ཐའེ་ཝན་གྱིས་རྒྱ་ནག་དང་ཚོང་འབྲེལ་ཡར་རྒྱས་གཏོང་འདོད་ཡོད་པའི་རྣམ་འགྱུར་བསྟན།

ཐའེ་ཝན་སྲིད་བློན་གྱིས་ཐའེ་ཝན་གྱིས་ལྷོ་ཤར་ཨེ་ཤ་ཡར་ཚོང་འབྲེལ་བརྒྱུད་དེ་ཐའེ་རྒྱ་གཉིས་བར་བཟང་ཕྱོགས་ཀྱི་ཚོང་འབྲེལ་འཛིན་འདོད་ཡོད་ཟེར།

ཐའེ་ཝན་མཚོ་འགག་གི་སྲིད་བློན་ལིན་ཁྲུན་ (Lin Chuan)ལགས་གྱིས། ཐའེ་ཝན་གཞུང་གིས་ལྷོ་ཤར་ཨེ་ཤ་ཡ་དང་ཨ་རི་བཅས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་ཐབས་བྱེད་ཀྱིན་ཡོད་ནའང་། ཐའེ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ལ་ཁ་གཏད་གཅོག་རྒྱུ་མིན་ཚུལ་བཤད་ཡོད་པ་དང་། དེ་ནི་ཁོས་སྔོན་ཆད་ཐའེ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་ཁག་ཐག་བྱས་ཡོད་པ་དང་འབྲེལ་ཏེ་བཤད་པ་ཞིག་ཡིན་འདུག

ད་ལྟ་རང་ལོ་ ༦༥ ཡིན་པའི་ཐའེ་ཝན་སྲིད་བློན་ལིན་ཁྲུན་གྱིས། ཟླ་འདིའི་ཕྱི་ཚེས་ ༥ ཉིན། ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ཁོ་རང་གི་གཞུང་ལས་ཁང་དུ། ཕྱི་རྒྱལ་གསར་འགོད་པའི་བཅར་འདྲིའི་སྐབས་ “རྒྱ་ནག་ནི་ཁྲོམ་རྭ་ཆེན་པོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་བཟོ་ལས་ཐོན་སྐྱེད་མང་པོ་ཞིག་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས། ང་ཚོས་གོ་སྐབས་འདི་འདོར་མི་རུང” ཞེས་དང་། “རྒྱ་ནག་སྐམ་ས་ཆེན་མོའི་ནང་ཁྲོམ་རྭ་ཆེན་པོ་ཡོད་སྟབས། ཐའེ་རྒྱ་གཉིས་བར་གྱི་ཚོང་འབྲེལ་དེ་བཟང་ཕྱོགས་ལ་ཡར་རྒྱས་གཏོང་དགོས་པ་ཞིག་ཆགས་ཡོད། དེ་ལྟར་བྱས་ཚེ་ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་མི་སྲིད” ཅེས་བརྗོད་འདུག

སྐུ་ཞབས་ལིན་གྱིས་བརྗོད་དོན། “ཐའེ་ཝན་གྱི་ངལ་རྩོལ་དང་ཚོང་དོན་ཅི་སྲིད་བར་སེམས་ཁྲལ་ཅན་ཆགས་པ་དེ་སྲིད་དུ་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་གཡོལ་མི་རུང་།” ཞེས་ཟེར། ཐའེ་ཝན་སྲིད་བློན་ཆེན་གྱི་གླེང་སློང་དེ་ནི། ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་རྒྱ་གཉིས་བར་འབྲེལ་ལམ་འཛིན་ཕྱོགས་ཐད་གྲོས་འཆར་གསར་བ་ཞིག་འདོན་བཞིན་པའི་སྐབས་དང་འཁེལ་ཡོད།

ལྕམ་ཚའེ་ཡེན་ཝན་གྱིས་སྣེ་འཁྲིད་པའི་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཚོས་ཐའེ་ཝན་སྲིད་འཛིན་ཟུར་བ་སྐུ་ཞབས་མཱ་ཡེན་ཅོ་ཡིས་རྒྱ་ནག་སྐམ་ས་ཆེན་མོར་བསྟུན་ཐབས་བྱེད་པའི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། སྐུ་ཞབས་མཱ་ཡེན་ཅོ་ཡི་སྲིད་འཛིན་ལས་ཡུན་རིང་ཐའེ་ཝན་གྱི་ཕྱིར་འདྲེན་ཚོང་ཟོག་གི་འཁོར་རྒྱུག་བརྒྱ་ཆ་ ༤༡.༨ ཟིན་གྱི་ཡོད་འདུག

སྐུ་ཞབས་ལིན་གྱི་ལས་འགན་གཙོ་བོ་ནི། ལྕམ་ཚའེ་ཡེན་ཝན་གྱི་སྟངས་འཛིན་འོག་ཏུ་ཐའེ་རྒྱ་གཉིས་བར་དཔལ་འབྱོར་འཚོལ་སྒྲུབ་དང་འབྲེལ་ལམ་འཛིན་ཕྱོགས་སྐོར་ཡིན། སྐུ་ཞབས་ལིན་ལགས་ཀྱིས་ཐའེ་ཝན་མཚོ་འགག་གིས་རྒྱ་ནག་སྐམ་ས་ཆེན་མོར་བསྟུན་དགོས་པ་མ་ཟད། ཕྱོགས་མཐུན་རྒྱལ་ཁབ་གཞན་དག་གི་ཚོང་འབྲེལ་དམ་འཛིན་བྱེད་འདོད་ཡོད་ཀྱང་། རྒྱ་ནག་གིས་འབྲེལ་ལམ་དེས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཟོ་སྲིད་ཅེས་བཤད་ཀྱི་ཡོད་སྐོར་བརྗོད།

རྒྱལ་ས་ཐའེ་པེ་ནང་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་ (CSWS) གི་འགན་འཛིན་སྐུ་ཞབས་ཧུང་ (Alexander Huang) ལགས་ཀྱིས། སྐུ་ཞབས་ལིན་ཁྲུན་གྱིས་བཤད་པའི་སྐད་ཆ་དེས་ད་ཆར་ཐའེ་ཝན་མཚོ་འགག་ལ་འཕྲད་བཞིན་པའི་དོན་དངོས་མང་པོ་ཞིག་བསྟན་ཡོད་པ་རེད་ཟེར། སྐུ་ཞབས་ཧུང་གིས་བརྗོད་དོན། “ཐའེ་ཝན་གྱི་ (FTG) དང་ (SM) ལྟ་བུའི་བཟོ་ལས་ཐོན་གཉེར་ཁང་མང་པོ་ཞིག་ཐའེ་ཝན་གཞུང་ལས་རྒྱ་ནག་སྐམ་ས་ཆེན་མོར་བསྟུན་དགོས་པ་ཞིག་ཆགས་ཡོད”ཅེས་ཟེར།

ན་ནིང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གི་མཐུན་ཕྱོགས་གོ་མན་ཏང་ཚོགས་པ་ཕམ་ཉེས་སུ་བཏང་རྗེས། ཕྱི་འབྲེལ་ཐད་ནས་རང་སྲིད་རང་སྐྱོང་གི་ཚུལ་དུ་གནས་པའི་ད་ལྟའི་ཐའེ་ཝན་གཞུང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་གྱི་འགལ་བ་ཇེ་ཆེར་ཕྱིན་ཡོད། ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡིན་ཝུན་གྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་གི་དམག་དཔུང་ཉུང་དུ་གཏོང་དགོས་སྐོར་དང་། དཔལ་འབྱོར་ཐད་ནས་ཐའེ་ཝན་མཚོ་འགག་རྒྱ་ནག་ལ་བསྟུན་དགོས་པའི་གོ་མན་ཏང་གཞུང་གི་ལངས་ཕྱོགས་བཅས་ལ་ངོས་ལེན་བྱས་མེད་པ་དང་། ཁོང་མོས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་མ་བྱས་པ་སོགས་ཀྱིས་པེ་ཅིན་གཞུང་ལ་དོ་ཕོག་ཆེན་པོ་བཏང་ཡོད།

འདི་ལོའི་ཕྱི་ཟླ་ ༣ ནང་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་དང་ཨ་རི་གཉིས་ཀྱིས་ཚོང་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་རིགས་ཀྱི་ཐོག་གྲོས་མོལ་བྱེད་དགོས་སྐོར་བཤད། ཁོང་མོས་བརྗོད་དོན། “ཕྱོགས་གཉིས་ནས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཚོང་འབྲེལ་གྲོས་མོལ་བྱས་པ་བརྒྱུད་དེ། ཕྱོགས་གཉིས་བར་ཚོང་འབྲེལ་གྲོས་ཆོད་གསར་བ་འཇོག་པའི་ཕྱོགས་སུ་འབད་བརྩོན་བྱེད་དགོས”ཞེས་ཟེར་ལ། ཐའེ་ཝན་ནང་ཡོད་པའི་ཨ་རིའི་ཁེ་ལས་སྒྲིག་འཛུགས་ (AIT) ཀྱི་འགན་འཛིན་སྐུ་ཞབས་ཁེན་མའོ་ (Kin Moy) ལགས་ཀྱིས། ཚོང་འབྲེལ་དང་མ་དངུལ་འཛུགས་སྐྲུན་གྲོས་ཆོད་བརྒྱུད། ཕྱོགས་གཉིས་བར་གྱི་རྩོད་རྙོག་ཐོག་གྲོས་མོལ་བྱེད་ཐུབ་སྐོར་བརྗོད་ཡོད།

ལྕམ་ཚའེ་ཡེན་ཝན་གཞུང་གིས་ཨོ་སི་ཊིར་ལེ་ཡ་དང་ནེའུ་ཙི་ལན་ཌི། དེ་བཞིན། ལྷོ་ཤར་ཨེ་ཡའི་ཚོང་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༡༠ དང་ལྷོ་ཨེ་ཤ་ཡའི་ཚོང་འབྲེལ་རྒྱལ་ཁབ་ ༦ བཅས་ལ་ཚོང་འབྲེལ་འཛིན་གྱི་ཡོད། ཐའེ་ཝན་ནང་སྲིད་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། ཕྱི་ཟླ་ ༡ ནས་ ༣ པའི་བར་ཐའེ་ཝན་ནང་གོང་ཞུས་ས་ཁུལ་དེ་དག་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༢༣ དང་སྤྱི་བསྡོམས་མི་གྲངས་ས་ ༡.༦༣ ཟིན་ཡོད་འདུག

སྐུ་ཞབས་ལིན་གྱི་བརྗོད་དོན། “རྒྱ་ནག་གིས་དེ་ནི་ཆབ་སྲིད་དཀའ་རྙོག་ཅིག་ཏུ་མ་གཏོགས་དཔལ་འབྱོར་དཀའ་ཁག་ཅིག་ཏུ་མཐོང་གི་མེད་སྟབས། རྒྱ་ནག་གི་ལྟ་ཚུལ་དེར་ང་ཚོར་བློ་ཕམ་ཡོད” ཅེས་དང་། “རྒྱ་ནག་གིས་ལས་དོན་དེ་དག་ལ་བསམ་བློ་ཞིབ་མོ་གཏོང་དགོས” ཞེས་དང་། “གལ་ཏེ་ཐའེ་ཝན་མཚོ་འགག་གིས་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་ལེགས་པོ་འཛུགས་ཐུབ་པ་ཡིན་ན། དེ་ནི་ཐའེ་ཝན་ཙམ་མ་ཟད་རྒྱ་ནག་ལའང་ཕན་ཐོག་ལེགས་པོ་ཡོད”ཅེས་སོགས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༨

Leave a Reply