ཅིན་ལ་སུན་གཙེར་བཟོ་བཞིན་ཡོད་ལ། ཁོང་གིས་ད་དུང་ས་གནས་འདི་གའི་མང་ཚོགས་ཁྲོད་ཁོང་གི་ཆོས་བརྒྱུད་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། མ་འོངས་པའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ནུས་པ་ལྡན་པའི་རྨང་གཞི་ཞིག་འདིང་བཞིན་ཡོད་པ་རེད།

ལྡི་ལི་གསར་པའི་སྲིད་འཇུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བྷར་མ་ཆེ་ལཱེ་ནཱེ་ཡིས་”ཁོང་ནི་ཐབས་ལ་མཁས་པའི་བླ་མ་ཞིག་དང་། དུས་རྒྱུན་ཕུགས་རྒྱང་རིང་བོའི་མནོ་བསམ་བཞེས་མཁན་ཞིག་ཡིན་པ་རེད།”ཅེས་དང། “ཁོང་ནི་སེམས་ཚོར་གྱིས་དྲངས་པའི་རྒྱུ་མཚན་གླེང་མཁན་ཞིག་མ་ཡིན། ཁོང་གི་ཨ་རུ་ནཱ་ཅལ་མངའ་སྡེའི་ཆིབས་སྒྱུར་ཐད་སེམས་ཚོར་གྱིས་བསླད་པའི་རྣམ་པ་གང་ཡང་མེད་པ་རེད།”ཅེས་བརྗོད།

རྟ་དབང་ནི་མོན་པ་མང་ཚོགས་ཀྱི་ཁྱིམ་གཞི་ཡིན་ཞིང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཉམས་ལེན་དང་དེ་སྔོན་བྱང་ཕྱོགས་ཀྱི་མེ་ལེ་ ༣༡༦ སར་གནས་པའི་ལྷ་སའི་སྡེ་དཔོན་རྣམས་ལ་ལོ་ཕྱག་ཀྱང་ཕུལ་མྱོང་བ་རེད། ཡུལ་དེར་མི་འབོར་ནི་ ༡༡,༠༠༠ ཙམ་ལས་མེད་ཀྱང་གཞུང་འབྲེལ་མི་སྣ་ཚོས་བརྗོད་ན་ཏཱ་ལའི་བླ་མ་མཆོག་བདུན་ཕྲག་དེའི་ནང་རྟ་དབང་དགོན་དུ་འཆིབས་སྒྱུར་གནང་སྐབས་མི་ཚོགས་ ༦༠,༠༠༠ ལྷག་ཙམ་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་འདུག

དགོན་པ་དེའི་དྲུང་ཆེ་བློ་བཟང་ཁུམ་གྱིས་”‘ང་ཚོས་འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་གྲ་སྒྲིག་བྱས་པ་ཡིན།”ཞེས་དང། “མང་ཚོགས་ཚང་མར་ཁོང་གི་ཞལ་མཇལ་འཐོབ་འདོད་དང། ཁོང་གི་དྲུང་ནས་བྱིན་རླབས་ཞུ་རྒྱུ་དང་ཁོང་གི་ཞབས་ལ་གཏུག་འདོད་ཡོད་པ་རེད། ང་ཚོར་མཚོན་ན་ཏཱ་ལའི་བླ་མ་ནི་ང་ཚོའི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་པ་རེད།”ཅེས་བརྗོད།

མོན་པ་མང་ཚོགས་ཁྲོད་དུ་རྒྱུན་དུ་ནས་དགའ་མོས་ཆེ་ཤོས་བྱེད་པའི་གཏམ་རྒྱུད་ནི་ཚངས་དབྱངས་རྒྱ་མཚོའི་སྐོར་རེད། ཚངས་དབྱངས་རྒྱ་མཚོ་ནི་ ༡༦༨༢ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པར་ངོས་འཛིན་ཞུས་པ་ཞིག་ཡིན། འདི་ཁུལ་གྱི་མང་ཚོགས་ཀྱིས་ཁོང་གི་བྱིས་དུས་ཀྱི་ཁྱིམ་གཞི་རུ་ཁོང་གི་ཡིན་པར་གྲགས་པའི་ཞབས་རྗེས་རབ་རིབ་ཅིག་གསལ་བའི་རྡོ་ཞིག་ཡོད་པ་འདིར་གནས་འཇལ་དུ་འགྲོ་སྲོལ་ཡོད་ཅིང། དད་འདུན་ཆེན་པོའི་སྒོ་ནས་བསྐྱར་དུ་ཡང་སྲིད་ཅིག་འཁྲུངས་སྲིད་སྐོར་ཡང་གླེང་བཞིན་ཡོད།

“ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་རྟ་དབང་དུ་འཁྲུང་རྒྱུ་ནི་འདི་ཁུལ་གྱི་མང་ཚོགས་ཀྱི་སྨོན་འདུན་ཆགས་ཡོད།”ཅེས་རྟ་དབང་གི་རྫོང་དཔོན་གཞོན་པ་སངས་ཕུན་ཚོགས་ཀྱིས་བརྗོད། ས་གནས་གྲོས་ཚོགས་ཀྱི་ཚོགས་མི་ཚེ་རིང་བཀྲ་ཤིས་ཀྱིས་མི་སྐྱ་ཞིག་ཡིན་པའི་ཆ་ནས་དེའི་ཐོག་བརྗོད་རྒྱུ་གང་ཡང་མེད་ཅེས་བརྗོད་ནའང་མཐར་ཁོས་རང་ཉིད་འགོག་མི་ཐུབ་པར་ “ངའི་རེ་བ་ནི་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་རྟ་དབང་དུ་འཁྲུང་རྒྱུ་དེ་ཡིན་”ཞེས་དང། “དེ་ནི་ངས་གང་བརྗོད་འདོད་པ་དེ་ཡིན་” ཞེས་བརྗོད།

ཏཱ་ལའི་བླ་མ་མཆོག་གིས་ཁོང་གི་རྗེས་འཛིན་པ་ཇི་ལྟར་འདེམས་ཕྱོགས་ཐད་ཁ་གསལ་གང་ཡང་གནང་གི་མེད། དེ་སྔོན་དགེ་འདུན་པ་ཚོས་ཏཱ་ལའི་བླ་མ་སྐུ་ཐོག་གོང་མ་འདས་གྲོངས་སུ་གྱུར་རྗེས་དག་སྣང་དང་ལྷ་བླ་མའི་ལུང་བསྟན་ལ་བརྟེན་ཏེ་ཡང་སྲིད་དུ་འཁྲུངས་པའི་བྱིས་པ་རྩད་གཅོད་དང་། བྱིས་པ་དེ་ཡང་སྲིད་འཁྲུལ་མེད་ཡིན་པར་གཏན་འཁེལ་བྱེད་ཆེད་བྱིས་པ་དེར་སྐུ་ཐོག་གོང་མའི་ཅ་དངོས་རྣམས་ངོས་འཛིན་བྱེད་དུ་འཇུག་པའི་སྒོ་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་། བརྟག་དཔྱད་བྱེད་ཐབས་དེས་བོད་བརྒྱུད་ནང་བསྟན་ནང་མ་མཐར་ཡང་ལོ་ངོ་གཅིག་ཙམ་གྱི་རིང་དབུ་འཁྲིད་ཅིག་མེད་པར་གནས་སུ་འཇུག་སྟེ་རྒྱ་ནག་ལ་ཁོང་ཚོའི་ཡང་སྲིད་ཀྱི་འོས་མི་འདེམས་སྒྲུག་དང་ངོས་འཛིན་གྱིས་ཁྱབ་བསྒྲགས་གཏོང་བའི་གོ་སྐབས་ཤིག་སྦྱིན་གྱི་ཡོད། ཏཱ་ལའི་བླ་མ་མཆོག་གིས་སྲོལ་རྒྱུན་གྱི་འདེམས་སྒྲུག་ལམ་སྲོལ་དེ་དོར་ཏེ་ཁོང་སྐུ་འཚོ་བཞུགས་རིང་ཁོང་ཉིད་ཀྱིས་བྱིས་པ་ཞིག་གམ། ཡང་ན་ལོ་ན་དར་ལ་བབ་ཟིན་པ་ཞིག་ཁོང་གི་རྗེས་འཛིན་མི་སྣར་འདེམས་སྲིད་སྐོར་གོ་བརྡ་སྤྲད་ཡོད།

ཁཱོ་ལུམ་སྦཱི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་རོ་སྦརཌ་ཇེ་སྦར་ནེཌ་ཡིས་བརྗོད་ན། སྐབས་འགར་བོད་བརྒྱུད་ནང་བསྟན་གྱི་བླ་མ་རྒན་གྲས་ཚོས་རྗེས་ཕྱོགས་རང་ཉིད་ཀྱི་ཡང་སྲིད་འཁྲུང་ངེས་པའི་ས་ཕྱོགས་སུ་གཟིགས་སྐོར་དུ་བསྐྱོད་སྲོལ་ཡོད་པས་ཏཱ་ལའི་བླ་མ་མཆོག་གི་སོག་ཡུལ་དང་རྟ་དབང་གི་གཟིགས་སྐོར་དེའང་རྣམ་པ་དེ་འདྲ་བ་ཞིག་ཆགས་ཡོད་པའི་མཐོང་སྣང་ཞིག་ཡོད་པ་རེད། ཁོང་གིས་ “དེ་ནི་ཡང་སྲིད་རྗེས་མ་དེ་གང་དུ་འཁྲུང་རྒྱུའི་ཐད་རྒྱ་ནག་གིས་སྟངས་འཛིན་བྱེད་ཐུབ་ཐབས་མེད་པར་ར་སྤྲོད་དང་དྲན་གསོ་གཏོང་བའི་སྒོ་ནས་རྒྱ་ནག་ལ་སུན་གཙེར་བཟོ་བའི་རྣམ་པ་ཞིག་ཡིན་པ་རེད་” ཅེས་བརྗོད།

བདུན་ཕྲག་དེའི་ནང་ཏཱ་ལའི་བླ་མ་མཆོག་རྟ་དབང་དུ་ཕེབས་འབྱོར་གནང་རྒྱུ་ཐག་ཇེ་ཉེར་སོང་བ་དང་སྦྲགས་རྒྱ་ནག་གི་བསྒྲགས་གཏམ་ཡང་དྲག་རྩུབ་ཇེ་ཆེར་ཕྱིན། དེ་ནི་བོད་ཀྱི་དབུ་ཁྲིད་ཁོང་ལ་ཁ་ཡ་མི་བྱེད་རྒྱུར་རྒྱལ་ཁབ་གཞན་མང་དག་ཅིག་གི་དཔོན་རིགས་ཁག་ལ་གནོན་ཤུགས་སྤྲད་པའི་ནང་ལམ་ལྷོངས་བྱུང་བའི་ཐབས་ཤེས་ཤིག་ཡིན་པ་རེད།

རེས་གཟའ་ལྷག་པའི་ཉིན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མས་ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ནི་རྒྱ་གར་གྱིས་ “ཨུ་ཚུགས་མཐར་སྐྱེལ་གྱི་སྒོ་ནས་གོ་སྒྲིག་ཞུས་པ་”ཞིག་ཡིན་པས་དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་” གནོད་སྐྱོན་ཚབས་ཆེན་”བཏང་ཡོད་པར་བརྗོད། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གཞུང་གཉེར་དྲ་ཚིགས་རྒྱལ་སྤྱིའི་དུས་བབ་སྟེང་། རྒྱ་ནག་གིས་ཀསྨིར་ནང་ཡོད་པའི་རྒྱ་གར་ལ་མ་དགའ་བའི་དམག་མི་གྱེན་ལངས་པ་ཚོར་རོགས་སྐྱོར་བྱས་ཏེ་རྒྱ་གར་ལ་འཁོན་ལན་སློག་སྲིད་པའི་བསམ་ཚུལ་བཀོད་ཡོད།

དྲ་ཚིགས་དེའི་ནང་ཟུར་ཟའི་སྒོ་ནས་”མཇུག་འབྲས་དེར་རྒྱ་གར་གྱིས་འགན་བློས་བཟོད་ཐུབ་བམ་”ཞེས་དང་། “རྒྱལ་དམངས་ཐོན་སྐྱེད་རྒྱ་གར་ལས་ལྡབ་འགའ་ཞིག་གིས་མཐོ་བ་ཡོད་ཅིང། དམག་གི་སྟོབས་ཤུགས་ཆ་ནས་རྒྱ་གར་གྱི་རྒྱ་མཚོར་སླེབས་ཐུབ་པ་དང། རྒྱ་གར་མཐའ་འཁོར་གྱི་རྒྱལ་ཁབ་རྣམས་དང་འབྲེལ་ལམ་བཟང་པོ་ཡོད་པའི་ཐོག་རྒྱ་གར་གྱི་བརྟན་བརླིང་མེད་པའི་ནུབ་ཁུལ་མངའ་སྡེའི་ས་མཚམས་རྣམས་རྒྱ་ནག་དང་འབྲེལ་ཡོད་སྟབས་པེ་ཅིན་ལྡི་ལི་གསར་པའི་ལག་ནས་ཕམ་ཉེས་བྱུང་སྲིད་དམ།”ཅེས་པའི་དྲི་བ་ཡང་བཀོད་ཡོད།

སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་གྱིས་རྒྱ་ནག་ལ་ཁོང་ཁྲོ་བསླང་རྒྱུར་འཛེམས་ཟོན་ཅི་ཆེ་བྱེད་ཀྱིན་ཡོད་མོད། འོད་ཀྱང་གཞུང་འབྲེལ་མི་སྣ་འགའ་ཞིག་གི་ལན་འདེབས་ནང་འཁྲུག་རྩོད་སློང་གཞིའི་རྣམ་པ་རྒྱུན་ལྡན་མ་ཡིན་པ་དེ་འདྲའང་མངོན་གྱི་ཡོད། ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོས་བདུན་ཕྲག་དེའི་ནང་རྒྱུན་ལྡན་མ་ཡིན་པའི་གོམ་སྟབས་ཤིག་སྤོས་ཏེ། རྒྱ་གར་གྱི་ཁྱིམ་མཚེས་ངོ་མ་ནི་རྒྱ་ནག་མ་ཡིན་པར་རང་བཙན་ལྡན་པའི་བོད་ཡིན་པའི་གཏམ་བཤད་སྤེལ་ཡོད། མཁའ་འགྲོས་ “ངས་སྐད་ཆ་ཐད་ཀར་བཤད་ན་རྒྱ་ནག་གིས་ང་ཚོར་ག་རེ་བྱེད་དགོས་དང་ག་རེ་བྱེད་མི་དགོས་པའི་སྐད་ཆ་བཤད་པའི་དབང་ཆ་མེད། གང་ཡིན་ཟེར་ན་རྒྱ་ནག་ནི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མ་རེད།” ཅེས་གསར་འགོད་པ་རྣམས་ལ་བརྗོད་ཡོད།

ཏཱ་ལའི་བླ་མ་ཁོང་རང་གིས་ཁོང་གི་རྗེས་སུ་བསྙེགས་པའི་གསར་འགོད་པའི་འདུ་ཚོགས་ཁྲོད་རྒྱུན་ལྡན་རང་བཞིན་གྱི་དགོད་བྲོའི་རྣམ་པ་དང་བཅས་ཏེ། ཀོན་ཊམ་དངོས་ཁམས་རིག་པ་ནས་བཟུང་སྟེ་རྒྱལ་སྤྱིའི་ཚ་དྲོད་འཕེལ་བའི་གནས་དོན་བར་གྱི་བརྗོད་གཞི་ཁག་གི་ཐོག་ལ་འཛུམ་མདངས་ཀྱི་སྤྲོ་སྣང་མངོན་བཞིན་པའི་སྒོ་ནས་འགྲེལ་བརྗོད་གནང་ཡོད། སྐུ་ཞབས་སྦར་ནེཌ་ཡིས་བརྗོད་ན་ཁོང་གིས་སྤྱིར་བཏང་བྱ་སྤྱོད་གང་ཡང་སྤེལ་དགོས་དོན་མེད་པ་རེད།

ཁོང་གིས་”ཁོང་གིས་བྱ་སྤྱོད་གང་ཡང་སྤེལ་མི་དགོས་པར་སྐུ་འཚོ་བཞུགས་གནང་སྟེ་ཁོང་རང་ཉིད་ཀྱི་རྒྱུན་ལྡན་གྱི་མཛུམ་མདངས་རང་བཞིན་གྱི་རྣམ་པར་བཞུགས་ནས་རྒྱ་ནག་ལ་ངོ་ཚ་ཁ་སྐྱེངས་བཟོས་ན་དེ་ཡིས་འགྲིགས་པ་རེད”ཅེས་དང། “ཁོང་ནི་ས་མཚམས་ཀྱི་ཕྱོགས་སུ་ཕེབས་སྲིད་ལ། ཁོང་རང་དབང་ཡོངས་སུ་ལྡན་པའི་མི་ཞིག་གི་རྣམ་པར་བཞུགས་ངེས་རེད། དེ་བཞིན། རྒྱ་ནག་གི་མངའ་ཁོངས་ནས་མི་ཊར་འགའ་ཞིག་ལས་མེད་པའི་ཕྱོགས་སུ་གནས་སྲིད། དེ་ལྟར་ནའང་རྒྱ་ནག་གིས་དེའི་ཐད་གང་ཡང་བྱེད་ཐུབ་པ་མ་རེད” ཅེས་བརྗོད།

ཏཱ་ལའི་བླ་མ་མཆོག་གིས་ ༡༩༥༩ ལོར་རྒྱ་མིའི་དམག་མིས་ལྷ་སའི་ནང་དམག་གི་དྲག་གནོན་བྱས་སྐབས་ཁོང་གིས་བརྫུས་ཆས་སྤྲས་ཏེ་སྐུ་འཁོར་གྱི་ཚོགས་ཁག་ཆུང་ངུ་ཞིག་དང་ལྷན་དུ་རི་རྒྱུད་མང་དག་ཅིག་བརྒལ་ཏེ་བདེ་འཇགས་ཀྱི་དོན་དུ་བོད་ནས་རྟ་དབང་ཕྱོགས་སུ་བྲོས་འབྱོལ་དུ་ཕེབས་སྐོར་དྲན་གསོ་གནང་ཡོད།

བདུན་ཕྲག་དེའི་ནང་སྐབས་འདིའི་ཉིན་མཐའ་མ་གསུམ་གྱི་རིང་ཁོང་གི་སྐུ་སྲུང་དུ་བཅར་བའི་རྒྱ་གར་གྱི་དམག་མི་ད་ཆ་དགུང་གྲངས་ ༧༦ ཏུ་སོན་པ་ནཱ་རེན་ཆཱང་རྡ་ར་རྡ་སི་དང་བསྐྱར་དུ་ཐུག་འཕྲད་བྱུང་ཡོད། ལུས་ཤིན་ཏུ་ནས་བསྐམས་ཤིང་མིག་ལ་སྐྱ་འགྲིབ་ཕོག་པའི་དམག་མི་ཟུར་པ་ཁོང་དང་དགོད་བྲོའི་འཛུམ་མདངས་ཀྱིས་ཁེངས་ཤིང་མཁུར་ཚོས་དམར་དོག་ཅན་གྱི་ནང་པའི་དགེ་སློང་ཁོང་རྣམ་གཉིས་ཀྱིས་པར་ཆས་ཀྱི་མདུན་དུ་ཕན་ཚུན་འཐམ་ཏེ་བཞུགས། སྐུ་ཞབས་རྡ་སི་ཡིས་”ང་རྒད་པོར་གྱུར་ཡོད་ནའང་ཁོ་ནི་སྔར་རྒྱུན་བཞིན་བཞུགས་འདུག ཁོང་ནི་མི་ཆེན་པོ་ཞིག་རེད། ཁོང་བོད་ཀྱི་རྒྱལ་པོ་རེད།”ཅེད་བརྗོད།

བསྐྱར་བཅོས།: ༢༠༡༧/༠༤/༡༤

Leave a Reply

2 thoughts on “ཏཱ་ལའི་བླ་མའི་གཟིགས་སྐོར་དང་རྒྱ་ནག་གི་ཁོང་ཁྲོ། དེའི་བར་ན་ཁོང་གི་ཡང་སྲིད་གནད་དོན།

  1. ཏ་ལི་བླ་མ་སྐུ་ཕྲེང་དྲུག་པ་དེ་༡༩༨༢ལོ་ལ་འཁྲུངས་པ་རེད་དམ།
    བྱས་ན་ད་ལྟའི་ཏ་ལི་བླ་མ་དེ་སྐུ་ཕྲེང་ག་ཚོད་རེད། ཕྱི་ལོ་གང་ལ་འཁྲུངས་པ་རེད་དམ།

  2. འབྲོག་གཅེར་བུ།

    ཚངས་དབྱངས་རྒྱ་མཚོ་ནི་ ༡༩༨༢ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པར་ངོས་འཛིན་ཞུས་པ་ཞིག་ཡིན།
    ལོ་ཚིགས་འདི་བཏེགས་ནོར་ཐེབས་པ་འདྲ། ༡༦༨༢་ལོ་ཡིན་དགོས་སྙམ།