ཐའེ་ཝན་གྱི་མི་སེར་རྒྱ་ནག་ལ་རྩིས་སྤྲད་པ།

སཱི་པཱན་གཞུང་གིས་ཐའེ་ཝན་གྱི་མི་སེར་ཡིན་པའི་ཁྲིམས་འགལ་ཚོང་ལས་གཉེར་བའི་དོགས་ཡོད་ཉེས་ཅན་ ༢༠༠ ལྷག་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དེས་ཐའེ་ཝན་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༢ ཉིན་སཱི་པཱན་རྒྱལ་ཁབ་ཀྱིས་ཐའེ་ཝན་གྱི་མི་སེར་ཡིན་པའི་ཁ་པར་སྐུད་ལམ་ནས་གཞན་ལ་མགོ་སྐོར་བསླུ་བྲིད་གཏོང་མཁན་དོགས་ཡོད་ཉེས་ཅན་ ༢༠༠ ལྷག་འཛིན་བཟུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་འདུག དོགས་ཡོད་ཉེས་ཅན་དེ་དག་གིས་སི་པཱན་གྱི་གྲོང་ཁྱེར་མཱ་ཌིར་ཊི་(Madrid)དང་། བྷར་སི་ལོ་ནཱ་(Barcelona)གཙོ་བྱས་བའི་གྲོང་ཁྱེར་ཆེ་ཁག་ནང་ཁ་པར་ལྟེ་གནས་བཙུགས་ཏེ། ཐབས་ལམ་འདྲ་མིན་ཐོག་ནས་མི་གཞན་ལ་མགོ་གཡོག་མགོ་སྐོར་བཏང་སྟེ་དངུལ་གཡོ་ལེན་བྱེད་བཞིན་ཡོད་འདུག

ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་སྒྲིག་འཛུགས་ལྟར་ན་མི་དེ་དག་རྒྱ་ནག་དང་འབྲེལ་ཡོད་ཆགས་ཡོད་སྟབས། སཱི་པཱན་གཞུང་གིས་ཐད་ཀར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཞིག་ཡིན་པ་དང་། གནས་ཚུལ་དེས་ཐའེ་ཝན་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་འདུག ཐའེ་ཝན་ཕྱི་སྲིད་བློན་ཆེན་གྱིས་ཐེངས་འདིར་སཱི་པཱན་གཞུང་གིས་ཐའེ་ཝན་གྱི་མི་སེར་ཡིན་པའི་དོགས་ཡོད་མི་སྣ་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་ཐག་གཅོད་དེར་བློ་ཕམ་ཆེན་པོ་ཡོད། ཅེས་བརྗོད་འདུག

ཕྱི་ཚེས་ ༡༧ ཉིན་སི་པཱན་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོས་འདས་པའི་ལོ་གཅིག་རིང་སི་པཱན་གྱི་གྲོང་ཁྱེར་ཁག་མང་པོར་ནག་ཚོང་ལས་གཞིར་རྟོག་ཞིབ་བྱས་པ་བརྒྱུད་དེ་རྒྱ་ནག་གི་དོགས་ཡོད་ཉེས་ཅན་ ༢༦༩ ཕྱིར་སློག་གཏོང་རྒྱུའི་ཐག་གཅོད་བྱས་བ་ཡིན། ཞེས་བསྒྲགས་ཡོད་འདུག

ཁ་པར་སྐུད་ལམ་ནས་ཁྲིམས་འགལ་ལས་ཀ་བྱས་པའི་དོགས་ཡོད་མི་སྣ་ཁྱོན་ ༨༣༩ ཙམ་ལ་ཉེས་ཆད་ཕོག་ཡོད་པ་དང་། ཁ་པར་ལྟེ་གནས་དེས་ད་བར་རྒྱ་སྒོར་ས་ཡ་ ༡༢༠ (ཨ་སྒོར་ས་ཡ་ ༡༧།༥)ཡིས་ནག་ཚོང་བརྒྱབ་ཡོད་སྐོར་སི་པཱན་ཁྲིམས་ཞིབ་ཁང་གིས་བརྗོད་འདུག

ཨཱ་ཧྥི་རི་ཁའི་རྒྱལ་ཁབ་ཁཱན་ཡཱ་ (Kenya)དང་། ཁཱམ་པོ་ཌི་ཡ་ (Cambodia)། ཨར་མཱ་ནཱི་ཡ་ (Armenia)སོགས་ཀྱིས་ཐའེ་ཝན་གྱི་ཉེས་ཅན་རིགས་འཛིན་བཟུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱིན་ཡོད་པའི་དོགས་པ་ཡོད་ཅེས་ཐའེ་ཝན་གཞུང་གིས་བརྗོད་ཡོད་ཡོད་པ་དང་། ད་ཐེངས་སཱི་པཱན་གྱིས་ཐའེ་ཝན་གྱི་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་བྱས་བ་ཐོག་མ་དེ་ཆགས་ཡོད་འདུག

རྒྱ་ནག་དང་ཐའེ་ཝན་ཚོང་དོན་ཉམས་ཞིབ་པ་ཨན་ཧྥི་ཧྲན་(An Fengshan)ལགས་ཀྱིས་གསར་འགོད་པར། ཐེངས་འདིར་སཱི་པཱན་གཞུང་གིས་དོགས་ཡོད་ཉེས་ཅན་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱེད་དོན་ནི། ཉེས་ཅན་པ་དང་བསླུ་བྲིད་བྱ་ཡུལ་གཉིས་ཀ་རྒྱ་ནག་དང་འབྲེལ་བ་ཡོད་སྟབས། ཐའེ་ཝན་དང་རྒྱལ་སྤྱིའི་ངོས་ནས་འདི་ལ་ཁས་ལེན་བྱེད་དགོས་ཁེལ་ཡོད། ཅེས་བརྗོད་འདུག

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། རྒྱ་ནག་གཞུང་གིས་རྒྱུན་པར་ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཅིག་དང་། རྒྱ་ནག་གི་མངའ་ཁོངས་ལས་ལོགས་སུ་ཆད་པའི་མངའ་སྡེ་ཞིག་ཡིན་སྟབས། ཐའེ་ཝན་ལ་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཀྱི་འབྲེལ་ལམ་བྱེད་པའི་ཐོབ་ཐང་མེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་དང་། པཱེ་ཅིན་ནི་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཚུལ་རྗོད་ཀྱི་ཡོད།

ཐའེ་ཝན་ནི་ཕྱི་ལོ་ ༡༩༤༥ ལོར་དམར་ཤོག་ཚོགས་པ་དང་དམག་འཁྲུག་(གོ་མན་ཏང་དང་གུང་ཁྲན་ཏང་བར་གྱི་དམག་འཁྲུག)ཕམ་ཉེན་བྱུང་རྗེས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐའེ་ཝན་མཚོ་གླིང་དུ་བྲོས་ཡོད་པ་དང་། རྒྱ་ནག་གིས་ད་བར་ཐའེ་ཝན་ལ་དམག་འཁྲུག་བརྒྱབ་སྟེ་ཕྱིར་རྒྱ་ནག་མངའ་ཁོངས་སུ་བསྡུ་ཐབས་བྱས་མེད་ཀྱང་། ན་ནིང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། ལྕམ་ཚཱེ་ཡཱི་བཱན་ (Tsai Ing-wen)ཐའེ་ཝན་གྱི་སྲིད་འཛིན་ཆགས་རྗེས། ཐའེ་ཝན་རྒྱ་ནག་ལས་ལོགས་སུ་སྡོད་འདོད་ཀྱི་རང་བཙན་ལྟ་བ་ཤུགས་ཆེ་རུ་ཕྱིན་ཏེ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་ཆབ་སྲིད་གོ་སྐབས་བརྩོན་ལེན་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཐའེ་ཝན་གྱིས་སྔར་བཞིན་རྒྱ་ནག་གི་མངའ་ཁོངས་ཡིན་པ་ངོས་ལེན་བྱས་ན་ལེགས་ཚུལ་དང་། གལ་སྲིད་དེ་ལྟར་མ་བྱས་ཚེ་དྲག་པོའི་དམག་འཁྲུག་གི་ལམ་ནས་རྒྱ་ནག་གཅིག་གྱུར་བཟོ་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་ཅེས་སོགས་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply