ཐའེ་ཝན་གྱིས་རྒྱ་གར་ལ་གྲོགས་པོ་བསྒྲིག་མི་ཆོག

རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་དང་ཐའེ་ཝན། ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་བཅས་ལ་བརྟེན་ནས་རྒྱ་ནག་ལ་དོ་ཕོག་བཟོ་ཡི་ཡོད་ཀྱང་། རྒྱ་ནག་ལ་མ་བསྟུན་པར་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་འགྲུབ་མི་སྲིད་ཟེར།

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གུང་ཧྲུན་ (Geng Shuang) གྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཐའེ་ཝན་མཚོ་འགག་ལ་ཕྱི་འབྲེལ་འཛིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ཐའེ་ཝན་མཚོ་འགག་གི་དཔོན་རིགས་ཚོ་ནམ་རྒྱུན་རྒྱ་ནག་ནང་ཚོང་དོན་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་ཆེད་ཡོང་གི་ཡོད་པ་ལྟར། རྒྱ་གར་ནང་ཚོང་དོན་དང་ཆོས་དོན། ཡུལ་སྐོར་སྤྲོ་འཆམ་ཀྱི་ཆེད་དུ་ཕྱིན་ཆོག་ཀྱང་རྒྱ་ནག་གི་ནང་སྲིད་དང་འབྲེལ་བའི་ལས་དོན་རིགས་གླེང་སློང་བྱས་མི་ཆོག རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས། ཅེས་བཤད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཐའེ་ཝན་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཀུན་པེ་ལིན་ (Kuan Bi-ling) གྱི་སྣེ་ཁྲིད་འོག ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནང་གཟིགས་སྐོར་དུ་ཡོང་ཡོད་པ་དང་། ཐའེ་ཝན་ཕྱོགས་ནས་གཟིགས་སྐོར་དེ་ནི་ཚོང་དོན་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་སྐོར་བཤད་ཀྱང་། རྒྱ་ནག་གིས་དེ་ནི་ལྕམ་ཚའེ་ཡེན་ཝན་གྱིས་མུ་མཐུད་ཐའེ་ཝན་རང་བཙན་བྱེད་ཐབས་སུ་རྒྱལ་ཁབ་གཞན་ལ་ངན་འབྲེལ་བྱས་པ་ཞིག་ཡིན་པར་དོགས་པ་ཟོས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཅེས་པའི་དྲ་ཚིགས་སྟེང་། དེ་སྔོན་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་ཚུལ་བཤད་པ་དང་འདྲ་བར་དེང་སྐབས་རྒྱ་གར་གཞུང་གིས་ཀྱང་ཏཱ་ལའི་བླ་མ་དང་ཐའེ་ཝན་རྩོད་རྙོག རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་བཅས་ཀྱི་ཐད་རྒྱ་ནག་ལ་དོ་ཕོག་བཟོ་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་མགྲོན་འབོད་བྱས་པ་ལྟར་ཐའེ་ཝན་གྲོགས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་གར་ནང་སྐོར་སྐྱོད་བྱས་ཡོད་པ་དང་། དེ་ནི་ལྕམ་ཚའེ་ཡེན་ཝན་གཞུང་ཕྱོགས་ཀྱི་གཟིགས་སྐོར་ཐེངས་དང་པོ་ཡིན་ཚུལ། རྒྱ་གར་ལ་མཚོན་ན་རྒྱ་ནག་གི་ལམ་གཅིག་རྒྱུད་གཅིག་གི་དཔལ་འབྱོར་སྲིད་ཇུས་ལ་མ་བསྟུན་པར། ཐའེ་ཝན་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་བརྟེན་ནས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་མི་འགྲུབ་པའི་སྐོར། ཉིན་ཞིག་ལ་རྒྱ་ནག་གིས་ཐའེ་རྒྱ་གཉིས་གོང་བུ་གཅིག་གྱུར་བཟོ་རྒྱུ་ཡིན་སྟབས། རྒྱ་གར་ཚུད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཐའེ་ཝན་ལ་ཕྱི་འབྲེལ་བཟུང་མི་ཆོག་སྐོར་སོགས་བཀོད་འདུག

གཞན། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། ཐའེ་ཝན་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཀུན་པེ་ལིན་ (Kuan Bi-ling) གྱི་སྣེ་ཁྲིད་འོག ཐའེ་ཝན་གྲོས་ཚོགས་འཐུས་མི་གསུམ་ཟླ་འདིའི་ཚེས་ ༡༣ ནས་ཉིན་གསུམ་རིང་རྒྱ་གར་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། སྐབས་དེར་ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཀུན་པེ་ལིན་གྱིས་རྒྱ་གར་གསར་འགོད་པར། ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་འོག ཐའེ་ཝན་གཞུང་མང་གཉིས་དཀའ་རྙོག་ཆེན་པོར་འཕྲད་ཀྱིན་ཡོད་ཀྱང་། ཐའེ་ཝན་ཕྱོགས་ནས་རྒྱ་གར་ཚུད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་སྐོར་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply